རྒྱལ་དབང་དཔག་བསམ་དབང་པོ་ནས་བརྒྱུད་པའི་སྐབས།

མི་ཕམ་ཡར་འཕེལ་དབང་པོའི་རྣམ་ཐར།

༈ ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱི་བརྒྱུད་འཛིན་སློབ་མ་མི་ཕམ་སྒྲུབ་བརྒྱུད་ཡར་འཕེལ་དབང་པོ་ནི། ནང་སོ་ལྕོག་ཏུ། ཡབ་ནང་སོ་སྙིང་སྡུག་དང༌། ཡུམ་ཤཱཀྱ་མཚོ་མོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་༼༡༦༣༢༽ ལོར་བལྟམས། སྔོན་གནས་རྗེས་དྲན་གྱི་སྤྱོད་ཚུལ་ལས་ཀུན་མཁྱེན་དངོས་སློབ་མཆོག་གཟིགས་ཐུགས་རྗེ་དཔལ་འབྱོར་གྱི་སྐྱེ་བར་གྲགས། གདན་ས་བ་རྣམས་ཀྱིས་བརྟག་དཔྱད་བྱས་པས་གྲྭ་ཡོན་ཐམས་ཅད་ཡིད་ཆེས། དགུང་ལོ་བརྒྱད་པ་ལ། ཡར་འབྲོག་སྒྲུབ་སྡེ་འབྲུག་རྒྱས་བསམ་གཏན་ཆོས་གླིང་དུ་གོང་མའི་གདན་སར་ཕེབས། རྒྱལ་བ་དཔག་བསམ་དབང་པོའི་ཞབས་དྲུང་དུ་གཙུག་ཕུད་ཕུལ་ཏེ། མཚན་སྒྲུབ་བརྒྱུད་ཡར་འཕེལ་དབང་པོར་གསོལ། ཞལ་མཇལ་བའི་མོད་ལ་ཏིང་ངེ་འཛིན་རང་བྱུང་དུ་འཁྲུངས། ཆོས་རྗེ་ཚར་སྟེང་བ་དང་མཁས་པ་འགའ་ལས། སྒྲ་སྙན་ངག །རྩིས་བྲིས་འབུར་གྱི་བཟོ་རིག་སོགས་སྦྱངས་པས་མཁས་པའི་རྩེར་སོན་ཏེ། རིག་པའི་རལ་གྲི་ཞེས་བསྔགས། གཞན་ཡང་གྲུབ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་བཟང་པོ། སྡིངས་པོ་ཆེ་ཅོག་གྲྭ་གཉིས་པ་དབང་སྙན་གྲགས་དཔལ་བཟང༌། གོང་ས་རྒྱལ་བ་ལྔ་པ་ཀུན་གཟིགས་ངག་དབང་བློ་བཟང་རྒྱ་མཚོ་སོགས་ལས་གསར་རྙིང་གི་ཆོས་བཀའ་མང་པོ་མནོས། གཙོ་བོར་ཡོངས་འཛིན་རིན་པོ་ཆེ་ངག་དབང་ཀུན་དགའ་ལྷུན་གྲུབ་རིགས་ཀྱི་ཅོད་པན་དུ་བསྙེན་ཏེ། དགུང་ལོ་ཉི་ཤུ་པར་ཡོངས་འཛིན་དམ་པས་མཁན་སློབ་སྦྲགས་མ་མཛད་ནས་བསྙེན་པར་རྫོགས། རིམ་བཞིན་བསྲེ་འཕོའི་ཁྲིད་འགྲེལ་སྦྲགས་མ། འབྲུ་བཤད་བཅས་འབུམ་ནག་ལུགས། སྙན་རྒྱུད་ལུགས་གཉིས། ཨོ་རྒྱན་བསྙེན་སྒྲུབ། རྟེན་འབྲེལ། རོ་སྙོམས། ལམ་ཟབ་རྣམས་ཀྱི་ཁྲིད་ཚུལ་རྒྱས་པ། སྒྲུབ་ཐབས་སྐོར་ལྔས་མཚོན་པའི་འབྲུག་སྐོར་མཐའ་དག་བརྒྱུད་པའི་སྨིན་གྲོལ་བུམ་པ་གང་བྱོ་ནོད་པར་མཛད། ཕྱག་རྒྱ་ཆེན་པོའི་ཁྲིད་གསན་མ་ཐག་ནས་གནས་ལུགས་ཀྱི་རང་ཞལ་འཁྲུལ་མེད་གཟིགས། བྲག་དཀར་འབྲོང་བུ། ངར་ཕུག །ཡང་རྫོང་སོགས་སྒྲུབ་གནས་ཅི་རིགས་སུ་ལྷག་པའི་ལྷ་རྒྱ་མཚོའི་བསྙེན་སྒྲུབ་ལ་གཞོལ་ཞིང༌། ཉམས་བཞེས་ཀྱི་གཙོ་བོ་གཏུམ་མོ་བདེ་ཆེན་ལ་གནད་དུ་བསྣུན་པས་གྲུབ་པའི་དབང་ཕྱུག་ཆེན་པོའི་གོ་འཕང་བརྙེས། དགུན་གངས་ཁོངས་སུ་ན་བཟའ་རས་རྐྱང་གིས་དྲོས་པ་སོགས་ཡ་མཚན་པ་བགྲང་གིས་མི་ལང༌། རེ་ལྔ་པ་ལ་རྗེ་དབོན་རིན་པོ་ཆེ་འཇམ་པའི་རྡོ་རྗེ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། རྗེ་ཉིད་གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཉེ་བའི་ཆར་མཁའ་སྤྱོད་བདེ་ཆེན་གླིང་དུ་དབེན་པ་བསྟེན་ཅིང༌། རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལྷུར་བཞེས་མཛད་པའི་ཞར་དུ་སྐལ་ལྡན་སློབ་མ་མང་པོ་ངེས་གསང་ཟབ་མོའི་གདམས་པས་རྗེས་སུ་བཟུང༌། རྣམ་ཐར།…

མཐུ་ཆེན་གསུམ་པ་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར།

  ༈ རྗེ་མཐུ་ཆེན་གསུམ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་ནི། གཙང་བཀྲ་ཤིས་ལྷུན་པོའི་ཉེ་ཞོལ་དུ། བདག་ཆེན་དབང་གི་རྒྱལ་པོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཡོས་༼༡༦༣༩༽ལོར་འཁྲུངས། ཆུང་ངུ་ནས་སྔོན་གནས་རྗེས་དྲན་གྱི་གསུང་དུ་མས། མཐུ་ཆེན་བདུད་འཇོམས་རྡོ་རྗེའི་སྐྱེ་བར་རང་གསལ་གྱུར་ནས། རྗེ་ཡོངས་འཛིན་དམ་པ་ཀུན་དགའ་ལྷུན་གྲུབ་ཀྱིས་གཙུག་ཕུད་བཞེས་ཤིང༌། མཚན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། དཔལ་ལྡན་འབྲས་སྤུངས་སུ་ལོ་ཕྱེད་གསུམ་ཙམ་བཞུགས་རིང༌། མཚན་ཉིད་ཀྱི་གསན་སྦྱང་གནང་ནས་གསང་ཕུར་གྲྭ་སྐོར་ལ་བྱོན། དགུང་ལོ་ཉི་ཤུ་