སྟོད་འབྲུག་གི་སྐབས།

རི་ནཔོ་ཆེ་རྒྱལ་མཚན་འབུམ་གྱི་རྣམ་ཐར།

༈ ཡང་དགོན་པའི་སློབ་མ་རིན་པོ་ཆེ་རྒྱལ་མཚན་འབུམ་ནི། འཁྲུངས་ཡུལ་ལ་སྟོད། ཆུང་ངུ་ནས་ཡང་དགོན་པ་དང་མཇལ། དད་པ་ཐོབ་སྟེ་རབ་ཏུ་བྱུང༌། དགུང་ལོ་བཅུ་དྲུག་པ་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། ཕྱིས་གྲུབ་ཆེན་ཨུ་རྒྱན་པ་ལ་སོགས་བསྟེན། སྒྲུབ་པའི་རྒྱལ་མཚན་ལེགས་པར་བཙུགས། སློབ་མ་ཡང་ལ་སྟོད་པ་ཤེས་རབ་མགོན་པོ་སོགས་མང་པོ་བྱུང་ངོ༌། །

ལོ་རས་ཆོས་སྐྱོང་དཔལ་གྱི་རྣམ་ཐར།

༈ ལོ་རས་ཆོས་སྐྱོང་དཔལ་ནི། གཙང་ལ་སྟོད་ལྷོའི་མཐིལ་རྩ་སྐོར་དུ། ལོ་ཙཱ་བའི་གདུང་རྒྱུད་ཡབ་ལོ་རོ་མཁས་པ་ཇོ་སྲས་དང༌། ཡུམ་བཙན་རྗེ་སྐྱོང་བྱ་བའི་སྲས་སུ། རབ་བྱུང་བཞི་པའི་ཤིང་ཁྱི་༼༡༢༡༤༽ལོར་འཁྲུངས། ཡབ་ཀྱིས་འདི་སྤྲུལ་པའི་སྐུ་ཆོས་སྐྱོང་རང་བཞིན་གྱིས་འགོ་བ་ཞིག་འོང་བར་འདུག་པས། མཚན་ཡང་ཆོས་སྐྱོང་འོད་བྱ་བར་འདོགས་པ་ཡིན་གསུང༌། གཞོན་ནུ་ནས་ཤིན་ཏུ་དུལ་ཞིང༌། མཛེས་འཛུམ་ཡིད་དུ་འོང་བ་ཞིག་བྱུང༌། དགུང་ལོ་བཞི་ལ་ཀློག་མྱུར་དུ་མཁྱེན། ལྔ་པ་ལ་ཆབ་གཏོར་འཇམ་དཔལ་མ་སོགས་སྒྲུབ་ཐབས་མང་པོ་ཐུགས་སུ་ཆུད་ཅིང༌། ཆོས་ཀྱི་གོ་བ་ཧ་ཅང་ཆེ་བས་དགུང་ལོ་དྲུག་བདུན་ནས་མགུར་གསུང་ཐུབ། དགུང་ལོ་བརྒྱད་པར། རྒྱལ་བ་ཡང་དགོན་པ་དང་མཇལ་ཏེ། དཔལ་ལྷ་གདོང་དུ་བྱོན། འཇམ་དཔལ་ཟབ་པའི་དབང་ཞུས། མདོ་སྡེ་སྐྱེས་རབས་ཚར་གཅིག་གསན། གཞན་ཡང་སྔ་རྗེས་རྣམས་སུ་ཨ་རོའི་ཁྲིད། བཅུ་གཅིག་ཞལ་གྱི་སྒྲུབ་སྐོར། མི་བསྐྱོད་པ་ནས་བརྒྱུད་པའི་གཏེར་མའི་སྐོར། ཞི་བྱེད་སྐོར། སྤྱོད་འཇུག །དོ་ཧ་སྐོར་གསུམ། ནཱ་རོ་ཆོས་དྲུག །ལམ་འབྲས་ཀྱི་ཁྲིད་བཅས་རྗེ་དེ་ཉིད་ལ་དབང་ཆོས་བཞུགས་སོ་ཅོག་ཕལ་ཆེར་གསན། བཅུ་གཅིག་ལ་རྩ་སྐོར་དུ་དགུན་ཟླ་གསུམ་བསྙེན་པ་མཛད་པས་ལྷ་གྲུབ་པའི་མཚན་མ་བཟང་པོ་བྱུང༌། བཅུ་གཉིས་ནས་གཉན་སར་གཅོད་ཀྱི་ཚར་སློང་འགྲིགས། བཅོ་ལྔ་ལ་སྤྱོད་འཇུག་གི་བཤད་གསར་མཛད་པས་སྙན་པས་ཕྱོགས་ཀུན་ཁྱབ། དེ་ནས་རྩིབས་རི་ར་སྔོན་དུ་བྱོན་ནས་སྒྲུབ་པ་ཡུན་རིང་མཛད། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་ཉམས་རིམ་པ་ལྟར་བྱུང་ཞིང༌། བདེ་གསལ་སྟོང་པའི་ཉམས་རྒྱུན་ཆད་མེད་པར་ཉིན་མཚན་ཁོར་ཡུག་ཏུ་ཤར་བས། གཟིམ་མལ་གྱི་བདེ་མི་བདེ་ཡང་མི་ཚོར་བ་བྱུང་གསུང༌། ཉམས་ཚན་ཆེན་པོ་དེ་ལ་བརྟེན་ནས་འབྱུང་བ་བཞིའི་རླུང་གི་ཁ་དོག་དང་རིང་ཐུང་གི་ཚད་གཟིགས། ཕྱི་རོལ་ནས་མིས་ཟས་ལ་སོགས་པ་གང་ཁྱེར་ཡོང་བ་དང༌། མཚན་མོར་གནས་ཁང་ནང་དུ་བྱི་བས་གང་ཟ་བ་སོགས་ཉིན་མོ་བཞིན་གཟིགས་པ་བྱུང༌། དེ་ཐམས་ཅད་ཉམས་ཀྱི་འོད་གསལ་གྱི་སྣང་ཆ་ཡིན་གསུང༌། བདེ་དྲོད་ལ་བརྟན་པ་ཐོབ་ཅིང༌། ན་བཟའ་རས་རྐྱང་གིས་ཆོག་པ་བྱུང་བས། དེ་སྔོན་སྟོན་པའི་མཚན་དུ་ཡོད་པ་ལ།…

རྒྱལ་བ་ཡང་དགོན་པ་རྒྱལ་མཚན་དཔལ་བཟང་གི་རྣམ་ཐར།

༈ རྒྱལ་བ་ཡང་དགོན་པ་རྒྱལ་མཚན་དཔལ་བཟང་ནི། ལ་སྟོད་ལྷོ། ལྷ་གདོང་དུ། སྔགས་བརྒྱུད། ཡབ་ཇོ་བསམ། ཡུམ་ཆོས་མཐོང་གི་སྲས་སུ་རབ་བྱུང་བཞི་པའི་ཆུ་བྱ་༼༡༢༡༣༽ལོར་འཁྲུངས། ཡབ་ཀྱིས་མཚན་གདུང་གསོབ་འབར་བ་བཏགས། བུ་ཆུང་གོག་པོའི་དུས་ནས་མཆོད་ཁང་གི་སྒོ་ལ་དབུ་གཏུགས་ཏེ་ཕྱག་མཛད་པ་དང༌། སྨྲ་མཁྱེན་པ་དང་སྐྱབས་སུ་མཆིའོ་བྱ་བའི་གསུང་བྱོན་པ་སོགས་ཆོས་ཀྱི་བག་ཆགས་ལྷན་སྐྱེས་སུ་མངའ། དགུང་ལོ་བཞི་པ་ལ་བསླབ་མ་དགོས་པར་ཀློག་མཁྱེན་པས། ཕྱིས་ང་ལ་འབྲི་ཀློག་གཉིས་ལ་སློབ་དཔོན་མེད། སྦྱོར་ཀློག་ཟེར་བ་དེ་ཀུན་བྱེད་མ་མྱོང༌། ད་ལྟ་ཡི་གེ་འབྲི་བའི་དུས་སུ་འཕུལ་བཞག་ནོར་བ་བག་ཙམ་ཡོང་བར་འདུག་གསུང༌། ལྔ་པ་ལ་ཨ་པ་ཁྲོ་སྐྱབས་བྱ་བ་ཡོད་པའི་རྩར་བྱོན་ཅིང་ཁོ་དབྱངས་ལེན་དུ་འཇུག །དེའི་ཚིག་ལ་བརྟེན་ནས་སྒོམ་དུ་ཕྱམ་ཕྱམ་འགྲོ་བ། རང་ཤུགས་ཀྱིས་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པའི་ཉམས་མྱོང་འོད་གསལ་མཐའ་དབུས་མེད་པ། བཞག་ཙ་ན་སྡོད། བལྟས་རྩ་ན་མཐོང༌། རང་དབང་དུ་ཚུད་པའི་ཏིང་ངེ་འཛིན་ཉིན་མཚན་ཁོར་ཡུག་ཏུ་འབྱམས་འགྲོ་བ་ཡོད་པས། ཡུམ་དང་ལྕམ་མོའི་ཐུགས་དགོངས་ལ་བྱིས་པ་འདི་ལ་སུས་ཀྱང་མ་བསྟན་པའི་སྒོམ་མི་ཡོང༌། ལྷ་འདྲེའི་བར་ཆད་ཡིན་ཡང་སྲིད་པས་འདི་འདྲ་བྱེད་དུ་བཅུག་ན་རླུང་ལོག་གམ། ཁམས་འདུས་འབྱུང་བ་སྲིད་ཟེར་ནས། ཐུགས་དམ་ལ་བཞུགས་པའི་དུས་སུ་གཡེང་བ་སྣ་ཚོགས་བྱས་བསྒོམ་དུ་ཡེ་མ་བཅུག །དེའི་དུས་སུ་རྩེ་གཅིག་གི་རྣལ་འབྱོར་གཤའ་མ་རྒྱུད་ལ་སྐྱེས་པར་འདུག །དེའི་དུས་སུ་བླ་མ་ཉམས་མྱོང་ཅན་ཞིག་གིས་ཁྲིད་པ་ཡིན་ན་དེ་རང་བསྐྱངས་པས་ཆོག་པ་འདུག་པ་ལ་གསུང༌། གང་གསུང་ཐོག་ཏུ་བབ་པའི་མངོན་པར་ཤེས་པ་མངའ། དགུང་ལོ་དྲུག་པ་ནས་བཟུང་ཕུལ་དམར་བ། ཀོ་བྲག་པ། ས་པཎ། འབྲི་གུང་སྤྱན་སྔ། སངས་རྒྱས་རས་ཆེན། དྲོད་ཆུང་པ་སོགས་དེ་དུས་ཀྱི་བླ་མ་བཟང་དགུ་ཐམས་ཅད་ཀྱི་ཞབས་ལ་གཏུགས། ཁྱད་པར་རྗེ་རྒོད་ཚང་པ་སྐུ་དྲིན་ཆེ་ཤོས་སུ་འཛིན་པས་རྗེས་འཇུག་རྣམས་དེའི་ལུགས་འཛིན། དགུང་ལོ་དགུ་པའི་དུས་ནས་ཁྲོམ་ལ་ཆོས་འཆད། ཉེར་གཉིས་པ་ལ་མཁན་པོ་ཇོ་བོ་ལྷ་བཙུན་སོ་ཁ་བ། ལས་ཀྱི་སློབ་དཔོན་ཆོས་རྗེ་ཀོ་བྲག་པ། གསང་སྟེ་སྟོན་པ་བླ་མ་དྲོད་ཆུང་པ། ལས་གྲལ་འདུལ་བ་འཛིན་པའི་དགེ་སློང་བརྒྱད་ཅུའི་སྤྱན་སྔར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་རྒྱལ་མཚན་དཔལ་བཟང་པོ་གསོལ།…

