Uncategorized

ཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས་ཞེས་བྱ་བ་བཞུགས་སོ། །

ཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས་ཞེས་བྱ་བ་བཞུགས་སོ། །

འགོ་བརྗོད།      ཆོས་མངོན་པ་མཛོད་ཀྱི་བཤད་པ་འགྲེལ་པ་ལུགས་ཞེས་བྱ་བ་བཞུགས་སོ། ། རྩོམ་པ་པོ།       འབྲུག་ཀུན་མཁྱེན་པདྨ་དཀར་པོ།

མཐུ་ཆེན་བདུན་པ་ཆོས་ཀྱི་ཉིན་བྱེད་ཀྱི་རྣམ་ཐར།

  ༈ རྒྱལ་དབང་འབྲུག་ཆེན་དགུ་པའི་སློབ་མ་མཐུ་ཆེན་ཆོས་མགོན་བདུན་པ་ཆོས་ཀྱི་ཉིན་བྱེད་ནི། བོད་དབུས་གཙང་ཕྱོགས་སུ། རབ་བྱུང་བཅུ་བཞི་པའི་ས་གླང་༼༡༨༢༩༽ལོར་འཁྲུངས། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེས་གོང་མའི་ཡང་སྲིད་དུ་ངོས་འཛིན། གདན་སར་ཁྲི་གསོལ་མཛད། རྗེ་དེ་ལ་རབ་བྱུང་དང་བསྙེན་རྫོགས་བསྒྲུབས། མཚན་ཀརྨ་མི་ཕམ་ཞེས་དང༌། ངག་གི་དབང་ཕྱུག་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་མཐུ་སྟོབས་ཕྲིན་ལས་སྣང་བ་རྒྱས་པའི་སྡེར་གསོལ། ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པ། ཁམས་སྤྲུལ་ལྔ་པ་སྒྲུབ་བརྒྱུད་ཉི་མ། ཁུ་ནུ་གྲུབ་ཐོབ་ཨ་ཙ་ར་འཇམ་དབྱངས་རྣམ་རྒྱལ་སོགས་ལས་གདམས་པ་ཅི་རིགས་དང༌། རྒྱལ་དབང་འབྲུག་པ་སྐུ་ཕྲེང་དགུ་པ་འཇིགས་མེད་མི་འགྱུར་བསྟེན་ནས་དབང་ཆོས་རྒྱ་ཆེར་གསན། ལོ་གསུམ་གྱི་བཅད་རྒྱ་སོགས་སྒྲུབ་པ་ཉམས་བཞེས་མཛད། ཉེར་དྲུག་ལ་ཁམས་ནང་ཆེན་ཚེས་བཅུ་དགོན་སོགས་སུ་ཕེབས། དེར་ཟླ་ཤས་དབང་ལུང་གི་རྒྱུན་འཆད་སྤེལ་གནང་ཞིང༌། ཤིང་ཡོས་ལོར་ཁམས་སྒར་དུ་ཕེབས། དེར་ཡང་ཟབ་རྒྱས་ཆོས་འཁོར་རྒྱ་ཆེར་བསྐོར། མེ་སྦྲུལ་ལོར་སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོ་སྐུ་གཤེགས་པར་བྲག་གཡབ་ཚོགས་བརྒྱ་དགོན་དུ་བྱོན་ཅིང་དགོངས་རྫོགས་མཆོད་འབུལ་གྱི་ཚོགས་དབུར་བཞུགས། སླར་ནང་ཆེན་དུ་ཕེབས་ནས་ཨ་ལྡེའུ་དྲུག་པ་རྒྱལ་སྲས་རིན་པོ་ཆེ་གསེར་ཁྲིར་བཀོད། དེ་བཞིན་ཁམས་ཀྱི་ཡུལ་ཕྱོགས་དུ་མར་ཞབས་ཀྱིས་བཅགས་ཏེ་གང་འདོད་ཀྱི་ཆོས་སྦྱིན་བསྩལ་ནས་ལོ་ཤས་བཞུགས་རྗེས་དབུས་ཀྱི་གདན་སར་ཕེབས། དེར་བསྟན་འགྲོའི་དོན་མཛད་པའི་མཐར། དགུང་ལོ་ང་བདུན་པ་ཤིང་བྱ་༼༡༨༨༥༽ལོའི་བོད་ཟླ་དང་པོའི་ཚེས་བདུན་ལ་ཞི་བར་གཤེགས་སོ། །སློབ་མ་ཡང་ཡོངས་འཛིན་དྲུག་པ་ཤེས་བྱ་ཀུན་གཟིགས། ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ། འཁྲུལ་ཞིག་དྲུག་པ་ཨ་ལྡེའུ་རིན་པོ་ཆེ། རྡོར་རྫོང་སྤྲུལ་སྐུ། གྲུ་གུ་ཆོས་རྒྱལ་སྤྲུལ་སྐུ། ནུབ་དགོན་ཆོས་རྒྱལ་སྤྲུལ་སྐུ། གྲུབ་དབང་ཚོགས་གཉིས། བྱམས་མེ་ཆོས་དཔལ། རིག་འཛིན་ཆོས་རྒྱལ་རྡོ་རྗེ། ཡང་དབེན་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ། སྤྱི་བུག་པད་དཀར་བསྟན་པ་རབ་རྒྱས། བྱམས་མེ་ཆོས་སེང་ལྔ་པ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྟའུ་གྲུབ་ཐོབ། མཚན་ཉིད་བསོད་ནམས་བསྟན་འཛིན་སོགས་མང་ངོ༌། །

འཁྲུལ་ཞིག་དྲུག་པ་ཨ་ལྡེའུ་རྒྱལ་སྲས་ཀྱི་རྣམ་ཐར།

  ༈ འཁྲུལ་ཞིག་སྐུ་ཕྲེང་དྲུག་པ་ངེས་དོན་བསྟན་པའི་དབང་ཕྱུག་གམ་ཨ་ལྡེ་རྒྱལ་སྲས་ནི། སླར་ནང་ཆེན་རྒྱལ་ཁབ་དེ་ཉིད་དུ། གོང་མའི་སྐུ་མཆེད་ཡབ་མི་དབང་དཀོན་མཆོག་ལྷ་རྒྱལ་དང༌། ཡུམ་གུ་ཚ་བཟའ་རྣམ་སྲས་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱི་༼༡༨༥༢༽ལོར་འཁྲུངས། གོང་མའི་ལུང་དང་མཐུན་པར་འབྲུག་ཆེན་དགུ་པ་འཇིགས་མེད་མི་འགྱུར་དབང་གི་རྒྱལ་པོ་དང༌། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེས་ངོས་འཛིན་གནང་ནས་གསེར་ཁྲིར་མངའ་གསོལ། མཚན་ངེས་དོན་བསྟན་པའི་དབང་ཕྱུག་ཏུ་གསོལ། སྐྱེས་སྦྱངས་ཀྱི་ཡོན་ཏན་ཕུལ་དུ་བྱུང༌། རྒྱལ་སྲས་ཁོང་ལས་མེད་པས་ནང་ཆེན་རྒྱལ་རབས་ཉེར་བདུན་པའི་རྒྱལ་སྲིད་ཀྱི་ཁུར་བཞེས་དགོས་བྱུང་ནས། བཙུན་མོ་ནག་རུ་ཁྱུང་ནག་བཟའ་གཡུང་དྲུང་དཔལ་འཛོམས་ཞེས་པ་བཞེས། རྒྱལ་པོའི་མཚན་ལ་ཆོས་རྒྱལ་དོན་གྲུབ་ལྷ་རྩེ་ཞུ། ཡབ་མེས་ཀྱི་བཀའ་སྲོལ་བཞིན་མངའ་འབངས་ཆོས་བཞིན་བསྐྱངས། དབུས་གཙང་ཕྱོགས་སུ་ཕེབས་ནས་གདན་ས་རྣམས་ལ་མཆོད་འབུལ་དང་གཏོང་སྒོ་དཔེར་འོས་པ་མཛད། གཞུང་ས་དགའ་ལྡན་ཕོ་བྲང་ནས་བཀུར་བཟོས་དང༌། དངོས་པོའི་གནང་སྐྱེས། འཇའ་ས་ཁྱབ་ཤོག་སོགས་བསྩལ། རྒྱལ་དབང་ཀར་འབྲུག །འབྲི་སྟག །ཁམས་སྤྲུལ་བསྟན་པའི་ཉི་མ། གྲུབ་དབང་ཚོགས་གཉིས་སོགས་སྐབས་དེར་གྲགས་པའི་སྐྱེས་ཆེན་དམ་པ་མང་པོ་བསྟེན། སྨིན་གྲོལ་གདམས་སྐོར་མང་དུ་གསན་ཅིང༌། བསྙེན་སྒྲུབ་དང་བསྐྱེད་རྫོགས་ལ་ཉམས་ལེན་མཛད་པས་རྟགས་དང་ཡོན་ཏན་མང་དུ་བྱུང་བར་གྲགས། བསྟན་དགོན་ལ་སྐུ་གོང་མའི་མཛད་རྗེས་བསྐྱངས་ཏེ། བདེ་མཆོག །ཚེ་བདག །མགོན་སྒྲུབ་སོགས་དཀྱིལ་ཆོག་མང་པོ་གསར་འཛུགས་དང་ཕྱག་བཞེས་གོང་འཕེལ་དུ་བཏང༌། ངོར་དཔོན་སློབ་ངག་དབང་བློ་གཏེར་དབང་པོ་གདན་དྲངས་ནས་མེ་བྱི་༼༡༩༧༦༽ལོར་དགོན་དུ་སྡོམ་གསུམ་གྲྭ་ཚང་ཞེས་པ་གསར་འཛུགས་ཀྱིས་དབྱར་གནས་ཚུགས། དབྱར་གནས་མཁན་པོའང་བྱམས་མེ་ཆོས་དཔལ་རྒྱ་མཚོ། འཁྲུལ་ཞིག་སྐྱབས་གནས་དང༌། ཡང་དབེན་མཁན་ཆེན་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ། མཁན་ཆུང་འཇམ་དབྱངས་གྲགས་པ་རྣམས་རེས་མོས་སུ་སྤྱན་དྲངས། དགོན་པའི་བཅའ་ཁྲིམས་དམ་འཛིན་དང༌། གཞན་ཡང་གཙུག་ལག་ཁང་དུ་རྟེན་གསུམ་དང་དཔེ་མཛོད་ཆེན་མོ་གསར་བཞེངས་སོགས་རྒྱལ་སྲིད་དང་གདན་སའི་ཆོས་གྲྭ་གཉིས་ཀར་དར་རྒྱས་ཆེན་པོ་བྱུང༌། དེ་ནས་དགུང་ལོ་སོ་གསུམ་ཤིང་སྤྲེལ་༼༡༨༨༤༽ལོའི་རྒྱལ་ཟླ་བའི་ཚེས་གསུམ་ལ་གཤེགས་པར་ངེས་སོ། །

