རྒྱལ་དབང་ཀུན་གཟིགས་ཆོས་སྣང་ནས་བརྒྱུད་པའི་སྐབས།

རིག་འཛིན་ཆོས་རྒྱལ་རྡོ་རྗེའི་རྣམ་ཐར།

༈ རྒྱལ་དབང་བརྒྱད་པ་སོགས་ཀྱི་སློབ་མ་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ནི། ཁམས་ནང་ཆེན་སྡབ་གཞུང་དང་རྡོ་ཁྱིམ་ཞེས་པའི་ཡུལ་ཕྱོགས་མཚེར་ས་མར་ཁུ་ཡར་གཞུང་དུ། དགེ་རུ་ཚེ་རིང་དོན་གྲུབ་ཚང་སར། ཡབ་གཙང་ངོར་པའི་ཚོང་དཔོན་ལ་མོ་ཆོས་སྐྱོང་དགོན་དང༌། ཡུམ་ལྷ་དཀར་སྒྲོལ་མ་བྱ་བ་སྐྱེས་གཟུགས་ལེགས་པ་ཞིག་གི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ས་བྱ་༼༡༧༨༩༽ ལོར་ངོ་མཚར་བའི་ལྟས་བཅས་བདེ་བར་འཁྲུངས། སྐུ་ལུས་ལ་དྲི་མ་མེད་ཅིང་མུན་པས་མི་སྒྲིབ་པར་ངང་སང་ངེར་མངའ། ཀུན་གྱིས་སྤྲུལ་སྐུ་ཞིག་ཡིན་པར་གླེང༌། རྔོན་པ་ཞིག་གིས་ཤ་བ་བསད་པའི་ཤ་མ་ཡིས་ཟོས་པས། མདངས་ཡལ་བ་སོགས་ཉམས་གྲིབ་ཆེན་པོ་བྱུང༌། ཨ་ཁུ་དགེ་སློང་ཡོན་ཏན་རྒྱ་མཚོས་ཁྲུས་མཛད་པས། ནད་ལས་གྲོལ་ཀྱང་མུན་པས་མི་སྒྲིབ་པའི་ལུས་མདངས་དེ་གསལ་དུ་མ་བཏུབ། དེས་ཀློག་བསླབས་པས་ལོ་དྲུག་པ་ནས་ཆོས་དཔེ་རྣམས་ཐོགས་པ་མེད་པར་མཁྱེན། བཀའ་ཐང་དང༌། མི་ལའི་རྣམ་མགུར་སོགས་མཇལ་དུས་རང་དབང་མེད་པར་མཆི་མ་གཡོ་ཞིང་ངེས་འབྱུང་དྲག་པོ་སྐྱེས། བརྒྱད་པ་ལ་སྐྱོག་བྲག་བླ་མ་བསྟན་པའི་སྙིང་པོ་ལ་གཙུག་ཕུད་ཕུལ། མཚན་མི་ཕམ་ཆོས་རྒྱལ་ཞེས་གསོལ། བླ་མ་དེ་སྤྱན་རས་གཟིགས་ཕྱག་བཞི་པ་དངོས་སུ་མཐོང༌། ཉིན་ཞིག་ཕ་བོང་ཞིག་གི་སྟེང་དུ་སྐྱིལ་ཀྲུང་མཉམ་བཞག་བྱས་ནས་བཞུགས་པས། འཁོར་བའི་རྒྱུན་གཅོད་དམ་ཆོས་འདི། །ཟབ་ཅིང་ཕྲ་ལ་ལྟ་དཀའ་བས། །འདོད་པས་བསྒྲིབས་པའི་དམུས་ལོང་དག །དེ་མ་མཐོང་བས་སྡུག་བསྔལ་ལེན། །ཞེས་ཡིད་ཡུལ་དུ་འཆར། ཚིགས་བཅད་འདི་གང་ན་ཡོད་སྙམ་པས། ཕྱིས་འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་བམ་པོ་བཅུ་པའི་ནང་ལ་འདུག་པ་མཇལ་ནས་ངེས་ཤེས་ལྷག་པར་སྐྱེས། དེ་ནས་བཟུང་རང་སེམས་སངས་རྒྱས་ཆོས་སྐུ་འདི་ལས་ལྷག་པའི་སངས་རྒྱས་གཞན་ནས་བཙལ་དུ་མེད་པར་ཁོ་ཐག་ཆོད། ཆུང་ངུ་ནས་ལྷག་པའི་ལྷ་དུ་མའི་ཞལ་གཟིགས། བཅུ་པ་ནས་ཟས་ནོར་གྱིས་ཕོངས་ཀྱང་ཆོས་ལ་བློ་འགྲོ་བ་ཁོ་ན་བྱུང༌། ན་བཟའ་ཡང་དམར་པོའི་རིགས་ཤིག་མེད་ཐབས་མེད་པས། ལ་ལས་འབུ་བླ་མ་ཟེར་བ་གྲགས། བཅོ་ལྔ་ལ་ཁུ་བོ་དང་བཅས་དབུས་ཕྱོགས་སུ་གནས་སྐོར་ལ་བྱོན། ལམ་དུ་གཅོད་ཀྱི་ཚར་ལྷོངས་འགྲིགས། དབུས་གནས་རྣམས་མཇལ། རིམ་བཞིན་འབྲུག་བདེ་ཆེན་ཆོས་འཁོར་དུ་རྗེ་ཆོས་མགོན་མཆོག་སྤྲུལ་དྲུག་པ་དང་མཇལ། རྗེ་ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པ་དང༌། སོག་རྩེ་སྤྲུལ་སྐུ་ལས་དབང་དང་ཆོས་ཁྲིད་མང་པོ་གསན། ཁྱད་པར་ར་ལུང་དུ་རྗེ་རྒྱལ་དབང་འབྲུག་པ་ཆོས་ཀྱི་སྣང་བར་མཇལ། ཞལ་མཇལ་མ་ཐག་ཏུ་བླ་མ་དང་རང་སེམས་དབྱེར་མེད་འདྲེས། ནཱ་རོའི་རྒྱན་དྲུག་གསོལ་བའི་དབང་ཆེན་སྩལ། བཀའ་བརྒྱད་སྤྲུལ་སྐུ་དང་ལྷན་དགེ་ཚུལ་བསྒྲུབས།…

གྲུབ་དབང་ངག་དབང་ཚོགས་གཉིས་ཀྱི་རྣམ་ཐར།

༈ གྲུབ་དབང་ངག་དབང་ཚོགས་གཉིས་ནི། མདོ་སྟོད་སེང་གེ་རྫོང་གི་ཉེ་བའི་ཞོལ། ཡབ་ཨོ་རྒྱན་མགོན་པོ་དང༌། ཡུམ་འབྲོང་བཟའ་ལྷ་མོ་སྒྲོལ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་བྱི་༼༡༨༢༨༽ལོར་འཁྲུངས། བོད་ཆོས་རྒྱལ་གྱི་གདུང་རྒྱུད་སྡེ་པ་ལྷ་རྒྱ་རིའི་རྒྱུད་པ་ཡིན་པས་ཆུང་དུས་ནས་ཀུན་གྱིས་ལྷ་བུ་ཞེས་བརྗོད། ཅུང་ཟད་སྐུ་ནར་སོན་པ་ན་ཆོས་ཀྱི་བག་ཆགས་ཤིན་ཏུ་ཆེ། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར་བའི་དག་པའི་གཟིགས་སྣང་ལན་དུ་མར་འཆར། གནས་མདོ་ཀརྨ་བདེ་ཆེན་གྱི་ཡང་སྲིད་ཀརྨ་དོན་དམ་འཇིགས་བྲལ་དབང་པོ་ཞེས་པས་ཡབ་དང་མི་འགར་ཀར་གླིང་ཞི་ཁྲོའི་ཁྲེགས་ཆོད་ཐོད་རྒལ་གྱི་ཁྲིད་གནང་བ་དང་ལྷན་དུ་གསན་པས་ལྟ་བ་ལ་བོགས་ཐོན། སྒྲོན་དྲུག་གི་འཆར་