རྒྱལ་དབང་མི་ཕམ་དབང་པོ་ནས་བརྒྱུད་པའི་སྐབས།

ཅོག་གྲྭ་བཞི་པ་སྐལ་བཟང་མི་ཕམ་རྣམ་རྒྱལ་གྱི་རྣམ་ཐར།

༈ དེའི་སློབ་མ་ཅོག་གྲྭ་སྐུ་ཕྲེང་བཞི་པ་སྐལ་བཟང་མི་ཕམ་རྣམ་རྒྱལ་ནི། ཐོས་བསམ་མཐར་ཕྱིན་ནས་གཡུ་སྒོང་བྲག་ཏུ་ལོ་གསུམ་སྒོམ་སྒྲུབ་གནང་སྐབས་ཨོ་རྒྱན་རིན་པོ་ཆེ་དག་སྣང་དུ་ཞལ་གཟིགས་པས། གང་གི་ཕྲིན་ལས་རྗེས་སུ་བསྐྱང་ཕྱིར་དགོན་འདིའི་ས་ཟླའི་ཚེས་བཅུ་དང་བཅུ་གཅིག་སྟེ། ཉིན་གཉིས་ཀྱི་གར་འཆམས་གསར་འཛུགས་གནང༌། བསྟན་འགྲོའི་མཛད་ཕྲིན་རྒྱས་པར་བསྐྱངས། དགུང་གྲངས་དྲུག་ཅུའི་སྐོར་བཞུགས་པ་ལས་ལོ་རྒྱུས་རྒྱས་པ་མ་མཐོང་ངོ༌། །

གྲུབ་དབང་ལྔ་པ་དྲེའུ་ལྷས་ཀུན་དགའ་མི་འགྱུར་རྡོ་རྗེའི་རྣམ་ཐར།

  ༈ རྒྱལ་དབང་བདུན་པའི་སློབ་མ་དྲེའུ་ལྷས་གྲུབ་དབང་སྐུ་ཕྲེང་ལྔ་པ་ཀུན་དགའ་མི་འགྱུར་རྡོ་རྗེ་ནི། སྐུ་ཕྲེང་དང་པོ་འབྲུག་སྨྱོན་ཀུན་དགའ་ལེགས་པ། གཉིས་པ་ཀུན་མཁྱེན་གྱི་དངོས་སློབ་གྲུབ་ཐོབ་སྐུ་སྐྱེ་རིན་པོ་ཆེ། གསུམ་པ་གྲུབ་དབང་སྤྲུལ་སྐུ་བསྟན་འཛིན་བཟང་པོ། བཞི་པ་ངག་དབང་བསྟན་འཛིན་དཔལ་འབྱོར་ཞེས་པ་ནི་མཐུ་ཆེན་ལྔ་པ་འཇམ་དཔལ་རྡོ་རྗེའི་སློབ་མ་གྱུར་པར་འཁྲུངས་རབས་གསོལ་འདེབས་ལས་གསུངས། དེའི་ཡང་སྲིད་སྐུ་ཕྲེང་ལྔ་པ་འདི་ཉིད། ཡར་ལུང་རབ་བརྟན་ཤར་དུ། ཡབ་གསང་བའི་བདག་པོ་སླེ་ལུང་བཞད་པ་རྡོ་རྗེའི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་༼༡༧༢༡༽ལོར་སྐུ་བལྟམས། ཡབ་ཀྱིས་ཡི་དམ་ཆོས་སྲུང་གི་དབང་རྗེས་གནང་བཀའ་བསྒོ་གཉེར་གཏད་མཚན་གསོལ་གནང༌། དགུང་ལོ་གསུམ་པར་རྒྱལ་དབང་འབྲུག་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟ་ནས། གྲུབ་དབང་སྤྲུལ་སྐུར་ངོས་འཛིན་གནང༌། རིམ་གྱིས་གོང་མའི་གདན་ས་དྲེའུ་ལྷས་ཀྱི་ཁྲི་ལ་ཕེབས་ཤིང༌། མཚན་ཀུན་དགའ་མི་འགྱུར་རྡོ་རྗེར་གསོལ། མཚན་གཞན་གཡུང་མགོན་རྡོ་རྗེའང་ཞུ། བཤེས་གཉེན་དོན་གྲུབ་ཆོས་འཕེལ་ལས་ཡི་གེ་འབྲི་ཀློག །རང་ལུགས་ཆོས་སྤྱོད་རིག་གནས་སྐོར་གསན་སྦྱང་དང༌། བོད་རྗེ་མི་དབང་ཆེན་པོའི་བཀའ་བཞིན་དཔལ་ལྡན་འབྲས་སྤུངས་སུ་བྱོན་ཏེ། མཁས་དབང་ཕྲིན་ལས་མཚན་ལ་བསྟེན་ནས། མཚན་ཉིད་རྒྱུའི་ཆོས་ལ་བརྒལ་ཞིང་བརྟག་པའི་སྒོ་ནས་སྒྲོ་འདོགས་ལེགས་པར་ཆོད་དེ། ཆོ་འཕྲུལ་སྨོན་ལམ་ཆེན་མོར་རབ་འབྱམས་གྲྭ་སྐོར་མཛད། རྣམ་དཔྱོད་འགྲན་ཟླ་དང་བྲལ་བའི་གྲགས་སྙན་གྱིས་གངས་ལྗོངས་འཛིན་མའི་ཁྱོན་ཀུན་ཁྱབ་པར་གྱུར། གོང་ས་རྒྱལ་བ་སྐལ་བཟང་རྒྱ་མཚོ་མཆོག་ལ་རྡོ་རྗེ་ཕྲེང་བའི་དབང་སོགས་སྔ་ཕྱིར་ཆོས་བཀའ་མང་པོ་ཞུས། ཁྱད་པར་རྒྱལ་དབང་འབྲུག་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟ་རིགས་ཀྱི་བདག་པོར་བསྟེན་ཏེ། འབྲུག་ལུགས་ཀྱི་སྨིན་གྲོལ་མང་པོ་གསན་བསམ་མཛད། གཞན་ཡང་མགོན་རིར་རྗེ་ངག་དབང་དོན་ཡོད་རྒྱ་མཚོར་ཕྱག་ཆེན་ཁྲིད་སོགས་སྒྲུབ་བརྒྱུད་སྙིང་པོའི་རིང་སྲོལ་གདམས་པ་ཇི་སྙེད་དང༌། ཡབ་རྗེར་དག་སྣང་རྒྱ་ཅན་སྐོར་དང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཆོས་བཀའ་སོགས་སྔ་འགྱུར་ཟབ་ཆོས་དུ་མ་གསན་ཅིང་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། བཤེས་གཉེན་བྱམས་པའི་མཚན་ཅན་ལས་བྱང་ཆུབ་ལམ་རིམ། མཁྱེན་རབ་བསྟན་འཛིན་ལྷུན་གྲུབ་ལས་གསུང་ངག་ལམ་འབྲས། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་དང༌། རྡོར་བྲག་རིག་འཛིན་ཆེན་མོ་སྐལ་བཟང་པདྨ་དབང་ཕྱུག །མཁས་གྲུབ་འགྱུར་མེད་མཆོག་གྲུབ་ལས་གཙོ་བོར་སྔ་འགྱུར་རྡོ་རྗེ་ཐེག་པ༑ པཎ་ཆེན་སི་ཏུ་བསྟན་པའི་ཉིན་བྱེད་ལས་སྔགས་ཀློག་གསན་པས་མཚོན་རིས་མེད་ཀྱི་དམ་པ་བཅུ་ཕྲག་ལྔར་ཉེ་བ་ལས་བཀའ་གཏེར་གསར་རྙིང་གི་ཟབ་རྒྱས་ཆོས་ཀྱི་གདམས་པ་དཔག་ཏུ་མེད་པ་གསན་བཞེས་གནང་ཞིང༌། ཆོས་རྒྱུད་ཀུན་ལ་དག་པའི་སྣང་བ་ཐོབ། གདན་སར་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་རྩ་བ་གསུམ་གྱི་ལྷ་ཚོགས་མང་པོའི་གྲངས་དུས་མཚན་མའི་བསྙེན་སྒྲུབ་དང༌། བསྐྱེད་རྫོགས་ཟབ་མོའི་ཉམས་བཞེས་མཛད་པས་དྷཱུ་ཏིའི་མདུད་རྒྱ་གྲོལ་ཏེ། ལྷག་པའི་ལྷའི་ཞལ་གཟིགས་དང་དག་སྣང་རྒྱུན་མི་ཆད་པའི་ཆོས་སྒོ་ཟབ་མོ་ཐོབ་ཅིང༌། མཁའ་འགྲོ་རྒྱ་མཚོས་གསང་ལུང་བསྩལ་བ་སོགས་མཆོག་ཐུན་དངོས་གྲུབ་བརྙེས་ཤིང༌།…