རྒོད་ཕྲུག་གྲགས་པ་འབྱུང་གནས་ཀྱི་རྣམ་ཐར།

༈ དེའི་སློབ་མ་ཆོས་རྗེ་རྒོད་ཕྲུག་གྲགས་པ་འབྱུང་གནས་ནི། རབ་བྱུང་དྲུག་པའི་ཆུ་ཡོས་༼༡༣༦༣༽ལོར་འཁྲུངས། ཆོས་རྗེ་འཕགས་མཆོག་པ་སྐུ་ཚེ་སྨད་དུ་སྒོམ་པ་གྲགས་ལེགས་ཀྱིས་མང་དཀར་སྒང་གི་ཞབས་དེར་སྤྱིལ་པོ་ཞིག་བརྩིགས་ཏེ་ཕུལ་བ་ན་བཞུགས་པའི་ཚེ། རྒོད་ཕྲུག་གྲགས་པའི་མཚན་ཅན་གྱིས་དེ་དང་ཉེ་བའི་ཕུག་པར་བཞུགས་ནས་འཕགས་མཆོག་པ་ལ་བསྙེན་སྒྲུབ་དང༌། བཀའ་བརྒྱུད་ཀྱི་གདམས་པ་རྣམས་ཞུས་ཏེ་བསྒོམས་པས། ཕུག་དེ་ཉིད་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། འཕགས་མཆོག་པའང་མཉེས་ཏེ། ཁོང་རང་གི་བླ་གོས་ཕུད་དེ་གནང༌། གཞན་ཡང་གཙང་པ་བློ་གྲོས་བཟང་པོ་སོགས་བླ་མ་མང་པོ་བསྟེན་ཅིང་གདམས་པ་གསན། རི་ཁྲོད་རྣམས་སུ་གཉན་ཁྲོད་ཀྱང་མང་དུ་མཛད། སྒམ་པོར་བཞུགས་པའི་ཚེ་སྟེང་དུ་ཤྭ་འོད་ཆེན་པོ་འབྱུང་བའི་ཉེན་ལ་ཐུགས་རྗེས་མ་གནོད། ཕྱུར་གྱི་ཟམ་པ་ནས་ཆུ་ནང་དུ་ལྷུང་བ་ལ་མཁའ་འགྲོ་མ་མང་པོས་ཅ་ཅོ་ཕྱུང་སྟེ་བཏོན་པ་དང༌། རྫ་མ་ལ་མཚན་གང་ཇི་ཙམ་བཙགས་ཀྱང་ཆང་བཟང་པོར་འོང་བ་སོགས་མངའ། སློབ་མ་རྗེས་སུ་བསྐྱང་ཕྱིར་ཆོས་སྡིངས་ཀྱི་རི་ཁྲོད་བཏབ། མིའི་བདག་པོ་གྲགས་པ་འབྱུང་གནས་པས་ཀྱང་གུས་པས་བཀུར་བའི་བླ་མར་གྱུར། འགྲོ་བའི་དོན་རྒྱ་ཆེར་མཛད་དེ། དགུང་ལོ་གྱ་ལྔ་པ་མེ་ཡོས་༼༡༤༤༧༽ ལོའི་ཟླ་བ་གསུམ་པའི་ཚེས་ཉེར་གཉིས་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེའི་སློབ་མ་གདན་ས་བ་བསོད་ནམས་རྒྱལ་མཚན། ཆོས་རྗེ་སངས་རྒྱས་བློ་གྲོས། ཁ་རག་པ་རྒྱ་མཚོ་དཔལ་སོགས་བྱུང་བ་ལས། ཁ་རག་པའི་སློབ་མ་ཁ་རག་སྒྲུབ་ཆེན་བསོད་ནམས་རྒྱལ་པོ། དེ་ལ་རྒྱལ་དབང་རྗེས་གསན་ནོ། །

འཕགས་མཆོག་བསོད་ནམས་དཔལ་གྱི་རྣམ་ཐར།

དེའི་སློབ་མ་མཆིང་བུའི་མཁན་པོ་བྱང་ཆུབ་སེང་གེ། དེའི་སློབ་མ་འཕགས་མཆོག་བསོད་ནམས་དཔལ་ཏེ། རབ་བྱུང་དྲུག་པའི་ས་གླང་༼༡༣༤༩༽ ལོར་འཁྲུངས། སྣེའུ་གདོང་དུ་ཁང་གཉེར་མཛད་པ་ལས། གཙང་ཕྱོགས་སུ་ཆོས་ལ་བྲོས་བྱོན་པས། དང་པོར་ཆོས་རྗེ་གངས་པ་ལ་གཏུགས། ཁྲིད་ཞབས་མ་ཚར་བ་ལ་བླ་མ་འདས། དེ་ནས་མཁན་ཆེན་བྱང་ཆུབ་སེང་གེ་ལ་གདམས་པ་རྫོགས་པར་གསན། དེ་རྟིང་ཆུ་དབར་དུ་བསྒོམས་པས་རྟོགས་པ་བརྙེས་པ་ཡིན་ནོ། །