པ་ལ་ཡོངས་སུ་འཛིན་པ་ཆེན་པོའི་དྲུང་དུ་བསྙེན་པར་རྫོགས། རྗེ་དེ་ཉིད་ལས་སྔ་ཕྱི་རིམ་པར་རྡོ་རྗེ་ཕྲེང་བ་སོགས་དབང༌། སྒྲུབ་ཐབས་རྒྱ་མཚོ་སོགས་རྗེས་གནང༌། དཔལ་ལྡན་འབྲུག་པའི་ཕུག་ནོར་ཕྱག་ཆེན། བསྲེ་སྙན་སོགས་རྗེ་ཉིད་ལ་བཞུགས་སོ་ཅོག་བུམ་པ་གང་བྱོར་བསྩལ། གཞན་ཡང་རྒྱལ་དབང་མི་ཕམ་དབང་པོ། མཁས་གྲུབ་ཡར་འཕེལ་དབང་པོ་སོགས་ལ་དབང་ཁྲིད་མན་ངག་མང་པོར་གསན་ཅིང་སྒྲོ་འདོགས་ཆོད་པར་མཛད། བདེ་ཆོས་རང་དང༌། ལྕོག་མོ་བྱང་ཆུབ་སྙིང་པོ། བྱང་ཆུབ་སྡིངས། ཆུ་ཤུལ་སྤྲོག་མ་དགོན། སྨན་རྩེ། ཁ་ཆེན་དཔལ་འབར། གཡའ་རི་སྨུག་པོ། གཞུང་ཁུང་བུག་སོགས་སུ་ངེས་དོན་ཟབ་མོའི་ཉམས་བཞེས་ལ་རྩེ་གཅིག་ཏུ་བཞུགས་པས། ཕྱག་རྒྱ་ཆེན་པོའི་གནས་ལུགས་ཀྱི་དོན་མངོན་དུ་གྱུར། སྐུ་ཚེ་ཕལ་ཆེར་བྱ་བཏང་གཙང་མའི་ངང་ཚུལ་བཟུང་ནས་ཙ་རི་ཏྲ་སོགས་གནས་ཆེན་དབེན་རི་ངེས་མེད་སྣ་ཚོགས་སུ་ཕེབས་པས། ནང་དུ་ཐུགས་དམ་ལ་བོགས་ཐོན་ཅིང༌། ཕྱི་རོལ་དུ་དྲེགས་པའི་ལྷ་སྲིན་ཐམས་ཅད་དམ་ལ་ཐོགས་པ་བྱུང༌། སྣོད་ལྡན་རྣམས་ལ་ཞར་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར། ཡོངས་འཛིན་གཤེགས་རྗེས། བསྟན་དོན་ལའང་དགོངས་ནས། བདེ་ཆོས་སུ་རྒྱལ་ཚབ་ཀྱི་ཚུལ་དུ་བཞུགས་ནས་ལུགས་གཉིས་ཀྱི་སྒོ་ནས་ཕྲིན་ལས་བསྐྱངས་ཤིང༌། འདུས་སྡེའི་དབུ་འདོན་མཛད་བཞིན་པའི་རིང་ལ། ཡོངས་འཛིན་མཆོག་སྤྲུལ་འཁྲུངས་པའི་ངོས་འཛིན། སྤྱན་འདྲེན་མངའ་གསོལ་དང༌། ཁྱད་པར་ཟབ་ཆོས་ཀྱི་རིམ་པ་མཐའ་དག་འབུལ་བར་མཛད། ཡོངས་འཛིན་མཆོག་སྤྲུལ་དང་རྗེ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་ཆེ་ཕྲ་མང་པོ་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་སོགས། སོ་ཐར།…

ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པའི་རྣམ་ཐར།

  ༈ དེའི་སློབ་མའི་གཙོ་བོ་ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པའམ་ངག་དབང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ནི། གཡོར་པོ་གཞུང་གི་ས་ཆར། ཡབ་རྣམ་རྒྱལ་དང༌། ཡུམ་དགོས་དགོས་གཡང་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་༼༡༦༧༧༽ལོར་སྐུ་བལྟམས། ཕྱིས་མངལ་དུ་བཞུགས་དུས་སུ་མི་བདེ་བའི་རྣམ་པ་བྱུང་བ་སོགས་གསལ་པོར་དགོངས། ང་བླ་མ་ལྷ་རྩེ་བ་ཡིན་ཞེས་ཡང་ཡང་གསུངས་པ་དང༌། བླ་མ་དང་ཆོས་སྐྱོང་སོགས་ཡེ་ཤེས་ཀྱི་གཟིགས་པ་མངའ་བ་མང་པོས་མཐུན་གྲུབ་ཏུ་ལུང་བསྟན་པས། གདན་སར་སྤྱན་དྲངས་ནས་བཞུགས་ཁྲིར་མངའ་གསོལ། འགྲོ་ཀུན་དགའ་བའི་བཤེས་གཉེན་དགེ་ལེགས་དཔལ་བཟང་པོའི་འབྱུང་གནས་ཞེས་པའི་མཚན་གྱིས་ཤིས་པར་བརྗོད། དགུང་ལོ་དྲུག་པར་གོང་ས་ལྔ་པ་ཆེན་པོའི་དྲུང་དུ་གཙུག་ཕུད་ཕུལ་བས། མཚན་བློ་བཟང་པད་དཀར་དགེ་ལེགས་བཞད་པའི་སྡེར་གསོལ། རྗེ་མཐུ་ཆེན་ཆོས་ཀྱི་དབང་ཕྱུག་ལས། བར་མ་རབ་བྱུང་དང་དགེ་ཚུལ་སློང་གི་བསླབ་སྡོམ། རྡོ་རྗེ་ཕྲེང་བ་སོགས་དབང་དང་རྗེས་གནང་གི་རིམ་པ་དུ་མ། རྒྱལ་བའི་བཀའ་འགྱུར་གྱི་ལུང༌། ཁྱད་པར་བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་ཁྱད་ནོར་ལྟ་སྒོམ་སྤྱོད་འབྲས་གཙོར་བཏོན་ཐབས་གྲོལ་གྱི་ལམ་གསང་ཆེན་པོ་རྣམས་ཀྱི་ཟབ་ཁྲིད་མན་ངག་རྣམས་ཚུལ་བཞིན་གསན་ཅིང༌། ཉམས་བཞེས་མཛད། དཔལ་འབྲུག་པ་རྒྱལ་དབང་མི་ཕམ་དབང་པོ་ལས་རྔོག་དཀྱིལ་སྐོར་དང༌། དཔལ་དུས་ཀྱི་འཁོར་ལོའི་སྨིན་དབང་སོགས་ཆོས་བཀའ་མང་པོ་གསན། སྒྲུབ་བརྒྱུད་ཡར་འཕེལ་དབང་པོ་ལས་མདོ་རྒྱུད་རིག་གནས་ཁྲིད་མན་ངག་སྤྱི་དང༌། ཁྱད་པར་བསྲེ་འཕོའི་སྐོར་ལ་རྗེ་གོང་མའི་གསུང་རྒྱུན་ཉམས་པ་མེད་པའི་བཤད་པ་སོགས་ཞིབ་མོར་གསན་པས། ཐེ་ཚོམ་གྱི་རྒྱ་མདུད་ཡོངས་སུ་བཀྲོལ་བའི་བཀའ་དྲིན་མཛད་ཅེས་གསུངས། གཞན་ཡང་སྒམ་པོ་ཞབས་དྲུང་སྤྱན་སྔ་བཟང་པོ་རྡོ་རྗེ། ཆོས་རྒྱལ་གཏེར་བདག་གླིང་པ། གངས་དཀར་རྡོ་རྗེ་གདན་གྱི་ཆོས་རྗེ་བློ་གྲོས་དབང་ཕྱུག །གནས་བརྟན་འཇམ་དབྱངས་གྲགས་པ། རིན་པོ་ཆེ་ཕྲིན་ལས་མཆོག་གྲུབ། དགེ་བཤེས་ཀུན་དགའ་དོན་གྲུབ་སོགས་ལས་མདོ་སྔགས་རིག་གནས་མཐའ་དག་གསན་ཅིང་ཐུགས་སུ་ཆུད་པར་མཛད་པས། ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར། དེ་ནས་སྒོམ་པས་ཉམས་སུ་བསྟར་བར་དགོངས་ནས། ཐོག་མར་ལོ་གསུམ་ཕྱོགས་དང་བཅས་པའི་སྐུ་མཚམས་ཀྱི་ངེས་པ་ལ་བཞུགས་ནས། ལམ་ཟབ་བླ་མ་སྒྲུབ་པ་གཙོར་བཏོན་གྱིས་ལྷག་པའི་ལྷ་ཚོགས་རྩེ་གཅིག་བསྙེན་པས་རིམ་གཉིས་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར། གནས་ཆེན་ཙ་རི་ཏྲར་ལན་གསུམ་ཞབས་ཀྱིས་བཅགས་པའི་ཚེ། ཡི་དམ་ལྷའི་ཞལ་གཟིགས་དང་བྱིན་གྱིས་བརླབས་པ་ཤིན་ཏུ་མང༌། དཔལ་མགོན་ཕྱག་བཞི་པའི་སྒྲུབ་ཐབས་ཡེ་ཤེས་འོད་ཀྱི་ལྕགས་ཀྱུ་སོགས་མགོན་པོའི་སྐོར་གྱི་ཡིག་ཆ་འགའ་མཛད། ཐམས་ཅད་མཁྱེན་པ་མི་ཕམ་དབང་པོ་བདེ་ཆེན་ཆོས་འཁོར་དུ་གདན་དྲངས་ནས་བཀུར་སྟི་ཕུན་སུམ་ཚོགས་པ་ཞུས་ཤིང༌། གོང་མའི་དུས་གཞན་རྐྱེན་དབང་ལས་དམ་སེལ་གྱི་རྣམ་པ་བྱུང་བ་ལེགས་པར་གསོས་ཤིང༌། ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས།…

འཁྲུལ་ཞིག་སྐུ་ཕྲེང་གསུམ་པ་འཇམ་དཔལ་གྲུབ་པའི་རྣམ་ཐར།

  ༈ འཁྲུལ་ཞིག་སྐུ་ཕྲེང་གསུམ་པ་འཇམ་དཔལ་གྲུབ་པའམ་འཇམ་དཔལ་ནོར་བུ་ནི། ལྕིའི་གསང་ལུང་སྨད་རྫོང་སྒོ་ཞེས་པར། འཇའ་སར་ཚང་དུ། རབ་བྱུང་བཅུ་གཅིག་པའི་སྨད་ཙམ་ལ་སྐུ་འཁྲུངས་པར་གསལ། དགུང་ལོ་བཞི་ཙམ་ནས་ང་འཁྲུལ་ཞིག་དགོན་གྱི་བླ་མ་ཡིན་གསུང༌། ལུང་དོན་ལྟར་གོང་མའི་སྤྲུལ་སྐུར་ངོས་བཟུང༌། གོང་མའི་ཁྲི་ལ་མངའ་གསོལ་ནས། འཇམ་དཔལ་ནོར་བུའམ་འཇམ་དཔལ་གྲུབ་པའི་སྡེ་ཞེས་མཚན་གསོལ། ཆུང་ངུ་ནས་སྦྱང་ཡོན་ཕུལ་དུ་བྱུང༌། རྡོ་རྗེ་འཛིན་སྤྲུལ་མི་ཕམ་ཆོས་ཀྱི་དབང་ཕྱུག་དང༌། ཡོངས་འཛིན་དགེ་ལེགས་བཞད་པ༑ ཁམས་སྤྲུལ་རིན་པོ་ཆེ་ཀུན་དགའ་བསྟན་འཛིན་སོགས་བླ་མར་བསྟེན་ནས། སྒྲུབ་ཐབས་སྐོར་ལྔས་མཚོན་པའི་ཡི་དམ་གྱི་བསྙེན་སྒྲུབ་དང༌། ཕྱག་ཆེན། ཆོས་དྲུག །རོ་སྙོམས་སོགས་ལ་ཉམས་བཞེས་ཀྱི་མཚམས་སྒྲུབ་མཐར་ཕྱིན། ཁྱད་པར་ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པ་བྱུང༌། ནད་གདོན་གྱིས་ཉེན་པ་ལ་མ་ནམ་བཞི་སྐོར་གྱི་བྱིན་རླབས་རེ་མཛད་པ་ཙམ་གྱིས་གྲོལ་བ་དང༌། གཤིན་པོ་ལའང་མ་ནམ་བཞི་སྐོར་རེ་གསུངས་པས་འཇའ་ལམ་འཛུགས་པ་སོགས་ངོ་མཚར་མངའ། ཐེངས་ཤིག་སྒར་ཁལ་རྣམས་ཇག་པས་འཕྲོགས་ནས་འབྱོན་ཐབས་བྲལ་བར་གྱུར་སྐབས་ཀྱང་གཟན་གྱིས་དབུ་བཏུམས་ནས་མ་ནམ་བཞི་སྐོར་གསུང་གིན་བཞུགས་པས། ཇག་པ་རྣམས་ཀྱིས་ཁལ་བཤས་པའི་མགོས་ངར་སྒྲ་སྒྲོགས་པ་སོགས་ལྟས་ངན་པ་བྱུང་ནས་འགྱོད་བཤགས་ཕུལ། གྲྭ་པ་རྣམས་ཀྱིས་ང་ཚོའི་བླ་མ་འདིས་མི་ཤི་ན་མ་ནམ་བཞི་སྐོར། དགྲ་བརྒྱབ་ནའང་མ་ནམ་བཞི་སྐོར་ཞེས་གླེང་བར་ཕྱིས་སུ་ཁ་དཔེར་གྲགས་པ་བྱུང༌། དེ་ལྟར་བསྟན་འགྲོའི་མཛད་པ་ཕྲིན་ལས་མཐར་ཕྱིན་ནས་དགུང་གྲངས་མང་ཙམ་བཞུགས་པས། འཁྲུལ་ཞིག་སྤྲུལ་རྒན་ཞེས་གྲགས་སོ། །

ཅོག་གྲྭ་གསུམ་པ་ངག་དབང་པད་དཀར་གྱི་རྣམ་ཐར།

༈ ཡོངས་འཛིན་གསུམ་པའི་སློབ་མ་ཅོག་གྲྭ་གསུམ་པ་ངག་དབང་པད་དཀར་རམ་བློ་གྲོས་ཚངས་དབྱངས་དབང་པོ་ནི། ཡབ་གསོ་རིག་ལ་མཁས་པར་གྲགས་པ་ཞིག་གི་སྲས་སུ་འཁྲུངས་པས། རྗེ་ཉིད་ཀྱིས་ཀྱང་གསོ་བ་རིག་པ་ཕྱག་བཞེས་མཛད་དེ། གངས་ཏི་སེར་གནས་མཇལ་དུ་ཕེབས་སྐབས་གངས་སེང་དཀར་མོས་འོ་མ་ཕུལ་བར་གྲགས་པ་ལ། སྡིངས་ཆེའི་ཁྱད་འཕགས་རིན་ཆེན་རིལ་བུ་སྨན་སྦྱོར་མཛད་པ་སོགས་འགྲོ་དོན་གཞན་ཕན་རྒྱ་ཆེ་ཞིང༌། ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པ་སོགས་བླ་མ་མང་པོ་བསྟེན། མཁས་གྲུབ་གཉིས་ལྡན་ཞིག་ཡིན། དགུང་གྲངས་ལྔ་བཅུ་སྐོར་བཞུགས་པར་གྲགས་སོ། །