རྗེ་འབའ་རོམ་དར་མ་དབང་ཕྱུག་གི་རྣམ་ཐར།

༈ ཆོས་རྗེ་འབའ་རོམ་པ་དར་མ་དབང་ཕྱུག་ནི། འཕན་ཡུལ་མདར། ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང༌། ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་མེ་ལུག་༼༡༡༢༧༽ལོར་འཁྲུངས། དགུང་ལོ་བརྒྱད་པ་ལ་མཁན་པོ་ཀ་བ་དར་མ་སེངྒེ་ལས་རབ་ཏུ་བྱུང༌། མཚན་དར་མ་དབང་ཕྱུག་ཏུ་གསོལ། དགེ་བཤེས་བྱ་ཡུལ་བ་དང་པོ་ཏོ་བའི་བུ་ཆེན་གྲུ་འབུ་ལུང་པ་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་གསན། ཉེར་གཅིག་ལ་སྒམ་པོར་ཕེབས་ཤིང༌། སྒམ་པོ་བ་དང་མཇལ་ནས་ཐུགས་ཀྱིས་བཟུང་ཞིང་དམར་ཁྲིད་ཀྱིས་བསྐྱངས་པས། རྟོགས་པ་མཆོག་ཏུ་གྱུར། སྒམ་པོ་པ་གཤེགས་རྗེས་དགུང་ལོ་ཉེར་བརྒྱད་པ་ལ་བླ་མས་ལུང་བསྟན་པའི་གནས་བྱང་འབའ་རོམ་དུ་བྱོན་ཏེ། རྫ་དེའུ་རིན་ཆེན་སྤུངས་སུ་ལོ་བདུན་སྒྲུབ་པ་མཛད། ཕལ་ཆེར་ཏིང་ངེ་འཛིན་གྱིས་འཚོ་བ་བྱུང༌། དེ་སྐབས་བཀའ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་མགུར་ཆེན་ཉི་ཤུ་རྩ་དགུའི་སྐོར་གསུང༌། དེ་ནས་ཁམས་སུ་སྔ་རྗེས་ལན་གསུམ་བྱོན། སྐྱོ་བྲག་དཀར་ལ་ལོ་གསུམ་བཞུགས། སྟག་སྒོམ་སོགས་གདུལ་བྱ་མང་པོར་སྨིན་གྲོལ་ལ་བཀོད། སླར་ལ་སྟོད་བྱང་འབའ་རོམ་དུ་ཕེབས་ནས་དགོན་པ་བཏབ་ཅིང༌། གྲུབ་རྟགས་དཔག་མེད་བསྟན། ནག་ཆུའི་ས་ཆར་རི་བོ་ཆེ་ཕྱག་བཏབ། སློབ་མ་མང་དུ་འདུས་པ་ལ་བདེ་སྟོང་ཕྱག་རྒྱ་ཆེན་པོ་དང་གནས་ལུགས་ཕྱག་རྒྱ་ཆེན་པོ་མདོ་སྔགས་ཟུང་འབྲེལ་དུ་བསྟན་པས། འབའ་རོམ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའ་དར། མཐར་དགུང་ལོ་དོན་གསུམ་པ་ས་ལུག་༼༡༡༩༩༽ལོའི་ཟླ་བ་གཉིས་པའི་ཚེས་གཉིས་ཀྱི་ནམ་ཕྱེད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ། །སློབ་མ་ཡང་འགྲན་ཟླ་མེད་པ་ཏི་ཤྲི་རས་པ་དང༌། གཞན་ཡང་བུ་ཆེན་བཞི། དེ་དང་ཉེ་བ་བཞི། བརྒྱུད་འཛིན་གྱི་སྲས་ལྔ་སོགས་ཤིན་ཏུ་མང་པོ་བྱུང་ཞིང༌། གདན་ས་ལ་གཅུང་ཇོ་བཙུན་ནམ་མཁའ་རྒྱལ་མཚན་དང༌། བླ་མ་གྲགས་པ་ཤེས་རབ་བྱང་ཆུབ་སོགས་དབོན་རྒྱུད་རྣམས་རིམ་པར་ཕེབས་ནས་ཕྱིས་ཀྱི་བར་དུ་བསྟན་པ་དར་རྒྱས་བྱུང་ངོ༌། །