བར་འབྲོག་ཆུ་བཟང་མི་ཕམ་ཡེ་ཤེས་རྒྱ་མཚོའི་རྣམ་ཐར།

༈ ཡང་རྒྱལ་དབང་བདུན་པ་དང་འཇམ་དཔལ་དཔའ་བོ་གཉིས་ཀའི་སློབ་མ་བར་འབྲོག་ཆུ་བཟང་སྐུ་ཕྲེང་བཞི་པ་མི་ཕམ་ཡེ་ཤེས་རྒྱ་མཚོ་ནི། དེ་ཡང་སྐུའི་སྐྱེས་རབས་ལྟར་ན། སངས་རྒྱས་ཐམས་ཅད་ཀྱི་བཀའི་སྡུད་པ་པོ་འོད་མཛད་ཡེ་ཤེས་ཏོག་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ། ཕ་དམ་པ་རིན་པོ་ཆེ། པཎ་ཆེན་ནགས་ཀྱི་རིན་ཆེན། མཁས་དབང་འབུམ་རབ་འབྱམས་པ་ཀུན་དགའ་བློ་གྲོས་ཞེས་གྲགས། དེ་ནས་ཀུན་མཁྱེན་པདྨ་དཀར་པོ་དང་རྗེ་ལྷ་རྩེ་པ་གཉིས་ཀའི་དངོས་སློབ་གྲུབ་པའི་ཁྱུ་མཆོག་ཕ་བསྟན་པའི་རྒྱལ་མཚན་ཞེས་པ་དེ་ཉིད། ལ་སྟོད་ཡུལ་ཕ་དྲུག་ཤི་ཞེས་པར་སྐུ་བལྟམས། རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་བར་འབྲོག་ཆུ་བཟང་དུ་སྒྲུབ་བསྟན་གྱི་སྡེ་འཛུགས་པར་མཛད་པས། དེ་ནས་བཟུང་མཚན་བར་འབྲོག་ཆུ་བཟང་པ་ཞེས་ཡོངས་སུ་གྲགས་པ་བྱུང༌། དེའི་སྐུ་སྐྱེ་ལ་རིམ་བཞིན་ངག་དབང་ཐུབ་བསྟན་དབང་པོའི་སྡེ་དང༌། ངག་དབང་འཇམ་དབྱངས་རྒྱལ་མཚན་ནམ་འཇམ་དབྱངས་ཆོས་འཕེལ་ཞེས་པ་བྱོན། དེའི་སྐུ་སྐྱེ་དེ་མ་ཐག་པ་ལ་རྗེ་འདི་ཉིད་ཕེབས་པ་སྟེ། ལ་སྟོད་ཕ་དྲུག་སྔོན་ལུང་དུ། ཡབ་དཔལ་རྒྱས་རྡོ་རྗེ་དང༌། ཡུམ་ལྷུན་གྲུབ་དབང་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་༼༡༧༥༢༽ལོར་འཁྲུངས། རྒྱལ་དབང་དཀར་བརྒྱུད་ཕྲིན་ལས་ཤིང་རྟ་དང་རྗེ་འཇམ་དཔལ་དཔའ་བོ་རྣམ་གཉིས་ཀྱི་དགོངས་པ་རྩེ་མཐུན་དང༌། ལྷག་པར་རྒྱལ་དབང་མཆོག་ལ་སྟོད་དུ་ཕེབས་སྐབས་ཐུགས་བརྟག་གསལ་པོར་གནང་ནས། གོང་མའི་ཡང་སྲིད་དུ་ངོས་བཟུང༌། དགུང་གྲངས་དྲུག་པར་གདན་ས་ལྷ་སྡིངས་སུ་བསུ་བ་སེར་སྦྲེངས་བཅས་ཁྲི་གསོལ་དང༌། རྒྱལ་དབང་མཆོག་གི་དྲུང་དེ་ཉིད་དུ་གཙུག་ཕུད་ཕུལ། མཚན་མི་ཕམ་ཡེ་ཤེས་རྒྱ་མཚོ་མཆོག་གི་སྡེར་བསྩལ། ཐོག་མར་ཐེག་ཆེན་བྱང་སྡོམ་དང་ཚེ་རྟ་ཟུང་སྦྲེལ་སོགས་དབང་ལུང་འགའ་གསན། དེ་ནས་དགུང་ལོ་བདུན་པར་དབུས་སུ་ཕེབས་ནས་དཔལ་འབྲུག་པའི་སྤྱན་སྔར་ཀླུ་སྡིངས་སུ་ལོ་གསུམ་དང༌། ཡང་བདེ་ཆོས་སུ་ལོ་ངོ་གསུམ་ཙམ་བཅས་བཞུགས་ནས། ཡི་གེ་འབྲི་ཀློག་ནས་བཟུང་དཀྱིལ་འཁོར་བྲི་ཐིག །གར་འཆམ་གདངས་དབྱངས། རོལ་ཚིགས་སོགས་སློབ་སྦྱང་ལ་བརྩོན་པར་མཛད་ཅིང་མཐར་ཕྱིན་པར་གྱུར། ཁྱད་པར་རྗེ་སི་ཏུ་པཎ་ཆེན་གྱི་ཞལ་སློབ་དྲུང་སུ་ཙི་ར་པ་ཞེས་པའི་མདུན་ནས་སྒྲ་སྙན་ངག །རྩིས་དཀར་ནག་སོགས་རིག་གནས་ཀུན་ལ་སྦྱངས་པ་མཛད་པས། སྒྲ་ཀ་ལཱ་པ་དང༌། སྙན་ངག་མེ་ལོང་མ་ལ་བཀའ་བབ་པ་ཡིན་གསུངས། དེ་ཡང་རྒྱལ་དབང་འབྲུག་པའི་ཞལ་སྔ་ནས། རང་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོ། རྡོ་རྗེ་ཕྲེང་བ། སངས་རྒྱས་ཐོད་པ། རྡོ་རྗེ་རྣམ་འཇོམས་བཅས་ཀྱི་དབང་ཆེན། རྔོག་དཀྱིལ་མ་ཧཱ་མ་ཡའི་སྒེར་དབང༌།…

ལོ་རི་སྐུ་ཕྲེང་གཉིས་པ་སྲིད་ཞི་ཡོངས་གྲོལ་གྱི་རྣམ་ཐར།

  ༈ ཡང་རྒྱལ་དབང་བདུན་པའི་སློབ་མ་སྒ་ལོ་རི་སྐུ་ཕྲེང་གཉིས་པ་པཎ་ཆེན་མི་ཕམ་བསྟན་འཛིན་ཕྲིན་ལས་སམ་སྲིད་ཞི་ཡོངས་གྲོལ་ནི། སྒ་འབྲི་ཆུའི་འགྲམ། རག་ན་གྲོང་སྡེར། ཡབ་རག་ན་བཀྲ་ཤིས་དང༌། ཡུམ་དབྱངས་ཅན་དཔལ་མོའི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ས་བྱི་༼༡༧༠༨༽ལོར་འཁྲུངས། དེང་སང་གསར་རྩོམ་དུ་ཤིང་ཁྱི་༼༡༦༩༤༽ལོར་འཁྲུངས་པར་བཤད་ཀྱང༌། སྐུ་གོང་མ་དེ་ཉིད་རབ་བྱུང་བཅུ་གཉིས་པའི་ས་ཡོས་༼༡༦༩༩༽ལོར་གཤེགས་པ་དང་མི་འགྲིག་པ་མ་ཟད། བྲག་དཀར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མགོན་གནང་རི་ཁྲོད་ཀྱི་ལོ་རྒྱུས་ངེས་པ་ཅུང་ཟད་བརྗོད་པ་རབ་དགའི་མགྲིན་གླུ་ཞེས་པ་ལས། རྗེ་ལོ་རི་བ་འདི་ཉིད་དགུང་ལོ་ང་དྲུག་ཆུ་ལུག་༼༡༧༦༣༽ལོར་སྐུ་གཤེགས་པར་གསུངས་པས། དེ་ནས་ཡར་རྩིས་པའི་འཁྲུངས་ལོ་ནི་ས་བྱི་ལོ་ཡིན་པ་ལས། ཤིང་ཁྱི་ལ་ཡོང་ཐབས་མེད་དོ། །སྐུ་ན་ཕྲ་མོ་ནས་འབྲི་ཀློག་ཚེགས་མེད་དུ་མཁྱེན། རྒྱལ་དབང་འབྲུག་པ་མི་ཕམ་དབང་པོ་ནས་ངོས་འཛིན་མཛད་པར་ངེས། སོ་