སྟོད་འབྲུག་གི་སྐབས།

རྟོག་ལྡན་ཤེས་རབ་མགོན་པོའི་རྣམ་ཐར།

༈ ཟུར་ཕུག་པའི་སློབ་མ་རྟོགས་ལྡན་ཤེས་རབ་མགོན་པོ་ནི། ལ་སྟོད་པ། གདུང་གཡུང༌། ཡབ་སངས་རྒྱས་སྐྱབས་དང༌། ཡུམ་མྱང་མོ་དཔལ་ལྡན་འབུམ་ལས་ལྷ་གདོང་དགོན་པར་འཁྲུངས། དགུང་ལོ་བཞི་པ་ལ་དགོན་གསར་བའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས། ན་བཟའ་སེར་མོ་མཛད། བྲིས་ཀློག་ཆོག་ཕྲིན་ཀྱང་བསླབས། དགུང་ལོ་བཅུ་དགུ་པ་ལ་ཟུར་ཕུག་པ་དང༌། མཁན་ཆེན་བསོད་གཞོན་པ་ལས་བསྙེན་རྫོགས་མཛད། དེབ་སྔོན་ལས། དགུང་ལོ་བཅུ་བདུན་པ་ལ་ལྷ་གདོང་པ་ལ་གཏུགས་ཞེས་གསུངས་ཀྱང༌། ཡང་དགོན་པ་ལས་གཞན་ཞིག་ཡིན་ན་མ་གཏོགས་ཟུག་ཕུག་པ་ལས་བསྙེན་པར་རྫོགས་པར་བཤད་པས་དུས་མི་འགྲིག །རིན་པོ་ཆེ་རྒྱལ་མཚན་འབུམ། བླ་མ་སངས་རྒྱས་དབོན། ཟུར་ཕུག་པ། མཁན་ཆེན་ཆོས་སྡིངས་པ། དྲོད་ཆུང་བ། བླ་མ་རིན་ཆེན་མགོན། བླ་མ་དར་མ་བཟང་པོ། མཁས་གྲུབ་ཁྲ་བ་སྤྲུལ་སྐུ་གྲུབ་ཆེན་པ། མཁས་བཙུན་བསོད་ནམས་འོད་ཟེར། གྲུབ་ཐོབ་འདམ་ཞིག །བླ་མ་རིན་ཆེན་རྫོགས་པ། བླ་མ་ཤེས་རབ་དར། བླ་མ་སྤང་དཀར་བ། རྟོགས་ལྡན་ན་ཁྲ་བ། རྟོགས་ལྡན་ཤག་ཤང་རྣམས་ལས་གསན་པ་མང་དུ་མཛད་ནས། ཤྲཱིར་འདག་སྦྱར་ལོ་བདུན་མཛད་པའི་ཚེ། རྟོགས་པ་ལོ་བཅུ་བདུན་ནས་འཁྲུངས་ཀྱང་བོགས་ཆེར་མ་ཐོན། དེ་ལྟ་བུའི་རྟོགས་ལྡན་ཆེན་པོ་དེ་དབུས་ཕྱོགས་སུ་བྱོན། ཀརྨ་པ་རང་བྱུང་རྡོ་རྗེ་དང༌། རིག་འཛིན་གཞོན་ནུ་རྒྱལ་པོ་སོགས་བླ་མ་དུ་མར་བསྟེན། ཤམ་པོ་དང་གསལ་རྗེ་གངས་ལ་སོགས་པའི་དབེན་པ་རྣམས་སུ་བཞུགས། ཀོང་པོ་ཡན་ཆད་དུ་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། འདིས་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་ཡང་མཛད། གཞན་ལ་ཕན་གདགས་པའི་གསུང་རབ་ཀྱང་འགའ་ཞིག་བཀོད། འདི་ལ་བླ་ཆེན་རིན་གཞོན་སོགས་སློབ་མ་མང་པོ་བྱོན་པའོ། །          …

