གྲུབ་དབང་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་སྐབས།

མདོ་ཁམས་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མའི་རྣམ་ཐར།

༈ དེའི་སློབ་མའི་གཙོ་བོ་ཁམས་སྤྲུལ་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་ནི། ནང་ཆེན་ཟླ་སྟོད་ཤར་ལུང་དུ་གོང་མའི་ཡབ་གཞིས་སར། ཡབ་ལྷུན་རྒྱལ་དང༌། ཡུམ་དངོས་གྲུབ་ལྷ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་༼༡༩༣༡༽ལོར་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། ཆོས་མགོན་བརྒྱད་པ་ཆོས་ཀྱི་རྒྱ་མཚོ་དང༌། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་ཟུང་གི་བཀའ་དགོངས་ལྟར་གོང་མའི་ཡང་སྲིད་དུ་ངོས་བཟུང༌། སྐུ་ཆུང་ངུའི་སྐབས་ནས་རི་དྭགས་གནའ་བ་མང་པོ་འཇིགས་སྣང་མེད་པར་བག་ཕེབས་ནས་དྲུང་དུ་འཁོར་བ་སོགས་ངོ་མཚར་མངའ། དགུང་ལོ་ལྔ་པར་གདན་སར་སྤྱན་དྲངས་ཏེ་ཁྲི་གསོལ་ཞུས། གོང་མའི་ཡོངས་འཛིན་དཔལ་འབྱོར་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཀྱི་རིམ་པ་ལ་བསླབས། མཁན་པོ་དོན་དམ། མཚན་སྤྲུལ་གསུམ་པ་པཎ་ཆེན་བསོད་ནམས་བསྟན་འཛིན། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གྲུབ་སྲས་འཕགས་མཆོག་རྡོ་རྗེ་སོགས་བསྟེན་ནས་མདོ་སྔགས་ཀྱི་གཞུང་དང་རིག་གནས་མཐའ་དག་ལ་གསན་སྦྱང་གནང༌། ཁྱད་པར་གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་ཞབས་དྲུང་ཆོས་མགོན་བརྒྱད་པ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས། གཙུག་ཕུད་བཞེས་ཤིང་རབ་ཏུ་བྱུང༌། མཚན་དཔལ་ལྡན་ངག་དབང་མི་ཕམ་འཇིགས་མེད་ཆོས་ཀྱི་རྒྱ་མཚོ་ཡེ་ཤེས་རིན་ཆེན་སྐལ་བཟང་དོན་བརྒྱུད་ཉི་མ་དགེ་ལེགས་ཕྲིན་ལས་ཀུན་ཁྱབ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། ཕྱིས་ཡོངས་གྲགས་སུ་སྐལ་བཟང་དོན་བརྒྱུད་ཉི་མ་ཞུ། རྗེ་དེ་ལས་དཔལ་འབྲུག་པའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཚང་རྫོགས་སུ་གསན་ཏེ་ཐུགས་ཉམས་སུ་བཞེས་པས་མཁས་གྲུབ་གཉིས་ལྡན་དུ་གྱུར། སྐུ་ན་ཕྲ་མོ་ནས་བསྟན་དགོན་གྱི་བྱ་བ་ཁུར་དུ་བཞེས་དགོས་བྱུང་བས། སྒྲུབ་མཆོད་ཉམས་གསོ་དང་གསར་འཛུགས་རྒྱ་ཆེར་དང༌། འདུས་སྡེའི་བསླབ་གཞི་བཅའ་ཁྲིམས་མིག་དཔེར་འོས་པ་བཞག །དད་འབུལ་གྱི་དངོས་པོ་བྱུང་བ་རྣམས་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཕྱིར་དུ་ནམ་ཡང་མི་གཏོང་བར། འབྲེལ་ཐོགས་ལྟོས་བཅས་བྱང་གྲོལ་ལ་འགོད་པ་དང༌། བསྟན་འགྲོའི་དུས་རྒུད་ཞི་བ་སོགས་ཀྱི་ཆེད་དུ་གདན་སར་གསེར་ཟངས་ལས་གྲུབ་པའི་བཀའ་བརྒྱུད་གསེར་ཕྲེང་ལྷ་གྲངས་བརྒྱད་ཅུ་གྱ་གསུམ་ཁྲུ་ཚད་ལྷག་ཙམ། རིགས་གསུམ་ཞལ་ཐང་རེར་ཐོག་བརྩེགས་གཉིས་བྱས་པ་ཅན་གསུམ་བཞེངས་པ་སོགས་རྟེན་གསུམ་མཆོད་ཆས་རིན་ཐང་ཅན་བསམ་གྱིས་མི་ཁྱབ་པ་བསྐྲུན་པར་མཛད། ཁྱད་པར་མདོ་སྔགས་རིག་གནས་བཅས་ཀྱི་སློབ་གྲྭ་ཁག་གསུམ་གསར་དུ་བཞེངས་རྒྱུའི་ཐུགས་བཞེད་ལྟར། མདོ་གྲྭའི་གཙུག་ལག་ཁང་དང་ཀུན་དགའ་ར་བ་བཅས་ལེགས་པར་གྲུབ་སྟེ། འཆད་ཉན་གནང་མུས་སྐབས། བོད་དུ་དུས་ཟིང་གི་འཁྲུགས་སློང་འབྱུང་བ་མ་འོངས་སྔོན་གཟིགས་ཀྱིས་སྐུ་འཁོར་ཧྲག་བསྡུས་དང་བཅས་བྲོས་བྱོལ་ཐོག །བོད་དབུས་སུ་ཕེབས་ནས། ཇོ་ཤཱཀ་རྣམ་གཉིས་དང་གདན་ས་སེ་འབྲས་རྣམས་སུ་མཆོད་འབུལ་རྒྱ་ཆེར་མཛད། དེ་ནས་དགུང་ལོ་ཉེར་བརྒྱད་ས་ཁྱིའི་ལོ་མཇུག་ཏུ་འཕགས་ཡུལ་དུ་ཞབས་སོར་འཁོད། ཐོག་མར་རྒྱ་བལ་གྱི་གནས་ཆེན་ཁག་ལ་གནས་གཟིགས་དང༌། དེ་རྗེས་ནུབ་བྷང་གྷལ་མངའ་ཁོངས་སྦག་སའི་ཆོས་ཚོགས་དབུ་འཛུགས་གནང་ཞིང༌། རིམ་གྱིས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ས་དགེ་དཀར་རྙིང་གི་ཆོས་ལུགས་ཆེན་པོ་བཞིའི་བླ་སྤྲུལ་མཁན་སློབ་འདུས་སྡེ་ཆིག་སྟོང་ལྔ་བརྒྱ་བརྒལ་བའི་གསན་བསམ་གནང་སའི་གཞིར་འབུལ་བར་མཛད། ཀ་ལོན་པུང་དུ་ཟངས་མདོག་དཔལ་རི་བཞེངས་འཕྲོའི་མཇུག་བསྐྱངས་ཤིང༌། སྤྲོས་བཅས་ཚེས་བཅུའི་སྒྲུབ་ཆེན་གསར་བཙུགས་དང༌། གསུང་རབ་ཉམས་གསོའི་ཕྱག་ལས་སོགས་བསྟན་དོན་ལ་ཐུགས་ཁུར་ཆེར་བཞེས། རིམ་བཞིན་དགུང་གྲངས་སོ་བརྒྱད་པ་ས་སྤྲེལ་༼༡༩༦༨༽ལོར་ཧི་མ་ཅལ་མངའ་སྡེའི་ཁོངས་སུ།…

