སྟོད་ཆ།

གུ་མ་ཎི་བྱམས་པ་རྒྱ་མཚོའི་སྐུ་ཕྲེང་རྣམ་ཐར།

༈ གུ་མ་ཎི་བ་བྱམས་པ་རྒྱ་མཚོ་ནི། མདོ་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་སློབ་མ་མ་ཎི་བ་གྲགས་པ་བསྟན་འཛིན་ཡང་སྲིད་ཡིན་ཞིང༌། འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མེད་ཀྱང༌། རབ་བྱུང་བཅུ་པའི་ནང་ཙམ་དུ་བྱོན། རྗེ་གྲུབ་དབང་ཀརྨ་བསྟན་འཕེལ་ལའང་ཐུག་པར་བཤད། གཙོ་བོར་མཁས་གྲུབ་ཚོགས་བརྒྱའི་བསོད་ནམས་རྒྱ་མཚོ་སོགས་བསྟེན་ནས་ཐོས་བསམ་སྒོམ་གསུམ་མཛད། སྤངས་རྟོགས་ཡོན་ཏན་གྱིས་ལྕི་བའི་མཁས་གྲུབ་གཉིས་ལྡན་གྱི་བླ་མར་གྱུར། གསོ་ཕུག་ཏུ་བཞུགས་སྐབས་རྗེ་བསོད་ནམས་རྒྱ་མཚོ་ལ་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པའི་ངོར། ཕྱག་ཆེན་རྣལ་འབྱོར་བཞིའི་ངེས་དོན་ཟིལ་དངར་རྒྱས་བྱེད་ཅེས་པའང་འདིའི་ཆེད་དུ་མཛད། སློབ་མའི་ཐུ་བོར་གྱུར་པས། དབོན་དགེ་རིན་པས་མཛད་པའི་རྗེ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ། སློབ་མ་རྒྱ་མཚོ་མཚན་ཅན་ལྔའི་ཡ་རྒྱལ་དུ་གསུང༌། བླ་མས་ཀུན་མཁྱེན་པད་དཀར་གྱི་ཕྲེང་བ་དང༌། དྭགས་པོའི་རྡོར་དྲིལ་བཅས་གནང་ནས་ཤར་ཕྱོགས་སུ་འགྲོ་དོན་འབྱུང་བར་ལུང་བསྟན། དེ་ནས་བླ་མའི་བཀའ་བཞིན་ལྷ་ཐོག་ཀེ་རེ་གོང་དུ་ཕེབས། དགྲ་ལྷ་ཡེ་བརྫུ་དང༌། ཀེ་རྒྱལ་ལུག་ར་སོགས་ཡུལ་ལྷ་རྣམས་ཀྱི་བསུ་མ་དང༌། ཀེ་དཔོན་གྲགས་སེང་ཚང་དང་ལྷ་སྡེ་དུ་མས་གོང་དུ་བཀུར། ཡུལ་དེར་ཕ་བོང་ཞིག་ལ་དགེ་བསྙེན་རྡོ་རྗེ་དགྲ་འདུལ་ཐིམ་པས། གནས་དེར་ལོ་གསུམ་ཙམ་བཞུགས། ཡི་དམ་ཐུགས་རྗེ་ཆེན་པོ་བསྒྲུབས་པས་ཞལ་གཟིགས། ཆུ་དང་དུང་སོགས་ལས་ཀྱང་ཡིག་དྲུག་གི་སྒྲ་དང༌། བྲག་ལ་མ་ཎིའི་རང་བྱོན་བྱུང༌། དེར་འཁར་རྔ་དང་ཆོས་དུང་གཏེར་དུ་བཞེས། དུང་སྐད་ཤིན་ཏུ་ཆེ་བས། གུ་ཕུ་ནས་དུང་བུས་ཚེ་གུ་དགོན་བྱེ་སྣ་ནས་ལྷང་ལྷང་ཐོས་པར་གྲགས། སེང་གེ་བྲག་གི་མར་འགག་ཏུ་བུད་མེད་ཅིག་གིས་བ་མེན་གྱི་ཞོ་ཐོད་ཕོར་གང་ཕུལ་བས་དེ་འབྲི་ཞིག་ཏུ་གྱུར་ནས་ས་ལ་ཐིམ་པའི་ཤུལ་དེར་ཕྱག་འཁར་བཙུགས་པས། ཆུ་མིག་ཅིག་བརྡོལ་བར་འབྲི་མིག་མ་གྲགས། གཞན་ཡང་བྲག་ལ་དྲིལ་གྱི་ཞབས་རྗེས་དང༌། ནད་ཡམས་བྱུང་ཚེ་ལྟ་སྟངས་ཙམ་གྱིས་ཞི་བ་སོགས་མཐུ་ནུས་དང་གྲུབ་རྟགས་ཀྱི་ངོ་མཚར་མང་བས། ཨོ་གའི་ལ་རིང་ཕུ་རྒྱ་ཆེ། །ཀེ་དཔོན་སྦྲ་རིང་ནང་བཅུད་ཆེ། །གུ་ཕུ་བྱམས་རིང་མཐུ་ནུས་ཆེ། །ཟེར་བ་བྱུང༌། ཀེ་རྒྱལ། གུ་རྒྱལ། གུ་མ་ཎི་ལྕོག་སོགས་གཞི་བདག་རྣམས་བྲན་དུ་འཁོལ་ཅིང༌། ཡུལ་སྡེས་དབུ་བླར་བཀུར་ཏེ། ཐོག་མར་སྦྲ་དགོན་ལྟ་བུ་ལས། རིམ་གྱིས་ཀེ་སྨད་གུ་གཞུང་གི་ཕུ་རུ་འདུ་ཁང་བཞེངས་ནས་དགོན་པ་བཏབ་པས། གུ་དགོན་ཐེག་ཆེན་བྱམས་པ་གླིང་ཞེས་གྲགས་པ་འདི་བྱུང་ངོ༌། །དེ་ནས་རིམ་བཞིན་བསྟན་འགྲོའི་དོན་དུ་སྐུ་རབས་བདུན་ཙམ་བྱོན་ཡང་མཚན་དང་རྣམ་ཐར་མ་མཇལ། བརྒྱད་པ་ཆོས་ཀྱི་རྒྱ་མཚོ་ནི།…

ལོ་རི་ཤེས་རབ་རྒྱ་མཚོའི་རྣམ་ཐར།

༈ རྗེ་ལོ་རི་ཤེས་རབ་རྒྱ་མཚོ་ནི། མདོ་སྟོད་སྡེ་དགེའི་ས་ཆར། ཡབ་ཡུམ་གྱི་མཚན་དང་འཁྲུངས་ལོ་མ་རྙེད་ཀྱང༌། རབ་བྱུང་བཅུ་གཅིག་པའི་ནང་ཙམ་དུ་འཁྲུངས། རྒྱལ་བ་ལོ་རས་པའི་སྤྲུལ་པར་གྲགས། སྐྱུ་ར་བསམ་གཏན་རྣམ་རྒྱལ་གྱིས་མཛད་པའི་ལོ་རི་དགོན་པའི་ལོ་རྒྱུས་གསར་རྩོམ་དུ། འབྲུག་རྒྱལ་དབང་ཆོས་རྗེ་དང༌། ཀུན་མཁྱེན་ལྷ་རྩེ་བ་ངག་གི་དབང་པོ་ལ་བསྟེན་པར་བཤད་པ་སོགས་ནི་ཐ་སྙད་དང་དུས་ཚོད་གཉིས་ཀར་མི་མཐུན་ཞིང༌། རྗེ་མདོ་ཁམས་པ་ཀརྨ་བསྟན་འཕེལ་གྱི་ཐུགས་སྲས་ཡིན་པར་བཤད་ཀྱང༌། བླ་མའི་གཙོ་བོ་རྗེ་འཛི་སྒར་བསོད་ནམས་རྒྱ་མཚོ་ལ་བསྟེན་ཡོད་པར་གསལ་ཏེ། འཛི་སྒར་གཉིས་པའི་དབོན་དགེ་ལེགས་རིན་ཆེན་གྱིས་མཛད་པའི་ཕྱག་ཆེན་བླ་མའི་རྣམ་ཐར་ལས། རྗེ་དེའི་སློབ་མ་རྒྱ་མཚོའི་མཚན་ཅན་ལྔའི་ནང་དུ་གསལ་བ་མ་ཟད། འདི་གྲུབ་དབང་ཀརྨ་བསྟན་འཕེལ་འདས་ནས་ལོ་ངོ་དྲུག་ཅུ་རེ་གསུམ་སོང་བའི་ས་ཡོས་ལོར་སྐུ་གཤེགས་པར་གསུངས་པའི་ཕྱིར་རོ། །གཞན་ཡང་བཤེས་གཉེན་མང་པོ་བསྟེན་ནས་མཁས་གྲུབ་ཆེན་པོར་གྱུར། རྗེ་བླ་མ་བསོད་ནམས་རྒྱ་མཚོ་གཤེགས་སྐབས། རྗེ་ལོ་རི་ཤེས་རབ་རྒྱ་མཚོའི་མཚན་ལམ་དུ་དཔལ་འཁོར་ལོ་སྡོམ་པ་རིགས་འདུས་ཀྱི་དཀྱིལ་འཁོར་ཆོ་གའི་མངོན་རྟོགས་ཇི་ལྟ་བ་ཞིག་གཟིགས་ཤིང༌། དེ་ལས་སྤྲུལ་སྐུ་འབྱོན་པའི་ལུང་བསྟན་ཐོབ་པས་རྟབ་རྟོབ་ཀྱིས་ཡབ་ཡུམ་གྱི་དྲུང་དུ་བྱོན་ནས་གནང་ཆ་ཕྲན་བུ་དང་བཅས། ལྷ་རྗེ་ཨ་སྐྱབས་ཁྱོད་ཀྱི་སྲས་འདི་ངའི་བླ་མའི་སྐུའི་སྐྱེ་བ་ཡིན་འདྲ་བས། གཙང་སྦྲང་གཅེས་སྤྲས་གལ་ཆེ་ཞེས་གདམས་པར་མཛད། སྔ་གོང་དུ་མཉམ་མེད་འབྲུག་པ་རིན་པོ་ཆེ་མི་ཕམ་དབང་པོའི་ཞལ་སྔ་ནས། ཡབ་ཀྱི་མིང་ལ་ཨ་དང༌། ཡུམ་གྱི་མིང་ཀླུ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་ཡོང་ཞེས་ཇི་ལྟར་ལུང་བསྟན་པ་བཞིན་མཐུན་པར་བྱུང༌། སྐབས་དེར་སྒ་སྟོད་ཨ་ཁྲོ་དཔོན་གྱིས་བུ་འདི་སྐྱེས་བུ་དམ་པ་ཞིག་ཡིན་ན། ངེད་ཅག་སྡེ་དཔོན་ཡོངས་ཀྱི་བསོད་ནམས་བགོ་སྐལ་དུ་བྱོན་པ་ཡིན། ས་མཐའ་ག་གེ་མོ་ཞིག་ཏུ་གདན་འདྲེན་མི་ཆོག་ཅེས་ཟེར་ནས་ཐོག་མར་གཏོང་དུ་མ་འདོད། མཐར་ནན་ཞུས་མཛད་པས། འོ་ན་ངེད་སྡེ་དཔོན་ཡོངས་ལ་འདི་ཕྱིའི་སྐྱབས་གནས་འོས་པའི་སྐྱེས་བུ་དམ་པ་ཞིག་ཡོད་དགོས་པས། ཡང་ན་སྤྲུལ་སྐུ་འདི་ཞོག །ཡང་ན་ཁྱེད་བཞུགས་ཟེར། ལོ་རི་རིན་པོ་ཆེ་ལ་ལྷ་དང་སྲུང་མས། དུང་དཀར་གཡས་སུ་འཁྱིལ་འདྲའི་དབེན་རི་ལ། །འགྲོ་བའི་དེད་དཔོན་ཁྱེད་ཉིད་བཞུགས་གྱུར་ན། །རྟོགས་པ་ལྡན་པའི་རྣལ་འབྱོར་གྲངས་མེད་འབྱུང༌། །བསྟན་འགྲོའི་དཔལ་མགོན་དམ་པར་ཁྱེད་འགྱུར་རོ། །ཞེས་སྔར་ནས་ལུང་བསྟན་ཡོད་པ་ལྟར་བཞུགས་པར་ཞལ་གྱིས་བཞེས། དེ་ནས་བླ་གྲྭ་འཁོར་བཅས་གདན་ས་གར་འདེབས་ཀྱི་ས་དཔྱད་བརྟགས་པའི་མཐར། སྒ་ནོན་འཇམ་འོམ་བུ་ལུང་ཞེས་པའི་ས་ཆའི་ཕྱོགས་སུ་ལུང་བསྟན་དང་མཐུན་པའི་དབེན་གནས་ཉམས་དགའ་ཞིང་ཡིད་དུ་འོང་བ་དེར། སྔར་མཁར་ཕུ་བ་རྒྱལ་མཚན་བློ་གྲོས་ཀྱིས་བཏབ་པར་གྲགས་པའི་མཁར་ཕུ་ནམ་མཁའ་ཆོས་གླིང་ངམ། འབྲི་གུང་ནམ་མཁའ་སྒང་ཞེས་པའི་སྒྲུབ་སྡེ་ཞིག་ཡོད་པ་དེ་དང་གཅིག་ཏུ་དྲིལ་ནས། རབ་བྱུང་བཅུ་གཅིག་པའི་ས་རྟ་༼༡༦༧༨༽ལོར་གདན་ས་བཏབ། དཔལ་འབྲུག་རྒྱས་ཆོས་འཁོར་གླིང་ཞེས་མཚན་གསོལ། ཐོག་མར་གུར་སྒར་བཏབ་ནས་བཞུགས་པས། སྒར་པ་དགོན་དང༌། ལོ་རི་སྒ་ཆེན་སྒར་ཞེས་ཟེར།…

འཇོ་ཕུ་ཆོས་ལུ་འགྲོ་དོན་རྒྱ་མཚོའི་རྣམ་ཐར།

༈ རྗེ་འཇོ་ཕུ་ཆོས་ལུ་འགྲོ་དོན་རྒྱ་མཚོ་ནི། ཡབ་ཡུམ་གྱི་མཚན་དང་འཁྲུངས་ལོ་ངེས་རྙེད་མ་བྱུང་ཡང༌། ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་ནང་ཙམ་དུ་འཁྲུངས། ཆོས་ལུའམ་ཆོས་བློ་ཞེས་སོགས་མཚན་རྒྱས་བསྡུས་སྣ་ཚོགས་མཐོང་སྟེ། འཁྲུངས་རབས་གསོལ་འདེབས་ནང་དུའང༌། ཇི་ལྟའི་ཆོས་དབྱིངས་གནས་ལུགས་མངོན་དུ་གྱུར། །ཇི་སྙེད་ཤེས་བྱ་རབ་འབྱམས་སྨྲ་བའི་མཆོག །མདོ་ཁམས་བླ་མ་ཀརྨ་ཆོས་བློ་ཞེས། །ཕྲིན་ལས་ཤེས་རབ་ཞབས་ལ་གསོལ་བ་འདེབས། །ཞེས་འབྱུང་བས་སོ། །མཚན་ཟུར་རྒྱ་མཚོ་ནི་ཕྱིས་བཏགས་པར་མངོན། བླ་བརྒྱུད་གསོལ་འདེབས་ལས། གྲུབ་དབང་ཀརྨ་བསྟན་འཕེལ་ནས་བརྒྱུད་པར་གསུངས་པས། རྗེ་མདོ་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་ལ་བསྟེན་ནས་བྱིན་རླབས་བརྒྱུད་པའི་གདམས་པ་གསན་ཞིང༌། གཙོ་བོར་རྗེ་འཛི་སྒར་བསོད་ནམས་རྒྱ་མཚོ་ལ་བསྟེན་ཡོད་པར་གསལ་ཏེ། ཀརྨ་བསྟན་འཕེལ་འདས་ནས་ལོ་ངོ་དྲུག་ཅུ་རེ་གསུམ་སོང་བའི་ས་ཡོས་ལོར་རྗེ་ཆོས་ལུ་སྐུ་གཤེགས་པས་དུས་ཚོད་དང་བསྡུར་ན་ཤེས་ལ། དབོན་དགེ་རིན་པས་མཛད་པའི་རྗེ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དུ་སློབ་མའི་གཙོ་བོ་ཡིན་པར་བཤད་ཅིང༌། ད་དུང་དེར། ཕྱིས་སུ་འཛི་སྒར་སྐུ་ཕྲེང་གཉིས་པའི་རྩ་འཛིན་དང་སློབ་དཔོན་གནང་ཞིང༌། ཞལ་ནས་ཀྱང༌། སྐྱབས་སུ་མཆི། ཕེབས་ལུགས་བཞུགས་ལུགས་སོགས་ཀྱི་མཛད་པ་གང་ལ་བལྟས་ཀྱང༌། ངའི་ཕ་བླ་མའི་སྤྲུལ་སྐུ་འདི་འདྲ་བ་ཞིག་གཞན་སུ་ལའང་མི་འདུག་ཅེས་གསུངས་པས་སོ། །དེས་ན་རྗེ་ཀརྨ་བསྟན་འཕེལ་གྱི་སློབ་མའི་མཚན་སྨོས་སྐབས་དང༌། བསོད་ནམས་རྒྱ་མཚོའི་རང་རྣམ་གཉིས་ཀ་ལས། བླ་མ་ཀརྨ་ཤེས་རབ་ཅེས་འབྱུང་བ་དེའང་གོང་གི་མཚན་རྒྱས་པའི་ཐོག་མཐའ་གཉིས་སྦྱར་ཏེ་བསྡུས་པའི་མཚན་ཡིན་ནམ་སྙམ། བྲག་གཡབ་ཆོས་ལུ་ཞེས་ཀྱང་གྲགས་པས། བྲག་གཡབ་ཚོགས་བརྒྱ་དགོན་ནས་འདིར་ཕྱོགས་སུ་ཕེབས་པར་ངེས། དེ་ཡང་ཐོག་མར་རབ་མདོ་དང་མཁར་སྒང་བར་གྱི་རི་རྩེར་དབེན་གནས་བཀྲ་ཤིས་ལྷ་རྩེ་ཞེས་པར་སྒྲུབ་པ་ཉམས་བཞེས་མཛད་ནས་བཞུགས་པས། འཁོར་སློབ་མང་དུ་འདུས་ཏེ་སྒྲུབ་པའི་སྡེ་ཆགས། དེ་ཡང་རབ་བྱུང་བཅུ་གཅིག་པའི་ཆུ་མོ་ཡོས་ཀྱི་༼༡༦༦༣༽ལོར་འདུ་ཁང་སོགས་བཞེངས་པའི་དབུ་ཚུགས། དེའི་ཚེ་དགོན་འདིར་རབ་ཏུ་བྱུང་ནས་དབེན་པའི་རི་བོར་རྟག་ཏུ་སྡོད་ཚུགས་དགོས་པའི་དགེ་འདུན་གྱི་ནང་ཁྲིམས་ལེགས་པས། རྣམ་དག་ཁྲིམས་གཙང་གི་ཚད་དུ་བྱེད་པའི་འདུས་སྡེ་ཞིག་བྱུང༌། འཁོར་མོ་ཡུག་ཏུ་ཆོས་སྤྱོད་ལ་གཞོལ་བས་སྟོན་འཁོར་མཛེས་ཤིང༌། འགྲོ་བ་ལྷ་དང་བཅས་པའི་མཆོད་གནས་སུ་གྱུར་པས་མི་མ་ཡིན་གྱིས་གསེར་གླ་རྐྱལ་ཁང་ཕུལ་བར་གྲགས། དད་རྫས་རྣམས་དགེ་རྩར་སྨིན་ཆེད་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་བཀའ་འགྱུར་ཚར་གཉིས་བཞེངས་པ་སོགས་ལས་ཀྱི་འཁོར་ལོའི་མཛད་རྗེས་ཀྱང་ཆེ། དེ་ནས་རིམ་བཞིན་འཇོ་ཕག་གྲུའི་ཕུག་ཏུ་བཞུགས་ཤིང༌། དེར་ཡང་སྒྲུབ་པའི་སྡེ་ཚུགས་ཐུབ་པ་བྱུང༌། གནས་འདི་འཇོ་གཞུང་གི་ཕུ་ལ་ཡོད་པས་དེ་ཕྱིན་འཇོ་ཕུ་དགོན་ཞེས་གྲགས། འབྲུག་པ་ཕུ་བཞི་གྲགས་པའི་ཡ་གྱལ་ཏེ། ཕུ་བཞི་ནི་འཇོ་ཕུ། དགོན་ཕུ། གུ་ཕུ། དྷིཿཕུ་ཞེས་སོ། །དབོན་དགེ་རིན་པས་མཛད་པའི་ཕྱག་ཆེན་བརྒྱུད་པའི་ལོ་རྒྱུས་ལས།…

འཛི་སྒར་དང་པོ་བསོད་ནམས་རྒྱ་མཚོའི་རྣམ་ཐར།

༈ འཛི་སྒར་དང་པོ་མཁས་གྲུབ་བསོད་ནམས་རྒྱ་མཚོ་ནི། མདོ་སྟོད་ལྷོ་ཚ་བ་སྒང་དུ། ཡུམ་ཁྲོམ་བཟའ་མེ་ཏོག་མ་ཞེས་པའི་སྲས་སུ། རབ་བྱུང་བཅུ་པའི་ས་སྤྲེལ་༼༡༦༠༨༽ལོར་འཁྲུངས། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ཉིད་ཀྱི་དགོན་པ་ས་གཞི་སྐྱ་བོ་ལ། ལུང་པ་ཁ་ཤར་བསྟན་ཞིག་ཡོད་པ་ཡང་ཡང་ཐུགས་ལ་ཤར་བ་སོགས་སྔོན་གནས་དུ་མ་རྗེས་སུ་དྲན། ཁྱད་པར་རྗེ་རྒོད་ཚང་པའི་སྐྱེ་བར་ཞལ་གྱིས་བཞེས། དེ་ནས་ཐུགས་ངེས་འབྱུང་དྲག་པོས་བསྐུལ་ཏེ། དགུང་ལོ་བཅུ་གསུམ་པར། གྲུབ་པའི་དབང་ཕྱུག་ཀརྨ་བསྟན་འཕེལ་ཟླུམ་པོ་ཐང་ཞེས་བྱ་བར་ཅོག་སྒར་རྒྱུ་སྐར་ལྟ་བུའི་དབུས་སུ་མཇལ་བས། མི་ཕྱེད་པའི་དད་པ་ཐོབ། གཞུང་ཤོད་བྱང་ར་ཞེས་པར་ཐོག་མར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ། མཚན་བསོད་ནམས་རྒྱ་མཚོར་བཏགས། ཞོགས་རྒྱུགས་རེ་ལ་ཤོ་ལོ་ཀ་བརྒྱ་དང་བརྒྱད་ཅུ་ཙམ་ཟིན་པས་ཀུན་གྱིས་ཤེས་རབ་ཅན་དུ་རྩི། རིམ་བཞིན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་སོགས་དབང་ཆོས་ཐམས་ཅད་བུམ་པ་གང་བྱོ་གནང་བས། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བཅུ་དགུ་ཙམ་ལ་ཇི་སྙེད་པའི་ཤེས་བྱའི་གནས་ལ་སྦྱང་ཕྱིར། ལྷོ་སྟོད་ལྕང་ར་དཔལ་འབར་དུ་ཀུན་མཁྱེན་གྱི་དངོས་སློབ་རྗེ་ལོ་ཙཱ་བ་ཆེན་པོ་སངས་རྒྱས་དཔལ་བཟང་གི་ཞལ་སྔར་བྱོན་པ་ན། ལོ་ཙཱ་བ་དེ་ཉིད་ཀྱིས། མདང་རྨི་ལམ་ལྟར་ན། དེ་རིང་ང་ལ་ཀུན་མཁྱེན་གྱི་སློབ་མ་ལས་འཕྲོ་ཅན་ཞིག་འཕྲད་དུ་ངེས་པར་འོང་གསུང་པ་ལྟར་སྤྱན་སྔར་སླེབས། རྗེ་དེའི་དྲུང་དུ་ཉི་ཤུ་པ་མེ་ཡོས་ལོར། དགེ་ཚུལ་དང་བཅས་པའི་བསྙེན་རྫོགས་མནོས། ཤ་ཆང་ལྟ་ཅི་རགས་པའི་ཟས་ཆེར་མི་གསོལ་ཡང་ཟོ་མདོག་ལྷག་པར་བཟང་ཞིང༌། སྐུ་བཙུན་པའི་དཔེར་འོས། དེར་སྒྲ་ཀ་ཙན་ནས་བཟུང་ཐུན་མོང་གི་རིག་གནས་ཀུན་དང༌། ཐུན་མོང་མ་ཡིན་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ། ཁྱད་པར་ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