གསུམ་ལ་དབུས་སུ་ཕེབས་པར་གསལ་ཏེ། རྒྱལ་དབང་དཀར་བརྒྱུད་ཕྲིན་ལས་ཤིང་རྟའི་རྣམ་ཐར་རཏྣ་ས་མུ་དྲས་མཛད་པ་ལས། འདི་སྐབས་ཁམས་ལོ་རི་དགོན་ནས་རིག་གཞུང་མདོ་སྔགས་ཀུན་ལ་བློ་གྲོས་མཆོག་ཏུ་ཡངས་པ་མི་ཕམ་བསྟན་འཛིན་ཕྲིན་ལས་ཀྱང་འབྱོར་ཞེས་གསུངས་པས། དེ་དུས་རྗེ་ལོ་རི་དགུང་ལོ་སོ་གསུམ་ལ་ཕེབས་པའི་ལྕགས་སྤྲེལ་༼༡༧༤༠༽ལོ་དང༌། འཛི་སྒར་རྡོ་རྗེ་དྲག་པོའི་འཁྲུངས་ལོ་ཡིན། གསར་རྩོམ་དུ། ལོ་དེར་མྱ་ངན་ལས་འདས་ཟེར་བ་མི་འཐད་དེ། རྒྱལ་དབང་བདུན་པའི་རྣམ་ཐར་འཕྲོ་མཐུད་རྗེ་འཛི་སྒར་རྡོ་རྗེ་དྲག་པོས་མཛད་པ་ལས། མིག་དམར་ཏེ་ཤིང་བྱི་༼༡༧༤༤༽ལོར་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཕྱུག་པ་བླ་མ་ལོ་རི་སྤྲུལ་པའི་སྐུ་མི་ཕམ་བསྟན་འཛིན་ཕྲིན་ལས་ནས་གསོལ་བ་བཏབ་པ་ལྟར། ཁོང་གིས་དབུས་རྒྱལ་སྲས་རིན་པོ་ཆེ། བཀའ་བརྒྱད་གདན་ས་བ། བྲག་སེང༌། སྔགས་གྲྭ་རིན་པོ་ཆེ་སོགས་སྤྲུལ་སྐུ་རྣམས་དང༌། གཞན་ཡང་ཆོས་ཞུ་ཉི་ཤུའི་སྐོར་ལ་ནག་ཟླའི་ཉར་དཔལ་ལྡན་བླ་མེད་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང༌། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་སྔོན་འགྲོ་སྟ་གོན། དངོས་གཞི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བས་བྱིས་འཇུག་བདུན་དང༌། གོང་མ་གོང་ཆེན། བདག་པོ་ཆེན་པོའི་དབང་གི་སྨིན་བྱེད་རྒྱས་པ་ཇོ་ནང་རྗེ་བཙུན་ཆེན་པོའི་ཕྱག་བཞེས་འཁྲུལ་མེད་ཀྱིས་བརྒྱན་པ་གནང་ཞེས་སོགས་རིམ་བཞིན་སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པ་གསན་པར་གསུངས་པ་དང༌། ཡང་འབྲུ་མང་སྟེ་ས་སྟག་༼༡༧༥༨༽ལོར་བླ་མ་ལོ་རི་སྤྲུལ་པའི་སྐུ་རིན་པོ་ཆེ་སྤངས་རྟོགས་ཡོན་ཏན་གྱིས་མངོན་པར་མཐོ་བ་གང་ལ། རིག་འཛིན་ཆེན་པོའི་གསུང་ཐུན་མོང་མིན་པ་འགའ་ཞིག་གི་ལྗགས་ལུང་སྐྱབས་མགོན་ལྷན་རྒྱས་ནས་གསན། དེ་རྗེས་སྤྲུལ་སྐུ་རིན་པོ་ཆེའང་སྐྱིད་གྲོང་ཕྱོགས་སུ་ཕེབས་ཞེས་གསུངས་པས་སོ། །དེ་ལྟར་རྒྱལ་དབང་བདུན་པ་དང་བླ་སློབ་གཉིས་ཆར་གྱུར་