འཛི་སྒར་བདུན་པ་བསྟན་འཛིན་དཔལ་བཟང་གི་རྣམ་ཐར།

  ༈ རྒྱལ་དབང་བཅུ་པ་ཆོས་ཀྱི་དབང་པོའི་ཐུགས་སྲས་ཐུ་བོ་འཛི་སྒར་བདུན་པ་བསྟན་འཛིན་དཔལ་བཟང་ནི། གཙང་རྟ་ནག་ཚང་དུ་རྗེ་ཀརྨ་པའི་དབོན་རིགས་སུ་རང་བྱུང་བཅོ་ལྔ་པའི་ཆུ་འབྲུག་༼༡༨༩༢༽ ལོར་སྐུ་འཁྲུངས། རྒྱལ་དབང་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེས། གོང་མའི་རྣམ་འཕྲུལ་དུ་ངོས་འཛིན་གནང་ཞིང༌། མཚན་ཀརྨ་ངག་དབང་ངེས་དོན་བསྟན་འཛིན་བཤད་སྒྲུབ་ཆོས་ཀྱི་ཉི་མ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། ཕྱིས་ཡོངས་གྲགས་སུ་ངག་དབང་བསྟན་འཛིན་དཔལ་བཟང་ཞུ། རྗེ་དེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་དང་གདམས་ངག་ཀྱང་རིམ་པར་ཕོག །མི་རིང་བར་གདན་ས་ཆེན་པོར་སེང་ཁྲི་ལ་མངའ་གསོལ། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང༌། ཀརྨའི་མཁན་རྒན་རིན་ཆེན་དར་རྒྱས་སོགས་ཚད་ཐུབ་ཀྱི་སྐྱེས་བུ་དུ་མ་བསྟེན་ནས་མདོ་རྒྱུད་རིག་གནས་ཅི་ཡང་གསན་བསམ་མཛད། ཁྱད་པར་རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོའི་མདུན་ནས། དཀྱིལ་ཆོག་རྡོར་ཕྲེང༌། བདེ་མཆོག་དྲུག་ཅུ་མ༑ བླ་མ་རིགས་དྲུག་གི་དབང་དང༌། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། རྗེས་གནང་ཉེར་གཉིས་མ། གྲུབ་ཐོབ་བརྒྱ་རྩའི་བྱིན་རླབས། དཔལ་མགོན་ཕྱག་བཞི་པ་སོགས་ཆོས་སྲུང་ཡོངས་རྫོགས་ཀྱི་རྗེས་གནང༌། ལོ་རྒོད་གཉིས་ཀྱི་བཀའ་འབུམ། རྒྱལ་དབང་རྗེའི་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཀུན་གཟིགས་བཀའ་འབུམ་སོགས་སྨིན་གྲོལ་གྱི་རིམ་པ་མང་པོ་གསན་པར་མཛད་ཅིང༌། ཐུགས་ཡིད་གཅིག་ཏུ་འདྲེས་ཤིང༌། རྗེ་དེས་ཁམས་སྡེ་དགེ་རྒྱ་གུ་ཚང་གི་གཞིས་རྣམས་འཛི་སྒར་དགོན་པའི་མཆོད་གཞིས་སུ་སྦྱོར་འབུལ་གནང་རྒྱུར་གོང་ས་བཅུ་གསུམ་པ་མཆོག་ལ་སྙན་ཞུ་ཕུལ་བར་བརྟེན་ཞལ་བཞེས་ཐོབ་ཅིང་གསོལ་རས་བྱུང༌། རྒྱལ་དབང་དྲུག་པ་མི་ཕམ་དབང་པོའི་དུས་ནས་བཟུང་སྐུ་ཕྲེང་རིམ་བྱོན་རྣམས་བླ་སློབ་རེས་མོས་ཀྱིས་དམ་ཚིག་གསེར་གྱི