སྒོ་ངོ་འཕྲོད། དེ་རྗེས་ཁ་ཉེས་གོད་ཁ་དཔག་ཏུ་མེད་པ་བྱུང་ནས་ཡུལ་དུ་མ་ཆགས་པར་སྐུ་མཆེད་མ་བུ་གཡོག་བཅས་ཡུལ་སྟོད་སྨད་གང་སར་འཁྱམས་པ་ལས། ཙ་རིར་བྱོན་དུས། མཁའ་འགྲོ་མ་རྣམས་ཀྱིས་ཚོགས་འཁོར་ལ་རོལ་ནས་རྣལ་འབྱོར་པ་མི་ཤ་ཟོ་ཟེར་ནས་མཁའ་འགྲོ་མ་གཉིས་ཀྱིས་མི་ཤ་ཁ་ལ་བླུགས་བྱུང་བས་མོད་ལ་བདེ་བས་ལུས་སེམས་ཁྱབ་པ་སོགས་ངོ་མཚར་བ་ཅི་ཡང་བྱུང་གསུང༌། དབུས་གཙང་གི་གནས་ཕལ་ཆེ་བ་འཁོར་ནས་སླར་ཡབ་ཡུལ་དུ་ཕེབས། ཉེར་གཉིས་ས་བྱ་ལོར་ངེས་འབྱུང་གི་བསམ་པ་བརྟན་པོས་ཐུགས་རྒྱུད་བསྐུལ་ཏེ། འཁྲུལ་ཞིག་སྐུ་ཕྲེང་ལྔ་པ་མ་ཧཱ་པཎྜི་ཏ་དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་སྤྱན་སྔར། མདོ་སྔགས་བཤད་སྒྲུབ་ཆོས་གླིང་གི་གཙུག་ལག་ཁང་དུ་སྐྱབས་སུ་འགྲོ་བ་སྔོན་དུ་འགྲོ་བའི་སྒོ་ནས་བསླབ་གཞི་བཟུང་ཞིང༌། རྟགས་དང་ཆ་ལུགས་བསྒྱུར། མཚན་ངག་དབང་ཚོགས་གཉིས་ཞེས་གསོལ། ཆུ་སྟོད་ཟླ་བའི་ནང་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན་ཐོག་མ་གསར་འཛུགས་གནང་སྐབས་ཐུན་དཔོན་དུ་བསྐོས། བླ་མ་དང་ཨོ་རྒྱན་གྱི་སློབ་དཔོན་དབྱེར་མ་མཆིས་པར་དགོངས་པའི་མོས་གུས་བཟོད་མེད་སྐྱེས། དེ་ནས་ལོ་གཉིས་ཙམ་བར་དུ་བློ་འཛིན་དང༌། གྲྭ་ཁང་རྣམས་སུ་བརྔོ་བཏག་ཆུ་ལེན་སོགས་ཀྱང་མཛད།  ཐུགས་གཤིས་བཟང་བས་བླ་གྲྭ་ཀུན་གྱིས་བྱམས་པས་བསྐྱངས། ཨ་ལྡེའུ་རིན་པོ་ཆེ་དང༌། ཡོངས་འཛིན་བླ་མ་བསྟན་དབང་གཉིས་ལས། ཕྱག་རྫོགས་ཀྱི་ཁྲིད་དང་དབང་ལུང་མང་པོ་གསན་ཅིང༌། སྔོན་འགྲོའི་བསགས་སྦྱང་མཛད། ཉེར་བཞི་ལ་སྐྱབས་མགོན་ཨ་ལྡེའུ་རིན་པོ་ཆེ་ཞི་བར་གཤེགས་པས་བླ་མའི་ཐུགས་དགོངས་རྫོགས་ཕྱིར་ཕྱག་གཡས་པའི་སྲིན་མཛུབ་མཆོད་མེར་ཕུལ། སྟག་ལུང་ནས་བསྟན་པའི་ཉི་མ་བྱོན་པའི་སྤྱན་སྔར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་མི་ཕམ་བློ་ལྡན་དུ་བསྩལ། མི་ཏྲ་བརྒྱ་རྩ་སོགས་དབང་ལུང་མང་པོ་ཐོབ། ཕྱག་ཆེན་དངོས་གཞིའི་ངོ་སྤྲོད་གནང་བས། བླ་མ་ལ་སངས་རྒྱས་དངོས་མཇལ་གྱི་དད་པ་སྐྱེས་ཏེ་བྱིན་རླབས་ཞུགས། ཁྱད་པར་རིག་འཛིན་ཆོས་རྒྱལ་རྡོ་རྗེ་ཞལ་མཇལ་བའི་མོད་ལ་བཟོད་མེད་ཀྱི་མོས་གུས་འབར་ཞིང་ཐུགས་ཡིད་གཅིག་ཏུ་འདྲེས། སྔ་རྗེས་ཅི་རིགས་པར་དཔལ་འབྲུག་པའི་ཕྱག་ཆེན་སྔོན་དངོས་ཀྱི་ཁྲིད། ཀར་གླིང་ཞི་ཁྲོའི་སྔོན་འགྲོ་རུ་ཤན་ཕྱེ་བ། དངོས་གཞིའི་ངོ་སྤྲོད་དང་བཅས་པའི་ཟབ་ཁྲིད། བདེ་མཆོག་ལྷན་སྐྱེས་དང་ཕག་མོ་ཞལ་གཉིས་མའི་དབང་ཁྲིད།…

ཚོགས་གཉིས་སྐུ་ཕྲེང་གཉིས་པ་རྒྱལ་སྲས་གྲུབ་དབང་གི་རྣམ་ཐར།

༈ ཚོགས་གཉིས་སྐུ་ཕྲེང་གཉིས་པ་རྒྱལ་སྲས་པདྨ་དྲི་མེད་འོད་ཟེར་གྲུབ་པའི་དབང་ཕྱུག་ནི། ནང་ཆེན་རྒྱལ་པོ་དོན་གྲུབ་ཚེ་རིང་ལྷ་རྒྱལ་ལམ་ཨ་ལྡེའུ་རྒྱལ་སྲས་ཀྱི་བཙུན་མོ་ཆུན་མ་ཚེ་རིས་བྱ་བའི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་༼༡༨༩༣༽ལོར་འཁྲུངས། མདོ་ཁམས་དྲུག་པ་བསྟན་པའི་ཉི་མའི་གདུང་སྲས་སུའང་གྲགས། མདོ་ཁམས་དྲུག་པས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང༌། མཚན་པདྨ་དྲི་མེད་འོད་ཟེར་དྲི་མེད་གྲུབ་པའི་དབང་པོར་གསོལ། གསེར་ཁྲིར་མངའ་གསོལ་མཛད། གོང་མའི་ཞལ་ཆེམས་ལྟར་འཇམ་སྤྲུལ་བསྟན་པའི་རྒྱལ་མཚན་ཡོངས་འཛིན་དུ་བསྐོས་ནས། འབྲི་ཀློག་ཆོ་གའི་ཕྱག་ལེན་ནས་བཟུང་དབང་ཁྲིད་ལུང་མཐར་ཆགས་སུ་ཕུལ། ཁམས་སྤྲུལ་བསྟན་པའི་ཉི་མ། བྱམས་མེ་ཆོས་དཔལ་རྒྱ་མཚོ། མཁན་རྣམ་རྒྱལ་བཟང་པོ། ཆོས་མགོན་བརྒྱད་པ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་སོགས་བསྟེན་ནས་གདམས་ངག་རྫོགས། དགུང་གྲངས་ཉེར་ལྔའི་བར་གྲོང་ཆོག་རིགས་ལ་གཏན་ནས་མ་ཕེབས་པར་གསན་བསམ་སྒོམ་སྒྲུབ་ཁོ་ན་ལ་གཞོལ། ཞེ་དྲུག་པ་ས་སྟག་ལོར་སྒྲུབ་སྡེ་ཟབ་གསལ་བདེ་ཆེན་གླིང་བཏབ་ཏེ། དེར་ཡུན་རིང་བཞུགས་པས་ཉམས་རྟོགས་བཟང་པོ་འཁྲུངས། མདོ་ཁམས་ལྔ་པས་ལུང་བསྟན་ལྟར་བྱམས་ཆེན་ལྷ་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད། འཁྲུལ་ཞིག་ཨ་ལྡེའུ་བརྒྱད་པ་གྲུབ་མཆོག་རིན་པོ་ཆེ་སོགས་སློབ་ཚོགས་ལ་གདམས་ཁྲིད་ཅི་རིགས་བསྩལ། མཐར་དུས་ཟིང་དབང་གིས་བྲོས་བྱོལ་དུ་ཕེབས་ལམ་ཀོང་པོ་ནས་བཟུང་སྟེ། དགུང་ལོ་རེ་བརྒྱད་པ་ལྕགས་བྱི་༼༡༩༦༠༽ ལོར་ནང་ཆེན་ཤར་མདའི་བཙོན་ཁང་དུ་སྐུ་གཤེགས་སོ། །དེའི་ཡང་སྲིད་སྐུ་ཕྲེང་གསུམ་པ་ད་ལྟར་འཚོ་གཞེས་པ་ཡོན་ཏན་རྒྱ་མཚོ་མཆོག་བྱོན་པའོ། །

གད་ཆགས་རྟོགས་ལྡན་ཚངས་དབྱངས་རྒྱ་མཚོའི་རྣམ་ཐཪ།

༈ གྲུབ་དབང་ཚོགས་གཉིས་ཀྱི་སློབ་མ་གད་ཆགས་རྟོགས་ལྡན་ངག་དབང་ཚངས་དབྱངས་རྒྱ་མཚོ་ནི། མདོ་སྟོད་ནང་ཆེན་དུ། ཡབ་གད་ཆགས་བུ་ཟེའུ་མ་དང༌། ཡུམ་དམར་བཟའ་ཚེ་རིང་དཔལ་སྐྱིད་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་སྤྲེལ་༼༡༨༤༨༽ལོར་འཁྲུངས། ལྷ་མོ་བཀྲ་ཤིས་ཞེས་བཏགས། ཡབ་ཡུམ་གྱིས་ཁྱིམ་གཞིས་འཛིན་རེས་སློབ་གཉེར་གྱི་གོ་སྐབས་མ་བྱུང་བར་ནར་སོན། ཆུང་མ་ཡང་བསུས་ཤིང་དཔལ་རྩལ་རྫོགས་པའི་ཕོ་རྒོད་ཅིག་ཡོད་པ་ལ། ནམ་ཞིག་འཁོར་བའི་བྱ་བཞག་ལ་ཡིད་འབྱུང་སྟེ་དབུས་སུ་ཕེབས། རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེ་ལ་གདམས་པ་ཞུ་བར་འདོད་ནས་མཚུར་ཕུར་བསོད་སྙོམས་ལ་བྱོན་པའི་སྐབས་སུ། གྲྭ་ཆུང་ཞིག་གིས་ཐལ་བ་སྤར་མོ་གང་བཏབ་བྱུང་བར་ཐུགས་རྟོག་ཟོས་ཏེ་ཡུན་རིང་མ་བཞུགས། དེ་ནས་ལྷོ་རྒྱུད་དུ་ཕེབས་ཏེ་རྒྱལ་དབང་འབྲུག་པ་འཇིགས་མེད་མི་འགྱུར་གྱི་ཞབས་དྲུང་དུ་བཅར། དགེ་བསྙེན་གྱི་སྡོམ་པ་ཞུས། མཚན་ངག་དབང་ཚངས་དབྱངས་རྒྱ་མཚོར་སྩལ། དབང་དང་ཁྲིད་ཞུས་ཏེ་ཙ་རི་ཅིག་ཅར་དུ་ཚེ་དང་སྒྲུབ་པ་མཉམ་པར་མཛད་བཞེད་ལ། རྒྱལ་དབང་མཆོག་གི་ཞལ་ནས། ཁྱོད་ཀྱི་ཚེ་རབས་ཀྱི་བླ་མ་གྲུབ་ཆེན་ཚོགས་གཉིས་ཡིན་འདུག་པས་ཁམས་སུ་སོང་གསུངས་པ་ལྟར་ཁམས་སུ་མར་ཕེབས། དེར་གྲུབ་ཆེན་ཚོགས་གཉིས་ལས་གསར་རྙིང་གི་གདམས་པ་མ་ལུས་གསན། བླ་མས་བཀའ་བཀྱོན་དང་རྡུང་གཏག་མང་པོས་ཡི་ཆད་ཆེ་ཕྲ་མང་པོ་བཏང་ནས་ཚར་བཅད་ཀྱང༌། ལོག་ལྟ་མ་སྐྱེས་པས་སྒྲིབ་པ་མྱུར་དུ་བྱང་སྟེ་མར་མེའི་འོད་ལ་དཔེར་བྱས་ནས་ངོ་སྤྲད་པ་ཙམ་གྱིས་ཡེ་ཤེས་ཅིག་ཅར་དུ་བརྙེས། སྔ་ཕྱིར་གལ་ལ་ཐུག་ཚེ་བླ་མ་ལ་གསོལ་བ་བཏབ་པས་དངོས་སུ་མཇལ་བའི་སྣང་བ་བྱུང་བ་སོགས་མོས་གུས་དཀར་པོ་ཆིག་ཐུབ་ཀྱི་དོན་མངོན་དུ་གྱུར། ཀེས་གཞུང་དུ་ཐུབ་བསྟན་བྱང་ཆུབ་གླིང་གི་གདན་ས་བཏབ། ཡབ་ཡུམ་ཆུང་མ་སྤུན་སྲིང་བཅས་ཆོས་སྒོར་བཅུག་ཅིང༌། གདན་ས་དེར་རྣལ་འབྱོར་ཕོ་མོ་མང་དུ་འདུས་པ་རྣམས་ངེས་དོན་ཆོས་ཀྱིས་སྨིན་པར་མཛད། ར་ཡ་རི་ཁྲོད་དུའང་སྒྲུབ་པ་བ་མང་དུ་བཞག་ནས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བྱུང༌། སྔ་ཕྱིར་འབྲུག་ཞབས་ཡོངས་གཉིས། གྲུབ་ཆེན་ཚོགས་གཉིས། ཨ་ལྡེ་རྒྱལ་སྲས། མདོ་ཁམས་བསྟན་པའི་ཉི་མ། ཁྲ་རིས་ངག་དབང་ཆོས་འབྱོར། སྨྱུག་རུ་ངག་དགེ་སོགས་གདན་སར་སྤྱན་དྲངས། གྲུབ་དབང་ཚོགས་དགའི་ཞལ་ནས། གད་ཆགས་འདི་མི་ལ་རས་པའི་སྤྲུལ་པ་ཡིན། ང་རས་ཆུང་པ་སྤྲུལ་པ་ཡིན་སོགས་བསྔགས་བརྗོད་གནང༌། མཐར་དགུང་ལོ་རེ་གཉིས་ས་བྱ་༼༡༩༠༩༽ལོར་ཞི་བར་གཤེགས་སོ། །༼རེ་གསུམ་ལ་འདས་ཟེར་བ་མ་དག་སྙམ།༽རྗེ་འདིའི་གསུང་འབུམ་ཡང་པོད་བཅུ་དྲུག་ཙམ་ཡོད་པར་བཤད། སློབ་མ་ནི་དབོན་ངག་དབང་ཆོས་དར། བླ་མ་ལྷུན་གྲུབ། གཅོད་སྤྲུལ་པདྨ་རྒྱལ་པོ། ཀརྨ་བསྟན་འཛིན་རྣམ་རྒྱལ།…

ཁྲ་རིས་མཁས་གྲུབ་ངག་དབང་ཆོས་འབྱོར་གྱི་རྣམ་ཐར།