པར་གསལ་ཞིང༌། གཞན་ཡང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་བཤེས་གཉེན་མང་པོ་བསྟེན་ནས་ལོ་རི་ཀུན་མཁྱེན་ཞེས་མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ་པའི་མཁས་གྲུབ་ཆེན་པོར་གྱུར། རིག་འཛིན་ཚེ་དབང་ནོར་བུ་སོགས་དང་ལྷན་བལ་ཡུལ་དུ་ཕེབས་ནས་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ཆེན་པོ་ཉམས་གསོ་དང་མཆོད་འབུལ་རྒྱ་ཆེར་མཛད། འཕགས་ཤིང་མཆོད་རྟེན་གྱི་དཀར་ཆག་ལྷ་ཡི་སིལ་སྙན་ཞེས་པའང་བརྩམས། ཤིང་ཕག་ལོར་རིག་འཛིན་ཆེན་པོ་སྐྱིད་གྲོང་ཕྱོགས་སུ་གཤེགས་སྐབས་རིག་འཛིན་མཆོག་གི་གཟིམས་ཁང་དུ་རེ་ཞིག་བར་བཞུགས་ཤིང༌།…

མཁས་གྲུབ་ཀརྨ་ཆོས་ཉིད་རྒྱ་མཚོའི་རྣམ་ཐར།

༈ ལོ་རི་ཀརྨ་ཆོས་ཉིད་རྒྱ་མཚོ་ནི། སྒ་རོང་པོ་སྡེ་བའི་ནང༌། ཡབ་འཇམ་རྡོར་དང༌། ཡུམ་དཔལ་སྒྲོན་གྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ནང་དུ་འཁྲུངས། དགུང་ལོ་གསུམ་ནས་མ་ཎི་པད་དབྱངས་གསུངས་ཤིང༌། འབུ་སྲིན་ལ་མི་འཚེ་བའི་བྱང་སེམས་མངའ། དེ་ནས་རྗེ་མཁས་གྲུབ་ལོ་རི་གཉིས་པ་མི་ཕམ་སྲིད་ཞི་ཡོངས་གྲོལ་གྱིས་རྗེས་སུ་བཟུང་ཞིང༌། མཚན་ཀརྨ་ཆོས་ཉིད་རྒྱ་མཚོ་ཞེས་གསོལ། ཕྱི་ནང་གི་རིག་གནས་དང༌། བཀའ་མདོ་རྒྱུད་བཅས་ལ་གསན་བསམ་སྦྱངས་པ་མཐར་ཕྱིན་མཛད། དེ་ནས་སྐུ་མཚམས་ལ་བཞུགས་ཏེ་ཕྱག་རྒྱ་ཆེན་པོར་ཉམས་བཞེས་གནང༌། དེ་ལྟར་མཁས་དང་གྲུབ་པའི་བདག་ཉིད་ཅན་དེ་ཉིད་སྐུ་ཚེའི་སྨད་ལ་ཕྱོགས་ངེས་མེད་དུ་བྱོན་ཏེ། མ་ཎི་དུང་སྒྲུབ་དང་སྨིན་གྲོལ་གྱི་ཆོས་འཁོར་ཡུན་རིང་བསྐོར་བའི་མཐར། དགུང་ལོ་བདུན་ཅུ་ཙམ་ལ་ཞི་བར་གཤེགས་སོ། །དེའི་རྗེས་སུ་སྐུ་ཕྲེང་གཉིས་པ་བློ་ཆེན་བསོད་ནམས་མཆོག་གྲུབ། གསུམ་པ་པདྨ་སྐལ་བཟང་རྣམ་གྲོལ། བཞི་པ་ཆོས་ཉིད་ཆོས་རྒྱལ་བསྟན་འཛིན་གྱི་བར་བསྟན་འགྲོའི་དོན་དུ་སྐྱེས་རབས་བཞི་ཙམ་བྱོན་པར་བཤད། གཞན་ཡང་མཁར་ཕུ་བ་རྒྱལ་མཚན་བློ་གྲོས་ཀྱི་སྐྱེས་མཐའ་བླ་མ་ཀརྨ་སྦྱིན་པའི་སྐུ་ཕྲེང་གསུམ་ཙམ་ཡང་དགོན་འདིར་ཕེབས་པར་གྲགས་སོ། །