་ཕྲེང་བ་ལ་ཕྱོགས་ལྷུང་གི་དྲི་མས་མ་གོས་པའི་རང་མདངས་དུས་འདིར་མངོན་དུ་གྱུར་ཏེ། རྒྱལ་དབང་ཉིད་སྐུ་འཚོ་གཞེས་སྐབས་རིགས་ཀྱི་མྱུ་གུ་གདུང་སྲས་རིན་པོ་ཆེ་ཡུམ་གྱི་མངལ་དུ་བཞུགས་སྐབས་ནས་རྗེ་འདི་ལ་གནང་ཞིང༌། ཞི་བར་གཤེགས་དུས་ལྷ་སྐུ་རིང་བསྲེལ་གྱིས་གཏམས་པའི་ཐུགས་ཀྱི་གོང་བུ་ཡང་རྗེ་འདི་ཉིད་ཀྱི་པང་དུ་བབ་པར་གྲགས། གོང་ས་བཅུ་གསུམ་པ་མཆོག་དང་ཐུགས་ནང་གཤིན་པར་གྱུར་ཏེ། དབྱིངས་ས་ནས་གོ་སའི་ཤེལ་ཐམ་དང༌། དམིགས་བསལ་ལམ་ཡིག་སོགས་ཁམས་ཀྱི་ཀར་འབྲུག་བླ་ཆེན་གཞན་ལ་མེད་པ་བྱུང༌། དེ་བཞིན་རྒྱལ་དབང་ཀརྨ་པ་མཆོག་ནས་ཀྱང་རྗེ་དབོན་ཆེན་མོའི་བཞུགས་གདན་བསྟབས་ཤིང༌། ཆེན་པོར་འོས་པའི་ཡོ་བྱད་འཛིན་ཆོག་པའི་གཟེངས་བསྟོད་མཛད། ལྷོ་འབྲུག་རྒྱལ་རབས་གཉིས་པ་དཔལ་ལྡན་འཇིགས་མེད་དབང་ཕྱུག་མཆོག་གིས་དབུ་བླར་གདན་འདྲེན་ཞུས་པ་བཞིན། ཀྲོང་གསར་ཆོས་འཁོར་རབ་རྩེར་ཞབས་པད་བཀོད་དེ། རྗེ་འབངས་ཡོངས་ལ་དཀྱིལ་ཆོག་རྡོར་ཕྲེང་སོགས་སྨིན་གྲོལ་བདུད་རྩིའི་ཆོས་ཆར་ཕབ་པས་ཆོས་རྒྱུན་ད་ལྟའི་བར་དུ་བྱུང༌། ཤར་ཕྱོགས་བཀྲ་ཤིས་ཡང་རྩེ་སོགས་སྒྲུབ་གནས་རྣམས་སུ་ཡང་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་བསྐྱངས། ཕྱོགས་ཀྱི་དད་ལྡན་རྣམས་ནས་ཕུལ་བའི་དངོས་པོ་རྣམས་རྫས་བྱུང་བསོད་ནམས་ཀྱི་ཞིང་དུ་སྤེལ་བའི་སླད།…

ལོ་རི་བདུན་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར།

  ༈ རྗེ་འཛི་སྒར་བདུན་པས་ངོས་འཛིན་གནང་ཞིང་སློབ་མར་གྱུར་པ་ལོ་རི་སྐུ་ཕྲེང་བདུན་པ་མི་ཕམ་ངག་གི་དབང་ཕྱུག་ནི། སྒ་ཁྲི་འདུ་མོ་ལོ་གྲོང་དུ། ཡབ་གཙང་པ་བཀྲ་ཤིས་དཔལ་འབར་དང༌། ཡུམ་ཚེ་རིང་ལྷ་སྒྲོན་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་གླང་༼༡༩༡༣༽ལོར་འཁྲུངས། ཆུང་ངུའི་དུས་རྟག་ཏུ་ཁམས་མི་བདེ་བས། ཏྲེ་ཧོར་ཆོས་རྗེ་རིན་པོ་ཆེ་ལ་གང་དྲག་ཞུས་པས། ཁྱོད་ཚོ་ཕྱུག་པོའི་བུ་རྒྱུད་གྲྭ་པ་ནི་བྱེད་མ་རེད། ད་འཆི་རྒྱུ་རེད་གསུངས་ནས་སྐུ་རིམ་གང་ཡང་མ་གསུངས། དེ་ནས་རོང་ཐ་པཎྜི་ཏ་བློ་བཟང་དམ་ཆོས་རྒྱ་མཚོ་