་རྒྱས་པ་འབུམ་ནག་ལུགས་དང༌། སྙན་རྒྱུད་ནོར་བུ་སྐོར་གསུམ་སོགས་ཁྲིད་ཆེན་ཕལ་མོ་ཆེ། དབང་སྒྲུབ་སྐོར་བཅས་གསན་ཅིང༌། དོགས་གཅོད་ཀྱི་སྒོ་ནས་གཏན་ལ་ཕབ། རྒྱུད་རྒྱ་འགྲེལ་སོགས་པུ་ཏི་བཅུ་བདུན་གྱི་རྒྱུགས་ཕུལ། ཀུན་མཁྱེན་པདྨ་དཀར་པོའི་བཞེད་གཞུང་ལས་བྱུང་བའི་དཀྱིལ་ཆོག་ཉི་ཤུ་རྩ་གཅིག་སོགས་ཀྱི་ཕྱག་ལེན་དབྱངས་རོལ་རྣམས་མཐོང་བརྒྱུད་མ་ཉམས་ཞལ་ཤེས་དང་བཅས་པ་བསླབས་ཏེ། མདོ་རྒྱུད་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པས། མགུར་ལས། ཕྱི་ལུང་རིག་གི་ཉིད་འོད་བཀྲ་བ་འདི། །རྗེ་སངས་རྒྱས་དཔལ་བཟང་བཀའ་དྲིན་ཡིན། །ནང་རིག་པའི་རྩལ་ཁ་རྫོགས་པ་འདི། །མགོན་གྲུབ་པའི་དབང་པོའི་བཀའ་དྲིན་ཡིན། །ཞེས་གསུང༌། ལོ་ཆེན་ཞིང་བརྗེས་ནས་སླར་རྗེ་ཀརྨ་བསྟན་འཕེལ་གྱི་དྲུང་དུ་བྱོན། བཀའ་ལས། ཁྱོད་ཀྱིས་ཐ་སྙད་ཚིག་གི་བསླབ་སྦྱང་ལ་ཡེངས་ནས།…

འཁྲུལ་ཞིག་དང་པོ་ཕྲིན་ལས་རྒྱ་མཚོའི་རྣམ་ཐར།

༈ འཁྲུལ་ཞིག་སྐུ་ཕྲེང་དང་པོ་ཕྲིན་ལས་རྒྱ་མཚོའམ་ཤ་བ་རང་གྲོལ་ནི། མདོ་སྟོད་ནང་ཆེན་ཕྱོགས་སུ། རབ་བྱུང་བཅུ་པའི་ནང་ཙམ་དུ་སྐུ་འཁྲུངས། གཞོན་དུས་སུ་མ་ཡིས་བཤོལ་ཀྱང་མ་ཉན་པར་རི་དྭགས་གཤོར་བ་སོགས་མཛད་སྤྱོད་ངེས་མེད་གནང༌། སྐབས་ཤིག་ཡུག་བིས་རུ་ཞེས་པའི་རི་སུལ་ཞིག་ནས་ཤ་བ་ཞིག་ལ་མདའ་བརྒྱབ་ནས་རྨས་པར་ཁྱིས་དེད་པའི་མཐར་ལྟོ་བ་ཕྲལ་ནས་རྒྱུ་མ་ཕྱུང་ཞིང༌། འདར་ཕྲིལ་ཕྲིལ་ངང་ཁོང་ལ་ལྟ་བཞིན་མཆི་མ་ཁྲོལ་ལེར་ཤི་བ་གཟིགས་པའི་རྐྱེན་གྱིས། ཤས་མི་བཟོད་པའི་སྙིང་རྗེ་དྲག་པོ་དང་འགྱོད་པ་ཚད་མེད་པ་སྐྱེས། ད་ནི་བླ་མ་བཟང་པོ་ཞིག་བཙལ་ནས་སྡིག་བཤགས་དགེ་བ་རེ་མ་བསྒྲུབ་ཐབས་མི་འདུག་སྙམ་པ་དགོངས། དེ་དུས་ཙམ་ལ་ཡོངས་འཛིན་ངག་དབང་བཟང་པོའི་དངོས་སློབ་ཁམས་པ་ཀརྨ་བསྟན་འཕེལ་ལྗོངས་དེར་ཕེབས་འདུག་པ་གསན་པས། མཚན་ཐོས་པ་ཙམ་གྱིས་མོས་གུས་བྱུང་ཞིང༌། ཁྱི་ར་བའི་ཚུལ་གྱིས་མཇལ་དུ་བྱོན། ཐོག་མར་ཉེ་གནས་ཀྱིས་རྔོན་པར་དོགས་ནས་ཕྱིར་བསློགས་ཀྱང༌། བླ་མས་ལས་ཅན་གྱི་སློབ་མར་གཟིགས་ནས་འབོད་དུ་བཏང་བས། ཞལ་མཇལ་བ་ཙམ་གྱིས་ཐ་མལ་གྱི་རྟོག་པ་འགག་པའི་མོས་གུས་བྱུང༌། རྗེས་སུ་བཟུང་ཞིང་རྒྱུན་གྱི་ཞབས་འབྲིང་མཛད། གདམས་ངག་བཀའ་རྒྱ་ཅན་ལྔས་གཙོས་སྨིན་གྲོལ་གྱི་མང་དུ་བསྩལ། ཐུགས་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས་པས་བླ་མས་རྟོགས་པ་རང་དང་མཉམ་པར་བསྔགས་ཤིང༌། འཁྲུལ་ཞིག་ཅེས་པའི་མཚན་གསོལ། དེ་ནས་བླ་མའི་ལུང་ལྟར་གསང་གི་དགོན་ལུང་ཕུར་སྒྲུབ་པར་ཡུན་རིང་བཞུགས། རྡོ་ལ་ཕྱག་ཞབས་དང་སྐུ་ལུས་ཀྱི་རྗེས་དང༌། མི་མ་ཡིན་ལ་ཆོས་སྟོན་པ་སོགས་གྲུབ་པའི་སྤྱོད་པ་བསམ་ལས་འདས། སློབ་ཚོགས་མང་པོར་སྨིན་གྲོལ་གྱི་ལམ་ལ་བཀོད། ནང་ཆེན་རྒྱལ་པོའི་སྲས་མོ་ཤི་བར་འཕོ་བ་ཞུས་ཚེ། ཀ་ལི་ཚག་སྒྲ་དང་བཅས་བུག་པ་ཧ་རེར་གཏོར་བའི་འཕོ་རྟགས་ངོ་མཚར་ཅན་བྱུང་བས། རྒྱལ་པོ་ཤིན་ཏུ་དད་ནས་དབུའི་མཆོད་གནས་ཀྱི་གཙོ་བོར་བཀུར་ཅིང༌། མདུན་རི་གསང་ལུང་ཇོ་བོ་སྐེད་རྒྱལ་གྱི་ཞོལ། གསར་མ་ཡང་རྫོང་གི་འགུལ། ས་གནད་ཁྱད་པར་ཡོད་པ་དེར་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ནས་ཕུལ། ཕུན་ཚོགས་བདེ་ཆེན་གླིང་ཞེས་མཚན་གསོལ་ནས་གདན་ས་མཛད། ཕྱིས་བླ་མའི་མཚན་གྱིས་འཁྲུལ་ཞིག་དགོན་ཞེས་གྲགས། དེར་སློབ་ཚོགས་མང་དུ་འདུས་པ་རྣམས་ལ་སྐལ་བར་འཚམས་པའི་ཆོས་ཀྱི་བདུད་རྩི་སྩལ་བས་རང་གཞན་གྱི་དོན་གཉིས་སྒྲུབ་ནུས་པའི་བསྟན་འཛིན་མང་དུ་བྱུང་ནས། མཉམ་མེད་དཔལ་ལྡན་འབྲུག་པའི་རྟོགས་པ་དོན་གྱི་བརྒྱུད་འཛིན་ཆེན་པོར་གྱུར། མཐར་དགུང་ལོ་དྲུག་ཅུའི་སྟོད་ཙམ་ལ་གདན་ས་དེ་ཉིད་དུ་སྐུ་གཤེགས།༼སྐུ་ཕྲེང་རིམ་པའི་རྣམ་ཐར་འོག་ཏུ་གསལ་༽སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པ་སོགས་འགྲོ་དོན་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་བོ། །