རྒྱལ་དབང་མི་ཕམ་དབང་པོ་ནས་བརྒྱུད་པའི་སྐབས།

རྒྱལ་དབང་དྲུག་པ་མི་ཕམ་དབང་པོའི་རྣམ་ཐར།

    སྐུ་ལ་ངུར་སྨྲིག་གོས་འཆང་བཙུན་པའི་དཔེར། ། གསུང་ལ་སྡེ་སྣོད་རྒྱ་མཚོའི་དཔལ་གཡང་འཁོར། ། ཐུགས་ལ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་བརྙེས། ། གངས་ཅན་སྐྱབས་གཅིག་མི་ཕམ་དབང་པོར་འདུད། །   ༈ རྒྱལ་དབང་དྲུག་པ་མི་ཕམ་དབང་པོའི་རྣམ་ཐར་ནི། ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་འདབས་སྡེ་པ་ལྷ་ཁང་གཞིས་ཀ་ལྷུན་གྲུབ་བདེ་ཡངས་སུ། ཡབ་ལྷ་རིགས་གྲགས་པ་བཀྲ་ཤིས་དབང་ཕྱུག་དང༌། ཡུམ་རིགས་ལྡན་དབང་མོ་ཡེ་ལྷ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་༼༡༦༤༢༽ལོར་འཁྲུངས། དགུང་ལོ་གསུམ་ནས་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པས་ཀུན་ཡིད་ཆེས། ཡོངས་འཛིན་རིན་པོ་ཆེ་ཀུན་དགའ་ལྷུན་གྲུབ་སོགས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་གདན་སར་སྤྱན་དྲངས། གོང་ས་རྒྱལ་བ་ལྔ་པ་ཆེན་པོའི་སྤྱན་སྔར་ཚིགས་གསུམ་རིམ་ཅན་དུ་མནོས། མཚན་མི་ཕམ་དབང་པོ་ངེས་དོན་གྲུབ་པའི་ཤིང་རྟ་དཀར་བརྒྱུད་རྒྱ་མཚོའི་སྡེར་གསོལ། བསྙེན་པར་རྫོགས་ནས་བཟུང་སྡོར་དཀར་ཁོ་ན་མཛད་དེ་བཙུན་པའི་དཔེ་འོས། དགུང་ལོ་བཅུ་གྲངས་ནས་དཔལ་ལྡན་འབྲས་སྤུངས་ཀྱི་དགེ་བཤེས་གཉལ་པ་རབ་འབྱམས་པ་ངག་དབང་འཇམ་དབྱངས་ལས། བསྡུས་གྲྭ་ནས་བརྩམས་ཕར་ཚད། དབུ་མ། མངོན་པ་སོགས་གསན་སྦྱང་མཐར་ཕྱིན་མཛད། དགུང་ལོ་བཅོ་བརྒྱད་པར་ལྷ་ལྡན་སྨོན་ལམ་ཆེན་མོར་ཕར་ཕྱིན་གྱི་ཚོགས་བཤད་དང་དམ་བཅའ་བཞག་ནས་ཚོགས་རམས་པ་མཛད་པས། སེར་འབྲས་ཀྱི་དགེ་བཤེས་ཐམས་ཅད་ཀྱིས། མཁས་པ་མཁས་པའི་ནང་ན་མཛེས་སོང་ཞེས་སྙན་པར་བསྒྲགས། འདུས་པ་རྒྱ་མཚོས་ཞྭ་ལམ་བཏིང་སྟེ་གོང་དུ་བཀུར། བཞི་བཅུ་ཙམ་ལ་མངའ་བདག་མཻ་ཏྲི་པའི་སྒྱུ་འཕྲུལ་བོད་མཁས་པ་དགེ་ལེགས་རྣམ་རྒྱལ་ཞབས་གདན་དྲངས་ཏེ། དུས་འཁོར། འཇིགས་བྱེད། གདན་བཞི། མ་ཧཱ་མཱ་ཡ། གསང་འདུས། བདེ་མཆོག །ཕག་མོ། ལྷ་མོ་དུད་སོལ་མའི་དབང་བཞི་སོགས་བཀའ་དབང་སྐོར། ཕྱག་ཆེན། ཆོས་དྲུག་དང༌། རྒྱས་པ་བསྲེ་འཕོ། བླ་སྒྲུབ། རྟེན་འབྲེལ། རོ་སྙོམས་སྙན་རྒྱུད།…

འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན་གྱི་རྣམ་ཐར།

༈ དེའི་སློབ་མ་འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན་ནི། མདོ་ཁམས་འབྲོག་སྡེ་སྒ་ཡུལ་ཤུལ་ཞེས་པར། གདུང་ལྷ་རྗེ་ཞོ་མགར་ཞེས་བླ་མ་དང་ལྷ་རྗེའི་རྒྱུད་བར་མ་ཆད་པར་བྱུང་བའི་ཡབ་ལྷ་རྗེ་ཨ་སྐྱ་དང༌། ཡུམ་ཀླུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་༼༡༦༧༢༽ལོར་ནང་སོ་དཀོན་རྒྱལ་སྤྲུལ་སྐུའི་གཅུང་དུ་འཁྲུངས། རྒྱལ་དབང་འབྲུག་པ་མི་ཕམ་དབང་པོའི་ཞལ་སྔ་ནས། ཡབ་ཀྱི་མིང་ལ་ཨ་ཞེས་པ་དང༌། ཡུམ་གྱི་མིང་ཀླུ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་ཡོང་ཞེས་ཇི་ལྟར་ལུང་བསྟན་པ་བཞིན་དུ་རྗེ་གོང་མའི་བུ་ཆེན་བླ་མ་ལོ་རི་ཤེས་རབ་རྒྱ་མཚོ་ནས་ངོས་འཛིན་མཛད། མཚན་དགེ་ལེགས་མཆོག་གྲུབ་བསྟན་འཛིན་དཔལ་བཟང་པོ་ཞེས་གསོལ། རྒྱལ་དབང་འབྲུག་པ་ནས་ཆེ་འདོན་གཡེལ་གྲགས་སྔ་ན་མི་དགའ་གསུངས་པ་བཞིན་དགུང་ལོ་བདུན་ཐོག་སྒ་ལོ་རིའི་དགོན་དུ་སྤྱན་དྲངས་ཏེ། རེ་ཞིག་དཀྱུས་མའི་ཚུལ་དུ་བཞུགས་ནས་སྐུ་ཡོན་གསན་སྦྱང་གནང༌། དེ་ནས་བཅུ་གསུམ་བཞེས་ཚེ་བླ་མ་ལོ་རིའི་བཞུགས་གནས་ནམ་མཁའི་སྒང་ཞེས་པ་དེར་ཐོག་མའི་ཆེ་འདོན་མངའ་གསོལ་མཛད། གོང་མའི་སློབ་མ་དབོན་ཀུན་དགའ་རྒྱ་མཚོས་སྤྲུལ་སྐུའི་རྩ་འཛིན་བདག་གཉེར་དེ་ཙམ་མ་མཛད་པར་བརྟེན། བླ་མ་ལོ་ཆོས་ཟུང་རེ་ཐག་ཆོད་དེ་བླ་མ་ཆོས་ལུའི་རང་གནས་འཇོ་ཕག་གྲུའི་ཕུག་གི་གཙུག་ལག་ཁང་དུ་སྤྱན་དྲངས་ཏེ། སེངྒེའི་ཁྲི་ལ་མངའ་གསོལ་ཞིང༌། རང་གི་འདོག་པ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲུལ་ནས་ཕུལ། དགུང་ལོ་བཅུ་དྲུག་ལ་བླ་མ་ལོ་ཆོས་གཉིས་ཀྱིས་སྒར་ཆས་ཞབས་ཕྱི་འབུལ་རྫས་སོགས་ཀྱི་ཆ་རྐྱེན་སྦྱར་ནས་དབུས་སུ་བྱོན། སྒམ་པོ་ཞབས་དྲུང་བཟང་པོ་རྡོ་རྗེ་ལ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གསན། བདེ་ཆོས་བླ་མ་ཡབ་སྲས་སོགས་མཇལ་ཞིང་རིམ་པས་བྱར་དུ་ཕེབས། དེར་རྒྱལ་དབང་ཐམས་ཅད་མཁྱེན་ཞབས་མི་ཕམ་དབང་པོའི་ཞལ་མཇལ་ནས། དངོས་འབུལ་རྒྱ་ཆེར་མཛད། གཙུག་ཕུད་ཕུལ་ནས་རབ་ཏུ་བྱུང༌། མཚན་སྔར་ནས་དགེ་ལེགས་མཆོག་གྲུབ་བསྟན་འཛིན་ཞེས་གནང་བར། སླར་ཡང་རྒྱལ་དབང་བསྟན་འཛིན་ཕྲིན་ལས་སུ་གསོལ། རྗེས་གནང་ཉེར་གཉིས་དང༌། དྲག་པོ་ཀཱི་ལ་ཡ་སོགས་ནས་བརྩམས་དབང་ཆོས་རིམ་པར་གསན་ཏེ་ལོ་ཤས་བཞུགས། སླར་ཁམས་སུ་བྱོན། བླ་མ་ཆོས་ལུ་དང་དབོན་ཀུན་དགའ་རྒྱ་མཚོ་གཉིས་ལ་གོང་མ་ནས་བརྒྱུད་པའི་དབང་ཆོས་ཕལ་ཆེར་གསན། འཇོ་ཕུ་དང་བྲག་ལོག་རྣམས་སུ་ཡང་ཤས་རེ་བཞུགས་ཤིང༌། སྐམ་ལུང་དུ་ལོ་མཚམས་དང༌། སྣ་རྡོག་མགོར་ཡང་སྐུ་མཚམས་ཟླ་ཤས་མཛད་དེ། སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། གྲྭ་འཁོར་གསར་རིགས་རྣམས་ཀྱང་རིམ་པས་འདུས། སྒ་སྟོད་དུ་འབུལ་སྡུད་གནང་བས་ཇ་གསེར་སོགས་གཏོས་ཆེ་བ་བྱུང་བ་རྣམས་བསྣམས་ཏེ། སླར་དབུས་སུ་བྱོན། རྒྱལ་དབང་འབྲུག་པའི་སྤྱན་སྔར་བསྙེན་པར་རྫོགས་ཤིང༌། དབང་རྗེས་གནང་གི་རིམ་པ་དུ་མ་དང༌། ཁྱད་པར་དཔལ་ལྡན་ལྷ་མོའི་དབང་བཞི་ཆིག་བརྒྱུད་མ་གནང་ནས་སླར་སྐུ་སྐྱེ་ཕྱི་མ་གསུམ་བཞིའི་དུས་ཡར་འབུལ་དགོས་གསུངས། གཞན་ཡང་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ལ་ལྗགས་བཤད་ཞིབ་བཀྲོལ་གྱིས་མཚོན་ཀུན་མཁྱེན་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཁྲིད་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉམས་ཁྲིད་དུ་གནང་བས།…

འཛི་སྒར་དབོན་དགེ་ལེགས་རིན་ཆེན་གྱི་རྣམ་ཐར།

༈ དེའི་དབོན་མཁས་གྲུབ་དགེ་ལེགས་རིན་ཆེན་ནི། རབ་བྱུང་བཅུ་གཉིས་པ་གསར་དུ་ཚེས་པའི་མེ་ཡོས་༼༡༦༨༧༽ལོར་རྗེ་འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན་གྱི་སྐུ་མཆེད་དུ་འཁྲུངས། རྗེ་དེ་ཉིད་ལ། མཚུངས་མེད་བསོད་ནམས་རྒྱ་མཚོ་ནས་བརྒྱུད་པའི་ཕྱག་ཆེན་དང་ཆོས་དྲུག་གི་སྨིན་ཁྲིད་སོགས་དང༌། ཁམས་སྤྲུལ་རིན་པོ་ཆེ་རྗེ་ཀུན་དགའ་བསྟན་འཛིན་ལ་ཟབ་རྒྱས་ཀྱི་གདམས་ངག་མང་པོ་གསན་ནས་མཁས་གྲུབ་གཉིས་ལྡན་དུ་གྱུར། ལུགས་གཉིས་ཀར་མཁྱེན་རྒྱ་ཤིན་ཏུ་ཆེ་བས། རྗེ་འཛི་སྒར་གསུམ་པ་དང༌། བཞི་པ་གཉིས་ཀའི་རྩ་འཛིན་བདག་གཉེར་ཚུལ་བཞིན་གནང༌། དམ་པ་འདིའི་ལོ་རྒྱུས་ཟུར་ཙམ་ནི་རིག་འཛིན་རྡོ་རྗེ་དྲག་པོའི་ཞལ་ནས། གྲུབ་དབང་དེ་ཉིད་ཀུན་དགའ་བསྟན་འཛིན་དང༌། དགེ་ལེགས་མཆོག་གྲུབ་བསྟན་འཛིན་ལ་ཕྱག་རྒྱ་ཆེན་པོའི་སྨིན་ཁྲིད་གསན་པ་ཉམས་ལེན་མཐར་ཕྱིན་ཅིང༌། དགུང་ལོ་སུམ་ཅུ་ནས་ཞི་དབྱིངས་སུ་གཤེགས་ཀྱི་བར་བཅད་རྒྱའི་རི་མོ་ལས་མ་བརྒལ་ཞིང༌། དེང་སང་གི་དུས་ལ་དཔག་ན་སྒྲུབ་ཚུགས་རྣམ་ཐར་མི་ལ་རས་པ་དང་མཉམ་ངེས་པ་དང༌། རྙེད་བཀུར་དང་གྲགས་པ་དོན་གཉེར་སོགས་ཡེ་ནས་མི་བཞེད་ཅིང༌། དད་འབུལ་གྱི་དངོས་པོ་ཅུང་བཞེས་པ་རྣམས་རྟེན་བཞེངས་དང༌། སྤྲང་པོའི་དགེ་སྟོན་ཁོ་ནར་འཕྲལ་བྱུང་འཕྲལ་དག་གི་བྱང་ཆེན་དུ་སྨིན་པར་མཛད། དུས་གསུམ་ལག་མཐིལ་དུ་གཟིགས་ཀྱང་བསྟན་དོན་གལ་ཆེན་ཙམ་མ་གཏོགས་མི་མཁྱེན་པའི་ཚུལ་དུ་སྦ། ཐོས་བསམ་ཆེད་དུ་བསྒྲུབས་པ་རྣམས་ཀྱིས་འགྲན་མེད་པའི་སྒོམ་བྱུང་གི་ཤེས་རབ་མངའ་བས་ཕྱག་ཆེན་པུ་ཏི་དང༌། ཞལ་གདམས་གསོལ་སྨོན་སོགས་ཞུས་ངོ་མ་ལྡོག་ཙམ་སྩལ་བའི་པོ་ཏི་གཅིག་བཞུགས་པར་ཡང༌། ཚིག་དོན་ཕུན་སུམ་ཚོགས་པ་རྡོ་རྗེའི་གསུང་བདེ་གཤེགས་བཀའ་ཡི་བླ་མར་བསྟེན་འོས་པ་སོགས་མདོར་ན་དམ་པ་དེ་ཡི་རྣམ་ཐར་དྲན་པས་ད་དུང་ཡང་དད་དང་མོས་གུས་ངེས་ཤེས་ཇེ་ཆེར་འཕེལ་བ་ཡོད་ཅེས་གསུངས་པ་ལྟར་རོ། །དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ། དགུང་ལོ་རེ་ལྔ་པ་ལྕགས་ལུག་༼༡༧༥༡༽ ལོའི་བོད་ཟླ་གསུམ་པའི་ནང་ཅུང་ཟད་སྙུན་ཚུལ་བསྟན་ཏེ། དགོན་པའི་ནང་རྟེན་རྣམས་ཐོར་བཀོད། ཉིད་ཀྱིས་གསར་བཞེངས་བྲིས་འབུར་རྣམས་ཀྱང་དེར་སྦྱོར་འཇགས་མཛད་ཅིང༌། བླ་མ་སྐུ་རྟེན་པས་དབུར་མཛད་པའི་བསམ་ཡོད་རྣམས་ལ་རྗེ་འཛི་སྒར་བཞི་པ་འདི་ཉིད་སྐུ་ནར་མ་སོན་བར་འཐོར་འཆར་མི་ཆོག་པའི་ཞལ་བཀོད་གནང་ནས། ཚེས་ཉེར་དགུ་ལ་སྐུ་ཚེ་དང་སྒྲུབ་པ་མཉམ་བཞིན་དགོངས་པ་དབྱིངས་སུ་ཐིམ་པའི་ཚེ་འཇའ་སྤྲིན་སྤོས་དྲི་རོལ་མོའི་སྒྲ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་ངོ༌། །དགེ་ལེགས་སྐུ་སྐྱེ་ཞེས་རྗེ་འདིའི་སྤྲུལ་བརྒྱུད་ཀྱང་ཕྱིས་ཀྱི་བར་དུ་བྱུང་བར་མངོན། རྗེ་འདིའི་གསུང་རྩོམ་ཡང་གོང་སྨོས་ལྟར་པོ་ཏི་གཉིས་ལས། དེང་སང་ཕྱག་ཆེན་བླ་བརྒྱུད་དང་སྔོན་འགྲོ་བཞི་སྦྱོར། དངོས་གཞི་ངེས་གསང་ཆུ་བོ་ཀུན་འདུས་དང༌། རྣལ་འབྱོར་བཞིའི་རྣམ་དབྱེ་མ་འདྲེས་གསལ་བཤད་དཀར་བརྒྱུད་རིན་པོ་ཆེའི་དགོངས་རྒྱན་བཅས་པོད་གཅིག་བཞུགས་སོ། །

འཇམ་དབྱངས་ཕྲིན་ལས་རབ་བརྟན་གྱི་རྣམ་ཐར།

༈ རྒྱལ་དབང་དྲུག་པའི་སློབ་མ་རྫོང་ཕུག་པ་འཇམ་དབྱངས་ཕྲིན་ལས་རབ་བརྟན་ནི། རྒྱལ་དབང་དྲུག་པ་མི་ཕམ་དབང་པོ་ལ་བསྟེན་ནས་སྨིན་གྲོལ་གདམས་པའི་མཛོད་དུ་གྱུར། རྗེ་འདི་ཉིད་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་རྩ་བའི་བླ་མར་བསྟེན་ནས། འབྲུག་ལུགས་གདན་ས་བརྒྱུད་པའི་དབང་ལུང་གདམས་པ་ཡོངས་རྫོགས་གསན་བཞེས་གནང་སྟེ། འདི་ནས་རིམ་བཞིན་ཕྱག་ཆེན་བརྒྱུད་པ་བྱུང་ཞིང༌། ཞབས་བརྟན་གསོལ་འདེབས་ཀྱང་འདི་ལྟར་ཕུལ། ཨོཾ་སྭསྟི། དཔལ་ལྡན་གྲུབ་པའི་དབང་ཕྱུག་འཁོར་ལོའི་མགོན། །དོན་བརྒྱུད་སྙིང་པོའི་སྟོན་པ་རྡོ་རྗེ་འཆང༌། །བྱིན་རླབས་ཆུ་བོ་འདྲེན་པའི་ཤིང་རྟ་ཆེ། །རྩ་བའི་བླ་མ་ཕྲིན་ལས་རབ་བརྟན་ཞབས། །གདུལ་བྱའི་དོན་དུ་བསྐལ་བ་རྒྱ་མཚོའི་བར། །ཞབས་པད་བརྟན་གནས་སྨིན་གྲོལ་ཆོས་ཀྱི་ཆར། །ལེགས་སྩོལ་བྱང་ཆུབ་མྱུར་ཐོབ་བྱིན་གྱིས་རློབས། །ཞེས་ཡོངས་འཛིན་དམ་པའི་ཞབས་པད་དུ་ཚེ་དབང་ནོར་བུས་ཕུལ་བ་དགེ། ཞེས་པ་སོགས་ཞབས་བརྟན་གསོལ་འདེབས་དང་འབྲེལ་བའི་བསྟོད་བསྔགས་མང་པོ་གནང༌། ཚུལ་དེ་ལ་དཔགས་ན་མཁས་གྲུབ་ཆེན་པོ་ཞིག་བཞུགས་ངེས་ཀྱང་རྣམ་ཐར་ཞིབ་པར་དེ་སྔོན་མ་མཇལ་ལོ། །

རྒྱལ་དབང་བདུན་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟའི་རྣམ་ཐར།

༈ དེའི་སློབ་མ་རྒྱལ་དབང་བདུན་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟ་ནི། ཀོང་པོ་ཨོ་རོང་སྡེ་པར། ཡབ་སྡེ་པ་ཚེ་རིང་དབང་རྒྱལ་དང༌། ཡུམ་འོད་གསལ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་༼༡༧༡༨༽ལོར་སྐུ་བལྟམས། རིག་འཛིན་ཆོས་རྗེ་གླིང་པས་རྒྱལ་དབང་མི་ཕམ་དབང་པོའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བཞི་པར་གདན་སར་མངའ་གསོལ། དགུང་ལོ་ལྔ་པར་གོང་ས་རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོར་མཇལ་བཅར་དང་གཙུག་ཕུད་ཕུལ། མཚན་བློ་བཟང་མི་ཕམ་ཕུན་ཚོགས་འགྱུར་མེད་གྲུབ་རིགས་བསྟན་པའི་ཉི་མར་གསོལ། ཕྱིས་སུ་རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་གནང༌། དེ་ནས་མཁན་ཆེན་རིན་ཆེན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་རིག་གནས་སྤྱི་དང་མདོ་ཕྱོགས་གཞུང་ཆེན་ཁག་ལ་གསན་སྦྱང་མཛད། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་དང༌། ཡོངས་འཛིན་གསུམ་པའི་གཅུང་དབོན་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག །ལ་སྟོད་བར་འབྲོག་ཆུ་བཟང་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ། ཞ་ལུ་དགེ་སློང་རྡོ་རྗེ་འཛིན་པ་རིན་ཆེན་འཇམ་དཔལ་དོན་གྲུབ་སོགས་བླ་མ་དུ་མ་བསྟེན་ནས་དཔལ་ལྡན་འབྲུག་པའི་ཟབ་ཆོས་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་གསུམ་དཔག་ཏུ་མེད་པ་གསན་ཏེ་ཉམས་བཞེས་མཛད། རྒྱལ་དབང་ཀརྨ་པ་དང༌། སི་ཏུ་རིན་པོ་ཆེ། དཔའ་བོ་རིན་པོ་ཆེ། རིག་འཛིན་ཆེན་པོ་ལྷན་རྒྱས་ལ་སྒྲུབ་ཐབས་རིན་འབྱུང་དང་སྒྲོལ་མའི་དབང་བཞི་རྒྱས་པ་ཕུལ་ཅིང༌། སི་ཏུ་པཎ་ཆེན་གྱི་ཞལ་སྔ་ནས། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྨིན་དབང་ཡང་ཚུར་གསན། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ལ་སྒྲུབ་ཐབས་རིན་འབྱུང་དང༌། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་སྨིན་དབང་རྒྱས་པ། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་བསྩལ་ཅིང༌། ཚུར་ཡང་འཇམ་དཔལ་ཚེ་བདག་སྒྲུབ་དབང་ཆེན་མོ་གསན་བཞེས་མཛད། རྗེ་རིག་འཛིན་ཆེན་པོ་དང་དཔའ་བོ་གཙུག་ལག་དགའ་བ་བཅས་ནས་བལ་ཡུལ་འཕགས་པ་ཤིང་ཀུན་ཞིག་གསོ་མཛད། རིག་འཛིན་ཆེན་པོ་གཤེགས་རྗེས་དགོངས་རྫོགས་མཆོད་འབུལ་དང་གསེར་གདུང་བཞེངས་པ། བལ་ཡུལ་མཆོད་རྟེན་རྣམ་གཉིས་ཀྱི་ཉམས་གསོའི་མཐའ་བསྐྱངས་བ་སོགས་མཛད་པ་དཔེ་ཟླ་བྲལ། ཉིན་ལམ་བཞི་ལྔའི་ས་ནས་རབ་གནས་མཛད་པས་མེ་ཏོག་ཤིང་ཀུན་གྱི་སྟེང་དུ་མངོན་སུམ་བབ་ཅིང༌། གངས་ཏི་སེར་ཕེབས་སྐབས་རྡོ་བའི་ངོས་ལ་ཞབས་རྗེས་བཀོད་པ་སོགས་གྲུབ་པའི་གོ་འཕང་བརྙེས་པའི་ངོ་མཚར་མང༌། སྟོད་ལ་དྭགས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་སྐུ་མཆེད་དང་བློན་པོ་སོགས་ཀྱིས་ཕེབས་བསུ་བཅས། སླེ་ཕོ་བྲང༌། ཤེལ་མཁར། ཧེ་མི་བྱང་ཆུབ་གླིང་སོགས་སུ་ཞབས་ཀྱིས་བཅགས་ཤིང༌། དད་ལྡན་སེར་སྐྱ་དཔག་ཏུ་མེད་པ་ལ་སྨིན་གྲོལ་གྱི་གདམས་པ་ཅི་ཡང་བསྩལ། གར་ཞ་མཁའ་འགྲོའི་ཡུལ་དུ་ཕེབས་ཏེ། རིག་འཛིན་ཆེན་པོའི་བཞེད་དོན་ལྟར་རང་བྱོན་ཐུགས་རྗེ་ཆེན་པོར་གསེར་གདུགས་ཕུལ། ཡུལ་ཉེར་བཞིའི་མ་རུ་དང༌། ཀུ་ལུ་ཏ་སོགས་གནས་གཟིགས་དང་ཚོགས་མཆོད་མཛད།…