ལ་གང་དྲག་ནན་ཏན་དུ་ཞུས་པས། རྣམ་རྒྱལ་སྟོང་མཆོད་རྒྱས་པ་ཕུལ་ནས། མིང་ལ་རྣམ་རྒྱལ་ཚེ་སྲུང་གནང་ཞིང༌། གྲྭ་པ་བྱས་ན་འཆི་མི་འོང་གསུངས་པ་བཞིན། དགེ་སློང་གཞན་ཕན་ཟླ་བ་ལ་གཙུག་ཕུད་ཕུལ་བས་སྙུང་གཞི་ཇེ་དྭངས་སུ་གྱུར། ཀློག་ཡིག་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་པར་ཤེས། དགུང་གྲངས་ལྔ་པར། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཡུལ་དང་ཡབ་ཡུམ་གྱི་མཚན་ཟུར་ཙམ་གསུངས་ནས་ལུང་བསྟན་གནང༌། ཁྱད་པར་རྗེ་འཛི་སྒར་བདུན་པ་ངག་དབང་བསྟན་འཛིན་དཔལ་བཟང་ནས། སྣང་གསལ་ཉིན་བྱེད་གསར་པ་ནི། །སྔོན་གྱི་རིགས་ལ་སླར་གཟིགས་ཏེ། །བདག་པོ་དཔལ་གྱི་མིང་ཅན་བུར། །མ་ནོར་ལས་ཅན་སྐྱེས་བུ་འབྱུང༌། །ཞེས་དང༌། སྒ་ཡི་ལོ་མོ་གཙང་གི་བུ་ཆུང་དེ་བཞིན་འཁྲུལ་མེད་ཐེ་ཚོམ་བྲལ་བས། གང་མགྱོགས་གསེར་ཁྲིར་མངའ་གསོལ་དགོས་པའི་ཞལ་བཀོད་བཀའ་ཤོག་བཅས། མཚན་མི་ཕམ་ངག་དབང་ཆོས་ཀྱི་དབང་ཕྱུག་ཕྲིན་ལས་དཔལ་བཟང་པོ་ཞེས་བསྩལ། ཇི་ལྟར་བཀའ་སྩལ་པ་ལྟར་དགུ་ལོ་བརྒྱད་པར་གདན་སར་མངའ་གསོལ་མཛད། དེ་ནས་རིམ་བཞིན་ལབ་མཁན་ཆེན་ལས་དགེ་ཚུལ་དང༌། འབྲུ་འཇམ་དབྱངས་གྲགས་པ་ལས་བསྙེན་རྫོགས་བསྒྲུབས་ཤིང༌། རྗེ་དེ་ལས་བླ་མ་ཡང་ཏིག་གི་སྨིན་གྲོལ་བཅས་བཀའ་ཆོས་མང་པོ་གསན། ཉེར་ལྔ་ལ་དབུས་ཕྱོགས་སུ་ཕེབས་ཏེ། ཙ་རི་དང་གངས་རི་སོགས་གནས་ཆེན་ཕལ་ཆེར་ཞབས་ཀྱིས་བཅགས། འབྲུག་ཡུལ་དུ་ཕེབས། དེར་རྒྱལ་བློན་རྣམས་ཀྱི་དབུའི་མཆོད་གནས་སུ་ལོ་ཤས་བཞུགས། སླར་བོད་དུ་བྱོན། གདན་ས་སེ་ར་ཐེག་ཆེན་གླིང་དུ་ལོ་མང་པོའི་རིང་མཚན་ཉིད་རིག་པའི་གཞུང་ལ་ཐོས་བསམ་མཛད། གདན་ས་གསུམ་དུ་ས་འདུའི་སྐུ་ཞབས་ཞེས་མཁས་པའི་སྙན་གྲགས་རྒྱས། ཞེ་གཅིག་པར་སླར་རང་དགོན་དུ་ཕེབས། སྡེ་དགོན་ཡོངས་ལ་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་༼༡༩༥༥༽ལོར། ཨ་གྲགས་སྤྲུལ་སྐུ་ཡོན་ཏན་རབ་རྒྱས་དང་ཁོང་རྣམ་གཉིས་དགོངས་པ་གཅིག་མཐུན་གྱིས། སྔར་གྱི་དགོན་གནས་ནས་སྟག་ཉིན་མདར་དགོན་ས་གསར་དུ་སྤོས་ཏེ།…

འཛི་སྒར་བརྒྱད་པ་རིག་འཛིན་ལྷ་མཆོག་རྡོ་རྗེའི་རྣམ་ཐར།

  ༈ འཛི་སྒར་བརྒྱད་པ་རིག་འཛིན་ཌོམྦྷི་ལྷ་མཆོག་རྡོ་རྗེ་ནི། ཁམས་ལྷ་ཐོག་ཏུ་རྒྱལ་པོའི་བློན་པོར་གཏོགས་པའི་ཐ་ག་ཚང་ཞེས་པར། ཡབ་དགེ་ལེགས་དང༌། ཡུམ་ནོར་བུ་སྒྲོལ་མའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་༼༡༩༣༨༽ལོར་ཟངས་མདོག་དཔལ་རི་ནས་ཞིང་འདིར་བསམ་བཞིན་སྲིད་པ་བཟུང་བའི་ཚུལ་བསྟན། བལྟམས་མ་ཐག་ནས་ལྷ་ཐོག་ཡེ་བརྫུ་དང་མགོན་ལྷ་སོགས་ཆོས་སྐྱོང་རྣམས་རང་བཞིན་གྱིས་འཁོར། དགུང་ལོ་བཞི་ཙམ་ནས་དག་པའི་ཞལ་གཟིགས་མཐའ་ཀླས་པ་བྱུང༌། རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་དང༌། དྲུང་རམ་རྒྱལ་སྤྲུལ་རྡོ་རྗེ་འཆང་ཟུང་ནས་རྡོ་རྗེ་དྲག་པོའི་ཡང་སྤྲུལ་འཁྲུལ་མེད་དུ་ལུང་བསྟན་ཏེ། གདན་ས་འཛི་སྒར་དུ་ཁྲི་གསོལ་ཞུས། ཡོངས་འཛིན་སློབ་དཔོན་དུ་ཆོས་འཛིན་སྤྲུལ་སྐུ་བསྐོས་ནས་དགུང་ལོ་དྲུག་བདུན་བར་སློབ་གཉེར་ལ་སྦྱོང་བརྩོན་གནང༌། དམ་པ་སངས་རྒྱས་ཀྱི་ཞལ་གཟིགས་ནས་རང་ལ་ཐིམ་པའི་སྣང་བ་དང༌། ལྷ་མོ་དུད་སོལ་མས་ཅི་གསུང་སྒྲུབ་པར་ཁས་བླངས་པ་སོགས་དག་སྣང་མང་དུ་ཤར། བདུན་པར་དྲུང་དགོན་རྒྱལ་སྤྲུལ་རིན་པོ་ཆེའི་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་གསན། དབང་དོན་ཡིད་དང་འདྲེས་པ་བྱུང༌། སྔར་སློབ་གཉེར་མི་ཤེས་ནས་སྡུག་བསྔལ་བ་ཅུང་ཟད་ཡོད་པ་དེ་སངས་ནས་བློ་དང་རིག་པའི་རྩལ་ཁ་ཇེ་བཀྲ་ལ་སོང༌། ཆོས་ཐམས་ཅད་མ་བསླབས་དགོངས་པ་རང་རྡོལ་དུ་གྱུར་ཏེ། ཀུན་གཞི་ཟག་པ་མེད་པའི་ཀློང་ནས་དགོངས་གཏེར་དཔག་མེད་གཏན་ལ་ཕབ་པར་མཛད། ཁྱད་པར་ཟབ་ཆོས་ཞི་ཁྲོའི་སྒྲུབ་དཀྱིལ་གཏན་ལ་ཕབ་སྐབས་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་སོགས་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས་ཆུ་ནང་གི་ཟླ་བ་དང༌། ནམ་མཁའི་འཇའ་ཚོན་ལྟར་མངོན་སུམ་དུ་མཇལ་ཞིང༌། མཐར་འོད་ཀྱི་གོང་བུར་གྱུར་ཏེ་སྒྲུབ་གཏོར་བསམ་འཕེལ་དབང་རྒྱལ་ཇི་ལྟ་བ་བཞིན་འགྱུར་བ་སོགས་ངོ་མཚར་གྱི་རོལ་པ་བརྗོད་ལས་འདས། བཅུ་གཉིས་ལ་རྒྱལ་སྤྲུལ་རིན་པོ་ཆེའི་མདུན་ནས་རྒྱ་ཆེན་བཀའ་མཛོད་ཀྱི་དབང་ལུང་གསན། བླ་མ་དེ་ཉིད་རྗེ་བཙུན་མི་ལར་དངོས་སུ་གཟིགས། གཞན་ཡང་སི་ཏུ་པདྨ་དབང་མཆོག །ཉག་བླ་བྱང་ཆུབ་རྡོ་རྗེ་སོགས་བླ་མ་མང་པོ་བསྟེན། ལྡེམ་ཆེན་གཡུ་རུའི་སྒྲུབ་སྡེ་བསམ་གཏན་གླིང་དང༌། པདྨ་འོད་ཕུང་འཁྱིལ་བ་སོགས་སུ་བཅད་རྒྱར་ཡུན་རིང་བཞུགས་པས། རྩ་གསུམ་ལྷ་ཚོགས་གྲུབ་པའི་རྟགས་མཚན་ཤིན་ཏུ་མང་པོ་དང༌། མཚན་ལམ་དུ་ཀླ་ཀློས་བོད་འདིར་འཚེ་བ་འབྱུང་ཚུལ་དུས་རྟགས་ངན་པའང་བྱུང༌། བཅོ་ལྔ་ལ་འཇའ་སྤྲིན་གྱི་དབུས་ནས་རྒྱལ་དབང་མ་ཧཱ་གུ་རུ་དངོས་སུ་བྱོན་ཏེ། གསང་བའི་མཚན་རིག་འཛིན་ཌོམྦྷི་ལྷ་མཆོག་རྡོ་རྗེ་བདེ་ཆེན་འདུས་པ་རྩལ་ཞེས་གསོལ། མཚན་གཞན་སྣང་སྲིད་ཡེ་ཤེས་ཁྱབ་བརྡལ་ཆེན་པོ་ཞེས་ཀྱང་གྲགས། དེ་ཡང་བཀའ་ཐང་ལས། ཤཱཀྱའི་ཞིང་ཁམས་གཡུ་རུ་གང་ཞེས་ན། །གསང་སྔགས་ཐེག་ཆེན་སྒྲུབ་པའི་རྣལ་འབྱོར་པ། །སྔགས་ཀྱི་བདག་པོ་ཡེ་ཤེས་ཞེས་བྱ་འབྱུང༌། །ཞེས་གནས་དང་མཚན་གསལ་བར་ལུང་བསྟན་པ་ལྟར་རོ། །བཅོ་བརྒྱད་ལ་གཙང་གཤིས་རྡོ་རྗེ་གྲོ་ལོད་ཀྱི་གནས་སྲུང་བཙན་རྒོད་རྡོ་རྗེ་ཁྲ་འབར་གྱིས་ཞུ་བསྐུལ་ལྟར་གནས་དེར་ཕེབས། དག་པའི་ངོ་མཚར་གྱི་གཟིགས་མོ་འབྱམས་ཀླས། ཚེ་སྒྲུབ་བདུད་རྩིའི་བུམ་བཟང་དགོངས་པའི་ཀློང་ནས་ཕྱུང༌། གནས་དེའི་ནུབ་ངོས་བྲག་རིམ་པ་གཅིག་བཤུས་པའི་འོག་ནས། འཕགས་ཡུལ་རིག་འཛིན་རྣམ་དགུའི་ཆོས་སྨན་གྲོ་ལོད་ཀྱི་བྱང་སེམས་དཀར་པོས་སྦྲུས་ཏེ་ཤ་ཟ་མཁའ་འགྲོའི་བྱང་སེམས་དམར་པོས་རྩི་བྱས་པ་གཏེར་དུ་བཏོན་པས། སྨན་དྲི་བཟང་པོས་ཕྱོགས་ཀུན་ཁྱབ་པ་བྱུང༌།…

པད་སྙིང་བདུན་པ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོའི་རྣམ་ཐར།

          ༈ དེའི་ཆོས་བདག་ཏུ་མངའ་གསོལ་བ་པད་སྙིང་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་ནི། མདོ་སྟོད་གླིང་ཚང་གི་ཡུལ་ཡ་དིང་ཞེས་པའི་འབྲོག་སྡེར། ཡབ་ཇི་སྐྱིད་མི་ཤེས་རང་སེལ་དང༌། ཡུམ་དུང་དགའ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་རྟ་༼༡༩༠༦༽ལོར་བལྟམས། རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་ཆ་གནས་ཁང་སོགས་གསལ་བར་གསུངས་ཏེ། ངོས་འཛིན་གནང༌། དགུང་ལོ་བདུན་སྟེང་གདན་སའི་ཁྲི་ལ་མངའ་གསོལ། རང་ལུགས་ཀྱི་འདོན་ཆོག་ཕྱག་ལེན་དང་བཅས་པ་མཐར་ཕྱིན་པ་སྦྱངས། མཁན་འཇམ་དཔལ་བཟང་པོའི་མདུན་ནས། ཐར་རྒྱན། ཀུན་བཟང་བླ་མའི་ཞལ་ལུང་སོགས་ལ་གསན་བསམ་མཛད་པས། ངེས་འབྱུང་གི་བསམ་པ་སྐྱེས། རབ་ཏུ་བྱུང་ནས་སྡོམ་པ་མིག་འབྲས་ལྟར་བསྲུངས་པས། དམ་པའི་སྐྱེས་བུ་ཟེར་བ་འདི་འདྲ་མིན་ན་ཅི་ཡིན་ཞེས་ཀུན་དད། གོང་མ་སྐུ་ན་ཆུང་དུས་ནས་གཤེགས་པར་བརྟེན་དགོན་པ་སྒྲིག་ཁྲིམས་ལྷོད་ཡངས་སུ་གྱུར་པར། མཁན་པོ་འཇམ་བཟང་དང་བཀའ་བགྲོས་ནས་གཙང་དགོན་དུ་བསྒྱུར་རྩིས་ལ། བདུད་ཀྱི་ཕོ་ཉ་སེར་གཟུགས་སུ་བརྫུ་བ་འགས་དང་བླངས་མ་བྱས་པས། ཐུགས་སྐྱོ་སྟེ་ཚ་ཚ་ཡ་ཐོད་གྲོ་ལུང་རི་ཁྲོད་ཅེས་པར་ལོ་གསུམ་དུ་སྐུ་མཚམས་བཞུགས། དེ་ནས་དགོན་སྡེ་ཡོངས་ནས་འགྱོད་བཤགས་དང་འབྲེལ་དགོན་པར་ཕེབས་རོགས་ལན་མང་ཞུས་པས། དགུང་ལོ་བཅུ་བཞི་ལ་དགོན་དུ་ཕེབས་ནས། གཙང་དགོན་དུ་བསྒྱུར། ཆོས་འདུལ་བ་གཞིར་བཟུང་སྒྲིགས་ཁྲིམས་གསར་གཏོད་མང་པོ་གནང༌། བཅུ་བདུན་ནས་མཁས་གྲུབ་འབྲུ་འཇམ་དབྱངས་གྲགས་པའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཅིང༌། ལམ་རིམ་ཐར་རྒྱན་ནས་བཟུང་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་གྱི་ཁྲིད་རྣམས་ལ་ནན་ ཏན་དུ་སྦྱངས་བརྩོན་མཛད། ལྷག་པར་ནཱ་རོའི་ཆོས་དྲུག་ལ་ཉམས་ལེན་གནད་དུ་བསྣུན་པས་ཉམས་རྟོགས་འཁྲུངས། ཉི་ཤུ་ལ་སྒྲུབ་སྡེ་རྒྱ་སྐྱེད་གནང་ནས་ཐོག་མར་སྒྲུབ་དཔོན་ལ་རིན་པོ་ཆེ་ཉིད་དང་མཁན་འཇམ་དཔལ་བཟང་པོ་གཉིས་ནས་མཛད། དེ་ནས་བཟུང་སྒྲུབ་དཔོན་རྡོར་འཛིན་གྱི་རིམ་པ་བར་མ་ཆད་པ་བྱོན། ཉེར་ལྔ་ལ་བཤད་གྲྭ་གསར་འཛུགས་གནང་ཞིང༌། མཚན་མི་ཕམ་ལུང་རྟོགས་འཇམ་དཔལ་དགྱེས་པའི་སྐྱེད་ཚལ་ཞེས་གསོལ། དབུ་འཛིན་དུ་ཐོག་མར་མཁན་འཇམ་བཟང་མངའ་གསོལ་མཛད། རིམ་བཞིན་མཁན་རབས་ཟམ་མ་ཆད་པར་བྱོན། དེ་ནས་དབུས་གཙང་གི་ཕྱོགས་ལ་གནས་གཟིགས་སུ་ཕེབས། ཡོངས་འཛིན་བདུན་པ་ངག་གི་དབང་པོར་མཇལ་ནས། བཀའ་ཆོས་དུ་མ་གསན།…