༈ གྲུབ་དབང་ཚོགས་གཉིས་ཀྱི་སློབ་མ་ཁྲ་རིས་མཁས་གྲུབ་ངག་དབང་ཆོས་འབྱོར་ནི། ཁམས་ནང་ཆེན་ལྟོ་ནང་དུ། ཡབ་སྤས་ཨོ་རྒྱན་དབང་ཕྱུག་དང༌། ཡུམ་མེ་ཉག་ལྷ་དཀར་མཚོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་ཡོས་༼༡༨༤༣༽ ལོར་འཁྲུངས། དགུང་ལོ་བརྒྱད་ལ་འབྲི་ཀློག་བསླབས། བཅུ་དྲུག་ལ་ནང་ཆེན་ཚེས་བཅུ་དགོན་དུ་ཕེབས། གྲུབ་དབང་ཚོགས་གཉིས་ལས་གདམས་པ་གསན། ཉམས་བཞེས་མཛད་པས་ཉམས་རྟོགས་རྒྱས། ཉི་ཤུ་ལ་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་ལས་བསྙེན་པར་རྫོགས། གཞན་ཡང་དཔའ་བོ་དགུ་པ་གཙུག་ལག་ཉིན་བྱེད། རྒྱལ་དབང་འབྲུག་ཆེན་དགུ་པ། མཐུ་ཆེན་བདུན་པ་ཆོས་ཀྱི་ཉིན་བྱེད། ཡོངས་འཛིན་དྲུག་པ་ཤེས་བྱ་ཀུན་མཁྱེན། རྡོ་ཆེན་གྲུབ་ཆེན་ནམ་འབྱོ་རིག་འཛིན། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་བསྟེན་ནས་སྨིན་གྲོལ་དཔག་མེད་གསན། ཚ་རོང་ལོ་ཙཱ་བ་ཀརྨ་རིན་ཆེན་རྣམ་རྒྱལ་ལ་གསོ་དཔྱད་དོགས་གཅོད་བཅས་མཁས་པར་གྱུར། ནང་ཆེན་སྒར་དུའང་ལོ་མང་པོའི་རིང་དབྱར་གནས་མཁན་པོ་མཛད་ཅིང༌། སྡོམ་གསུམ། སྤྱོད་འཇུག་སོགས་འཆད་སྤེལ་གནང་བས། མཁས་གྲུབ་ངག་དབང་ཆོས་འབྱོར་ཞེས་གྲགས་པ་བྱུང༌། ཉེར་གཉིས་ཙམ་ལ་གྲུབ་ཆེན་ཚོགས་གཉིས་ཀྱིས་ས་འདུལ་མཛད་ཅིང་ཁྲ་རིས་བསྟན་གཉིས་དར་རྒྱས་གླིང་བཏབ། གྲུབ་ཆེན་ཚོགས་གཉིས་ཁམས་སྒར་དུ་ཆོས་དྲུག་གསུངས་པར་ཕེབས་སྐབས་ཁྲིད་གཉེར་བ་དང་འཁྲུལ་འཁོར་གྱི་སློབ་དཔོན་མཛད། རྟའུ་གྲུབ་ཆེན་གྱིས་ཚོགས་གཉིས་གདན་ཞུས་མཛད་པར། ས་ཁད་རིང་བས་ཕེབས་མ་གྲུབ་ཀྱང་རྗེ་འདི་ཉིད་སྐུ་ཚབ་ཏུ་བཏང་བ་སོགས་བླ་མའི་མཛད་ཕྲིན་སྤེལ་བའི་སློབ་མའི་ཐུ་བོར་གྱུར། གྲུབ་དབང་བླ་མས་རིག་འཛིན་ཆོས་རྡོར་གྱིས་ལུང་བསྟན་པའི་ཡེར་པ་མཁན་ཆེན་ཕུར་པའི་སྤྲུལ་པར་ངོས་བཟུང༌། གྲུབ་དབང་ཚོགས་གཉིས་ལ་སློབ་མ་ཉི་ཟླ་ལྟ་བུ་གཉིས་ཀྱི་ནང་ནས་ཉི་མ་ལྟ་བུ་ཡིན་པར་གྲགས། མཐར་དགུང་གྲངས་གྱ་གཉིས་པ་ཆུ་ཁྱི་༼༡༩༢༢༽ལོར་གཤེགས་སོ། །སློབ་མ་ནི་དབོན་ཚེ་དབང་ནོར་བུ་སོགས་ཡིན། གསུང་ཆོས་སྐོར་ཡང་རང་རྣམ་ལ་དབོན་ཚེ་དབང་ནོར་བུའི་འཕྲོ་མཐུད་སོགས་པོད་གཅིག་ཙམ་བཞུགས་སོ། །