ཟངས་དཀར་གྲུབ་སྲས་བཞད་པ་རྡོ་རྗེའི་རྣམ་ཐར།

༈ ཟངས་དཀར་གྲུབ་སྲས་བཞད་པ་རྡོ་རྗེ་ནི། ཡབ་རྣལ་འབྱོར་པ་ངག་དབང་ཚེ་རིང་དང༌། ཡུལ་ལྡེ་དཔལ་འཛོམ་གཉིས་ལ་རིགས་སྲས་ཀུན་བཟང་རྡོ་རྗེ་དང་རྗེ་འདི་བཅས་གཉིས་བྱུང་བའི་ཆུང་ཤོས་སུ། རྫོང་ཁུལ་ནཱ་རོའི་སྒྲུབ་ཕུག་ཏུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་༼༡༧༡༡༽ལོའི་དཔྱིད་ཟླ་བཞི་པའི་ཚེས་བཞིའི་ཐོ་རངས་སུ་འཁྲུངས། ཡབ་ཀྱིས་འདི་རྟ་མགྲིན་ལྷའི་ང་རྒྱལ་གྱི་སྐབས་སུ་བསྒྲུབས་པས། མ་འོངས་པར་ཀུན་དབང་དུ་འདུ་བ་ཞིག་ཡོང་ཡང༌། རཱ་གའི་རྣམ་འགྱུར་ཆེར་བདོ་བ་ཞིག་ཡོང་གསུངས། ཐུགས་རབ་ཆེ་བས་གཞོན་ནུ་ནས་འབྲི་ཀློག་རྣམས་དཀའ་ཚེགས་མེད་པར་མཁྱེན། ཡབ་ལས་རང་ལུགས་ཀྱི་དབང་ལུང་ཁྲིད་ཐབས་ཅད་གསན། སློབ་དཔོན་འབྱོར་ཚེ་རིང་མདུན་ལྷ་བྲིས་སྦྱངས་ནས་མཁས་པར་གྱུར། ལྷོ་འབྲུག་ཏུ་ཕེབས། གདན་ས་སྤུངས་ཐང་དུ་ལོ་དྲུག་བཞུགས་ནས། གཙོ་བོར་རྗེ་མཁན་རབས་བདུན་པ་ངག་དབང་ཕྲིན་ལས་བསྟེན་ཏེ། རྗེ་དེ་ལས་བསྙེན་པར་རྫོགས་ཤིང༌། མཚན་ཚུལ་ཁྲིམས་ཆོས་ཀྱི་འབྱུང་གནས་ཞེས་གནང༌། སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་དཔག་ཏུ་མེད་པ་གསན་བསམ་མཛད། རྩ་བའི་བླ་མར་འཛིན། སློབ་དཔོན་གཞན་ལས་ཀྱང་ལཉྫ་ཝརྟུ་སོགས་རིག་གནས་སྐོར་དང༌། འབྲུག་ལུགས་དཀྱིལ་ཆོག་གར་ཐིག་གི་ཕྱག་ལེན་བཅས་མཐར་ཕྱིན་སྦྱངས། གདན་སར་འཁོར་སྐབས་བལ་ཡུལ་མཆོད་རྟེན་རྣམ་གཉིས་དང་གངས་ཏི་སེ་སོགས་སུ་གནས་སྐོར་ལ་བྱོན། སྐབས་དེར་སྤུ་རངས་ཁོ་ཆགས་དགེ་བཤེས་མདུན་ནས་སྙན་ངག་ལེའུ་གསུམ་ལ་མཁས་པར་སྦྱངས། སླར་རང་ཡུལ་དུ་བྱོན་ནས་གྲུབ་པའི་སློབ་དཔོན་འཇིགས་དབང་རོལ་པའི་རྡོ་རྗེ་ལས་བསྲེ་འཕོ། སྙན་རྒྱུད། བླ་སྒྲུབ་རིམ་གཉིས་གདན་རྫོགས་རྣམས་ཉམས་ཁྲིད་དུ་གསན་ཏེ། དགུང་ལོ་ཞེ་བཞི་ཤིང་ཁྱི་ལོའི་བོད་ཟླ་ལྔ་པའི་ཚེས་དྲུག་ནས་བཟུང་བླ་མ་འཇིགས་དབང་གིས་ཕུག་སྒོ་བསྡམས་པར་གནང་ནས། བུག་སྒོ་འདག་སྦྱར་གྱིས་ཐོག་མར་སྔོན་འགྲོ་དང༌། དེ་ནས་ཟབ་ལམ་བླ་སྒྲུབ་ཐུན་མིན་རིམ་གཉིས་གདན་རྫོགས་ལ་ཚུལ་བཞིན་ཉམས་ལེན་གནང་བས། ཕྱི་རོལ་གྱི་འཛིན་རྟོགས་དབྱིངས་སུ་དག་ནས་བདེ་སྟོང་དབྱེར་མེད་ལ་ངེས་ཤེས་ནང་ནས་རྙེད་དེ། ཕྱི་སྡོམ་པ་མེད་སྙམ་འདྲ་ཡང་དོན་གྱི་དགེ་སློང་འདྲའམ་སྙམ་པའི་དུས་ཚོད་ཅིག་བྱུང་གསུངས། གཞན་ཡང་དཀོན་མཆོག་སྤྱི་འདུས། དྲག་དམར། མི་འཁྲུགས་པ་སོགས་ཀྱི་བསྙེན་པ་བསྐྱལ་ཏེ། རྫོང་ཕུག་ཏུ་སྐུ་མཚམས་ལོ་བཅུ་གཉིས་ཙམ་དང༌། མོན་བོད་མཚམས་ཀྱི་གངས་མགུལ་དུ་དཀའ་ཐུབ་བཅུད་ལེན་ལ་བརྟེན་ནས་བཞུགས་པ་སོགས་དབེན་པའི་གནས་དུ་མར་བསྙེན་སྒྲུབ་ལོ་མང་མཛད་པས། བཀའ་བརྒྱུད་བླ་མའི་བྱིན་རླབས་དང་སློབ་མའི་མོས་གུས་རྟེན་འབྲེལ་འཛོམས་པའི་མཐུ་ལས་ཉམས་རྟོགས་ལེགས་པར་འཁྲུངས་ཏེ་མཁས་གྲུབ་གཉིས་ལྡན་དུ་གྱུར། སྔ་རྗེས་སུ་ཀ་ཎི་ཀའི་གཙུག་ལག་ཁང་དང༌། སྟག་སྣའི་འདུ་ཁང༌། གར་ཞའི་འདུ་ཁང་གི་ལྡེབས་བྲིས་སོགས་མཛེས་ཤིང་དྭངས་བ་འདྲེན་པའི་ཕྱག་ཤུལ་རྣམས་དེང་སང་ཡང་མཇལ་རྒྱུ་ཡོད། སྐུ་དུས་སུ་རྫོང་ཁུལ་དགོན་པར་སྐུ་གསུང་ཐུགས་རྟེན་དང་གསུང་རབ་ཀྱི་པར་ཤིང་མང་པོ་གསར་དུ་བཞེངས་ཤིང༌།…

སྟག་སྣ་སྐུ་ཕྲེང་དང་པོ་བླ་མ་ཀརྨ་བསྟན་འཛིན་གྱི་རྣམ་ཐར།

༈ སྟག་སྣ་སྐུ་ཕྲེང་དང་པོ་བླ་མ་ཀརྨ་བསྟན་འཛིན་ནི། དེ་ཡང་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་སྐབས་སུ་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་ནས། ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་ཏུ་ཆོས་རྗེ་རྨུགས་འཛིན་ལ་དྭགས་སུ་བརྫངས་བར་མཛད། རྒྱལ་པོས་ཆོས་རྗེ་རྨུགས་འཛིན་༼༡༥༤༥་་་༡༦༢༤༽ལ་མཆོད་གཞིས་མང་པོ་ཕུལ་ཏེ། རི་སྟག་འདྲ་བའི་སྣ་སྟེང་དུ་ཐོག་མར་དགོན་པ་གསར་དུ་བཏབ་པས། སྟག་སྣ་དགོན་པ་ཞེས་ཐོགས་སྐད། དེ་ནས་བཟུང་གདན་ས་དེ་ཉིད་དང་འབར་གདན་དགོན་པ་སོགས་ལྷོ་འབྲུག་པའི་དགོན་ལག་མང་པོ་ཞིག་བྱུང་བ་རྣམས་ལ་གཟིགས་རྟོག་གནང་ཕྱིར་འབྲུག་ནས་གདན་འཛིན་བླ་ཚབ་མངག་སྲོལ་བྱུང༌། གདན་འཛིན་བཅུ་དགུ་པ་སྟག་སྣ་སྐུ་ཕྲེང་གཉིས་པ་བླ་མ་བཀྲ་ཤིས་བསྟན་འཕེལ་གྱིས་གནང་བ་ནས་བཟུང་འབྲུག་ནས་བླ་ཚབ་མ་ཕེབས་པར་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་མཛད་པ་ཡིན་ནོ། །དེ་ལྟར་སྟག་སྣ་སྐུ་ཕྲེང་དང་པོ་འདི་ཉིད། བོད་མདོ་ཁམས་སྡེ་དགེའི་ཕྱོགས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཙམ་དུ་འཁྲུངས། ལྷོ་འབྲུག་བྱམས་མགོན་ངག་དབང་རྒྱལ་མཚན་མཆོག་གི་ཡང་སྲིད་ཡིན་པར་གྲགས། སྐྱེ་སྔོན་ལས་འཕྲོ་བཟང་པོའི་མཐུར་བརྟེན། གཞོན་ནུ་ནས་ཆོས་ལ་བགས་ཆགས་བཟང་པོ་སད་ནས་དགུང་ལོ་དགུ་ལ་བོད་ཡུལ་དབུས་སུ་ཕེབས། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེའི་མདུན་དུ་གཙུག་ཕུད་ཕུལ་ཏེ་རབ་ཏུ་བྱུང༌། རྒྱལ་བ་རྒྱ་མཚོའི་དབང་དང་བཀའ་ཆོས་གསན། གནས་ནང་དཔའ་བོ་གཙུག་ལག་དགའ་བ་ལ། སེམས་ཁྲིད་ཞུས་པས་ཉམས་རྟོགས་བཟང་པོ་འཁྲུངས། རྒྱལ་དབང་འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་ལ་བཀའ་ཆོས་མང་པོ་ཞུས། གཞན་ཡང་རིས་སུ་མ་ཆད་པའི་བླ་མ་དུ་མ་བསྟེན། དེ་ནས་སྟོད་ཀྱི་གངས་མཚོ་རྣམས་མཇལ་ཅིང༌། མངའ་རིས་གུ་གེ་བརྒྱུད་གར་ཞ་ལ་བྱོན་པའི་ཚེ། ཟངས་དཀར་དུ་བླ་མ་བཞད་པ་རིན་པོ་ཆེའི་མཚན་གསན་མ་ཐག་དད་པའི་སྤུ་ལོང་གཡོས་ཏེ་རིངས་སྟབས་ཀྱིས་ཕེབས། རྫོང་ཁུལ་གྲོག་མཐའ་ཞེས་པར་བླ་མ་དང་མཇལ། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང༌། དེར་ལོ་གཉིས་ཀྱི་རིང་བཞུགས་ནས་འབྲུག་པ་བཀའ་བརྒྱུད་ཀྱི་ཟབ་ཁྲིད་དབང་ལུང་རྣམས་གསན་བསམ་མཛད། ཛ་ལན་དྷ་ར་སོགས་སུ་སྐོར་གཅིག་བྱོན་ཏེ། ཆོ་འཕྲུལ་དྲག་པོ་བྱུང་ཡང་རོ་སྙོམས་ཀྱི་རྟོགས་པའི་བོགས་ཐོན། རིམ་གྱིས་ཅམ་འབེ་བརྒྱུད་སླར་ཟངས་དཀར་དུ་ཕེབས་ནས་བསྲེ་འཕོ་སོགས་གདམས་ངག་ཆ་ཚང་གསན། དེ་ནས་ལྷོ་བྲག་མཁར་ཆུར་ཕེབས་ཤིང༌། དེར་རྟག་ངུའི་བཅུད་ལེན་ལ་བརྟེན་ནས་ཡུན་རིང་བཞུགས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། གཞན་ཡང་དབུས་གཙང༌། མངའ་རིས། བལ་ཡུལ་སོགས་ཀྱི་གཉན་ཁྲོད་རྣམས་སུ་བྱོན་བཞུགས་མཛད་དེ། རྟོགས་པ་རྐྱེན་དང་བསྲེས་ནས་རོ་སྙོམས་ཀྱི་གདེང་ཐོབ། བླ་མ་གཤེགས་རྗེས་བུ་སློབ་རྣམས་ཀྱིས་ཟངས་དཀར་དུ་བཞུགས་དགོས་པའི་ཞུ་བ་ནན་ཆེའི་ངོར། དེར་སློབ་མའི་ཚོགས་ལ་དགུན་དུས་སུ་ཕྱག་ཆེན་གྱི་ཁྲིད་གནང་ཞིང༌། རྫོང་ཕུག་དང་སྟག་ཚོགས་རི་ཁྲོད་དུ་ལོ་བཞི་ཙམ་བར་སྒྲུབ་པ་མཛད། ཁྱད་པར་སྟག་ཚོགས་རི་ཁྲོད་དུ་སྔོན་རྗེས་སུ་ལོ་བཅུ་གསུམ་ཙམ་ལ་བཅད་རྒྱར་བཞུགས་པར་གྲགས། ཕྱག་རྒྱ་ཆེན་པོ་བདེན་གཉིས་དབྱེར་མེད་ཀྱི་བསྟན་བཅོས་ལྷན་ཐབས་དང་བཅས་པ་མཛད། དེ་ནས་ཁ་ཆེ་དང༌།…

སྐུ་ཕྲེང་གཉིས་པ་བླ་མ་བཀྲིས་བསྟན་འཕེལ་གྱི་རྣམ་ཐར།

༈ སྐུ་ཕྲེང་གཉིས་པ་བླ་མ་བཀྲ་ཤིས་བསྟན་འཕེལ་ནི། ལ་དྭགས་ཕྱོགས་སུ། ཡབ་ནོར་བུ་ཆོས་འཕེལ་དང༌། ཡུམ་ཨེམ་ཆི་ཆོས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་༼༡༨༡༡༽ལོར་ཕྲུ་མ་ན་བཟར་མཛད་ནས་ངོ་མཚར་བའི་ལྟས་བཅས་འཁྲུངས། ཆུང་ངུ་ནས་ཟངས་དཀར་རྫོང་ཁུལ་དགོན་པ་རུ་ངའི་མཆོད་རྫས་སོགས་ཡོད་གསུངས་ཏེ། ངོས་བཟུང་ཡང་ཡང་གནང་བས། ཀུན་གྱིས་བླ་མ་ཀརྨའི་རྣམ་སྤྲུལ་ཡིན་པར་ཐག་ཆོད། ཧེ་མི་དགོན་པར་ཆོས་སྒོར་ཞུགས་ཤིང༌། དགུང་ལོ་བཅུ་གསུམ་ལ་རྒྱུགས་གནང་ནས་ཁྲི་གསོལ་མཛད། དེ་ནས་བོད་ཕྱོགས་སུ་ཕེབས། སྐྱིད་སྦུག་སྤྲུལ་སྐུ་སོགས་བསྟེན་ནས་དཔལ་ལྡན་འབྲུག་པའི་གདམས་ཟབ་སྐོར་གྱི་བཀའ་ཁྲིད་གསན། སྐྱིད་སྦུག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་པས་ཉམས་རྟོགས་འཁྲུངས། སྟག་སྣ་སྐུ་ཕྲེང་བཞི་པས་མཛད་པའི་ལོ་རྒྱུས་སུ། ཡོངས་འཛིན་ཤེས་བྱ་ཀུན་མཁྱེན་དང་ཁམས་སྤྲུལ་བསྟན་པའི་ཉི་མ་དང་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་སོགས་ལ་བསྟེན་པར་གསུངས་པས། དུས་ཚོད་དང་བསྟུན་ན་རྒྱལ་དབང་བདུན་པ་ཕྲིན་ལས་ཤིང་རྟ་མིན་པར་དགུ་པ་འཇིགས་མེད་མི་འགྱུར་དབང་རྒྱལ་དང༌། ཡོངས་འཛིན་ལྔ་པ་ལའང་བསྟེན་པར་གསལ། དེ་ནས་འབྲུག་ཡུལ་དུ་ཕེབས་ཏེ། སྤུངས་ཐང་བདེ་བ་ཅན་དུ་ལོ་བཞི་ཙམ་བཞུགས་ནས་མདོ་སྔགས་རིག་གནས་བཅས་པ་ལ་གསན་སྦྱང་གནང༌། དེར་མཁན་ཆེན་དཔལ་ལྡན་སེང་གེ་ལས་བསྙེན་རྫོགས་སྒྲུབ་པར་གསུངས་ཀྱང་མཁན་སློབ་ཀྱི་དུས་མི་མཚུངས་པས་དཔྱད་པར་བྱའོ། །དེ་ནས་སྐྱབས་མགོན་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེས་གཙོས་པའི་འབྲུག་གཞུང་ནས། ལ་དྭགས་ཕྱོགས་སུ་ལྷོ་འབྲུག་པའི་དགོན་མ་ལག་བཅས་པའི་བསྟན་པ་འཛིན་སྐྱོང་གི་ཁུར་ཁྱེད་རང་ནས་གནང་དགོས་ཞེས་པའི་བཀའ་ཤོག་དང་གནང་སྦྱིན་བཅས་བསྩལ། ཕྱིར་ལ་དྭགས་སུ་འཁོར་ནས། ལ་དྭགས་སྟག་སྣ་དགོན་གྱི་གདན་འཛིན་གནང་ཞིང༌། གཞན་ཡང་བྱང་ཐང༌། ཟངས་དཀར། གར་ཞ་སོགས་ཀྱི་དགོན་གནས་ཀྱི་གཟིགས་སྐྱོང་གནང་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། དགུང་ལོ་ཞེ་ལྔ་ཤིང་ཡོས་༼༡༨༥༥༽ལོར་ལ་དྭགས་སླེ་སྤྱན་རས་གཟིགས་ཀྱི་གཙུག་ལག་ཁང་ཉམས་གསོ་རྒྱས་པར་གནང༌། ཁྱད་པར་གར་ཞ་ལ་རྒྱུན་བཞུགས་ལྟ་བུ་མཛད་ནས་གནྡྷོ་ལ་དགོན་པ། ཤ་ཤུག་བཀྲ་ཤིས་ཆོས་གླིང་དགོན་པ། གཏིང་བརྣན་དགོན་པ། ལྟེ་ཡུལ་དགོན་པ། བསླབ་འཆང་དགོན་པ། འབོག་མཁར་དགོན་པ་སོགས་དགོན་པ་བཅུ་ལྷག་ཙམ་ཉམས་གསོ་དང་གསར་དུ་ཕྱག་བཏབ་ཅིང་མཛད་པ་ཕྲིན་ལས་ཤིན་ཏུ་རྒྱས། ཧེ་མིའི་དགོན་ལག་དགེ་མུར་དགོན་པ་ལའང་ཉམས་གསོ་དང་འདུས་སྡེ་དར་སྤེལ་གནང་ནས་གཤིན་རྗེ་ཚེ་བདག་གི་གར་འཆམས་གསར་འཛུགས་མཛད། ཚེ་བདག་གི་འབག་དང་འཆམས་གོས། སྟག་ཚང་རས་པའི་སྐུ་བརྙན། བྲིས་ཐང་མང་པོ་བཅས་བླ་མ་རང་གིས་ཕྱག་བཟོ་གནང༌། གར་ཞའི་ཕྱོགས་སུ་ཕྱག་ཆེན་ཆོས་དྲུག་གི་ཁྲིད་གདམས་པ་བསྩལ་བའི་ཞལ་སློབ་སྒྲུབ་པ་ལ་གཞོལ་བ་དུ་མ་བྱུང་ཞིང༌། རྗེ་འདི་ཉིད་རིག་གནས་ལ་ཤིན་ཏུ་མཁས་པས་སུམ་རྟགས་དག་གསུམ། རྩིས་སྨན་ལྷ་བྲིས།…

སྐུ་ཕྲེང་གསུམ་པ་ངག་དབང་བཀྲ་ཤིས་བདེ་ཆེན་རྡོ་རྗེའི་རྣམ་ཐར།

  ༈ སྐུ་ཕྲེང་གསུམ་པ་ངག་དབང་བཀྲ་ཤིས་བདེ་ཆེན་རྡོ་རྗེ་ནི། ལ་དྭགས་དཔེ་ཐུབ་རྒྱ་ཞུད་ཚང་དུ། ཡབ་བློ་བཟང་བསྟན་པ་དང༌། ཡུམ་ཡེ་ཤེས་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་༼༡༨༨༤༽ལོར་འཁྲུངས། སྐྱབས་རྗེ་ལ་དྭགས་བ་ཀུ་ལ་གོང་མས་སྤྲུལ་སྐུའི་ངོས་འཛིན་གནང༌། སྐྱབས་མགོན་སྟག་ཚང་སྐུ་ཕྲེང་ལྔ་པ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱལ་མཚན་གྱི་དྲུང་དུ། གཙུག་ཕུད་ཕུལ་ཏེ། མཚན་ངག་དབང་བཀྲ་ཤིས་བདེ་ཆེན་རྡོ་རྗེར་གསོལ། ཧེ་མིར་ཆོས་ཞུགས་མཛད་ནས་དགུང་ལོ་བཅུ་དྲུག་ལ་རྒྱུགས་ཐོན་གྱི་གཏོང་སྒོ་གནང༌། དེ་ནས་སྟག་སྣའི་དབུ་ཆོས་འདུས་སྤྱི་དང་འགོ་པ་ཡུལ་མི་རྣམས་ནས་བླ་མར་དགོས་ཞེས། སྐྱབས་རྗེ་སྟག་རས་རིན་པོ་ཆེ་དང་ཧེ་མཛོད་ལ་སྙན་ཞུ་ཕུལ་བས། དེ་བཞིན་ཆོག་པའི་བཀའ་ཕེབས་པར་བརྟེན། ཉེར་གསུམ་པ་མེ་རྟ་ལོར་དཔལ་སྟག་སྣ་རྡོ་རྗེ་གདན་དུ་མཁན་པོའི་ཁྲིར་མངའ་གསོལ་མཛད། གོང་མའི་སྐུ་ཚ་དགེ་རྒན་དོན་གྲུབ་རྡོ་རྗེས་ཤངས་ལེན་གཟབ་རྒྱས་ཞུས། སྟག་སྣ་དགོན་གྱི་འཛིན་སྐྱོང་གནང་ནས་ལོ་མང་བཞུགས། སོ་གསུམ་ལ་ལྷོ་འབྲུག་ཏུ་ཆོས་ཞུགས་ཕེབས་ཁར། དགེ་སློང་ངག་དབང་ཕྲིན་ལས་གདན་སའི་བླ་ཚབ་དང༌། ཟངས་དཀར་འབར་གདན་དུ་དགེ་ནོར་བུ་ཞུ་བ་བླ་ཚབ་བསྐོས་ཤིང༌། གར་ཞའི་ཕྱོགས་ཀྱི་དགོན་པ་རྣམས་ལའང་བླ་མ་རེ་མངགས་ནས། ཞོར་དུ་རྒྱ་གར་དུ་གནས་སྐོར་མཛད་དེ་འབྲུག་ཏུ་བྱོན། དེར་ཞབས་དྲུང་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་མ་དུ་མའི་སྐུ་མདུན་ནས་དབང་ཁྲིད་ལུང་གསུམ་སོགས་གསན་བསམ་གནང་བཞིན་བཞུགས་པའི་སྐབས་སུ། གློ་བུར་དུ་བར་ཆད་ཀྱི་དབང་གིས་དགུང་གྲངས་སོ་དྲུག་པ་ས་ལུག་༼༡༩༡༩༽ལོའི་ཟླ་བ་དྲུག་པའི་ཚེས་བཞི་ལ་གཤེགས་སོ། །

སྐུ་ཕྲེང་བཞི་པ་ངག་དབང་དོན་ཡོན་རྡོ་རྗེའི་རྣམ་ཐར།

༈ སྐུ་ཕྲེང་བཞི་པ་ངག་དབང་དོན་ཡོད་རྡོ་རྗེ་ནི། ལ་དྭགས་ཆུང་དམར་རྩེ་ལང་ཞེས་པར་སྒང་པ་ཚང་དུ་ཡབ་པདྨ་དགྲ་འདུལ་དང༌། ཡུམ་ཡིད་འཛིན་དབང་མོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་༼༡༩༢༠༽ལོར་ཞལ་འཛུམ་པ་སོགས་ངོ་མཚར་བའི་ལྟས་བཅས་འཁྲུངས། དེ་དུས་ཁྱིམ་ཧ་ཅང་དབུལ་པོ་ཡིན་ནའང་སྐྱབས་མགོན་སྟག་ཚང་སྐུ་ཕྲེང་ལྔ་པས་བུ་འདི་སྐྱེ་བ་བཟང་པོ་ཞིག་ཡིན། རབ་ཏུ་བྱུང་དགོས་གསུངས་ཏེ། མཚན་ངག་དབང་དོན་ལྡན་དུ་བཏགས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང༌། སྐྱབས་མགོན་སྟག་ཚང་འཆི་མེད་པདྨ་འགྲོ་འདུལ། འབྲུག་ཞབས་དྲུང་འཇིགས་མེད་རྡོ་རྗེ་གསུམ་གྱི་དགོངས་བརྟགས་གཅིག་མཐུན་དུ་གྱུར་ནས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་གསུམ་པར་གོང་མའི་ཞབས་ཕྱི་དགེ་འཆི་མེད་རྡོ་རྗེ་སོགས་ཀྱིས་སྐུ་གོང་མའི་མགུལ་སྲུང་གའུ་དང་ཕྱག་ཕྲེང་རྣམས་གཞན་དང་བསྲེས་ནས་ངོས་ཟིན་མིན་གྱི་བརྟག་དཔྱད་བསྐྱར་མ་གནང་བས། ཡིད་ཆེས་རྙེད་པ་བྱུང༌། སྟག་ཚང་རིན་པོ་ཆེ་ལ་གཙུག་ཕུད་ཕུལ་ཏེ། མཚན་ངག་དབང་དོན་ཡོད་རྡོ་རྗེར་གསོལ། དགུང་ལོ་ལྔ་པར་སྟག་སྣ་དགོན་དུ་ཁྲི་གསོལ་ཞུས། བདུན་པ་ནས་བཟུང་ཧེ་མི་དགོན་དུ་སྐྱབས་མགོན་སྟག་ཚང་རིན་པོ་ཆེ་འབྲལ་མེད་དུ་བསྟེན་ཏེ། དཔེ་ཆ་འབྲི་ཀློག །འདོན་གདངས་དབྱངས། ཆོ་ག་ཕྱག་ལེན་སོགས་སློབ་སྦྱོང་མཛད། དེ་ནས་ཧེ་མི་དགོན་པར་སྒྲིགས་ཞུགས་གནང་ཞིང༌། བཅུ་བདུན་པར་དགོན་ཕན་ཚུན་གྱི་དགེ་འདུན་དང་སྦྱིན་བདག་རྣམས་འཛོམས་ཏེ། རྒྱུགས་ཆེན་ཐོན་པའི་གཏོང་སྒོ་དང་འབྲེལ་ཧེ་མི་དགོན་དུ་ཁྲི་སྟོན་རྒྱས་པ་མཛད། དེ་ནས་སྔོན་གྱི་སྲོལ་རྒྱུན་ལྟར་ལྷོ་འབྲུག་ཏུ་ཆོས་ཞུགས་མཛད་རྒྱུར་ཕེབས་བཞེད་ཆེན་པོ་བྱུང་ཡང༌། ཞབས་དྲུང་སྐུ་ཕྲེང་དྲུག་པ་དང་འབྲུག་གཞུང་བར་གྱི་ཟིང་ཆ་མང་བར་བརྟེན། སྤ་གྲོའི་བླ་མ་མཁན་ཟུར་དཔལ་ལྡན་སེང་གེའི་དྲུང་ནས་དགེ་ཚུལ་དང་བཀའ་ཆོས་འགའ་ཞུས་པ་ཙམ་ལས། འབྲུག་གཞུང་དུ་འབྱོན་མ་ནུས་པར། སླར་ཡང་ལ་དྭགས་རྒོད་ཚང་དབེན་གནས་སུ་སྟག་ཚང་རིན་པོ་ཆེ་ཞབས་པད་སྤྱི་བོར་བསྙེན་ཏེ། ཐོག་མར་ཕྱག་ཆེན་སྔོན་འགྲོ་ཚར་གཉིས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་ཚར་གཅིག །དཀོན་མཆོག་སྤྱི་འདུས་ཀྱི་སྔོན་འགྲོ་ཚར་གཅིག་བཅས་སྔོན་འགྲོ་ཚར་བཞི་གྲུབ་རྗེས། ཕག་མོ། བདེ་མཆོག །བླ་མཆོད། སྒྲུབ་ཐབས་རྒྱ་མཚོ། རྗེས་གནང་ཉེར་གཉིས། ཆོས་སྲུང་ཡོངས་རྫོགས་ཀྱི་སྨིན་དབང་སོགས་དང༌། དབང་རེ་རེ་དང་མཉམ་དུ་ལྷ་སོ་སོའི་ཁྲིད་ལུང་གནང་ཞིང་དེ་དག་གི་བསྙེན་པའང་གྲུབ་པར་མཛད། ཕྱག་ཆེན་དངོས་གཞིའི་བཀའ་ཁྲིད་བསྩལ་སྐབས་ཞི་ལྷག་དམིགས་རིམ་རྣམས་རིམ་པ་བཞིན་རྒྱུགས་འབུལ་གནང་ནས་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་གྱིས་ལོ་བདུན་བཞུགས། ཉེར་ལྔ་ལ་བླ་མ་མཆོག་གིས་ན་བཟའ། དབུ་ཞྭ།…