རི་ཁྲོད་པ་གཞོན་ནུ་རྒྱལ་མཚན་གྱི་རྣམ་ཐར།

༈ དེའི་སློབ་མ་རི་ཁྲོད་པ་གཞོན་ནུ་རྒྱལ་མཚན་ནི། རབ་བྱུང་ལྔ་པའི་ལྕགས་ཕག་༼༡༣༡༡༽ལོར་འཁྲུངས་ནས་དགུང་ལོ་བརྒྱད་ཅུ་པ་ལྕགས་རྟ་༼༡༣༩༠༽ལོ་ལ་གཤེགས། དེའི་སློབ་མ་མཁན་ལུང་ཆོས་སྐྱོང་མགོན་པོ། རས་ཆེན་གཞོན་ནུ་དཔལ་ལ་སོགས་པ་མང་དུ་བྱོན། དེ་ལ་མཁས་བཙུན་ཆོས་རྗེ་དང༌། རས་ཆེན་ཆོས་འཛིན་མགོན་པོ་སོགས་བྱོན། ཆོས་སྐྱོང་མགོན་པོ་ལ། མཁན་ལུང་རྡོ་རྗེའི་མཚན་ཅན་དང༌། དྷརྨ་ཀོ་ཥ་སོགས་བྱོན། དེ་ལ་བྲོ་ས་མཁས་བཙུན། དེ་ལ་གཞོན་ནུ་བློ་གྲོས། དེ་ལ་མཉམ་མེད་ཤ་ར་རབ་འབྱམས་པས་གཏུགས་པ་སོགས་ལོ་རྒྱུས་མང་ངོ༌། །

ཟུར་ཕུག་པ་རིན་ཆེན་དཔལ་གྱི་རྣམ་ཐར།

༈ སྤྱན་སྔ་རིན་ལྡན་གྱི་སློབ་མའི་གཙོ་བོ་ཀུན་མཁྱེན་ཟུར་ཕུག་པ་རིན་ཆེན་དཔལ་བཟང་ནི། མཁན་ཆེན་ཆོས་སྡིངས་པའི་གཅུང་དུ། རབ་བྱུང་བཞི་པའི་ཆུ་ཕག་༼༡༢༦༣༽ལོར་འཁྲུངས། ཆུང་ངུ་ནས་གཞན་གྱི་སྡུག་བསྔལ་མཐོང་ན་མི་བཟོད་པའི་བྱང་ཆུབ་ཀྱི་སེམས་ལྡན། གཞོན་ནུ་ནས་འབྲི་ཀློག་དང་ཆོས་སྤྱོད་སོགས་མཁྱེན། མཁན་པོ་ཚུལ་ཁྲིམས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང༌། མཚན་གཞོན་ནུ་རིན་ཆེན་དཔལ་བཟང་པོར་བཏགས། ཉེར་གཉིས་ལ་བསྙེན་པར་རྫོགས། དེ་ནས་བཟུང་ཤ་ཆང་ཞལ་ལ་མི་རེག །ན་བཟའ་སྦུ་གུ་ཅན་མི་གསོལ། རྟག་ཏུ་ཙོག་པུར་བཞུགས་པ་སོགས་བཙུན་པའི་དཔེར་འོས། མཁས་བཙུན་ཚུལ་རིན་པའི་དྲུང་དུ་དབང་རྒྱུད་སྒྲུབ་སྐོར་མང་དུ་གསན། གཞན་ཡང་སྐུ་ཞང་མཁན་ཆེན་རྡོ་རྗེ་རིན་ཆེན་སོགས་བླ་མ་མང་པོ་བསྟེན་ནས་ཕར་ཕྱིན། འདུལ་བ། མངོན་པ། ས་སྡེ་ལྔ། ཐེག་བསྡུས། བྱམས་ཆོས་ལྔ། སྤྱོད་འཇུག །བསླབ་བཏུས། མདོ་བཏུས་སོགས་མཚན་ཉིད་ཀྱི་སྐོར་དང༌། གསང་འདུས། བདེ་མཆོག་ལོ་དྲིལ་ནག་གསུམ། སྟོད་འགྲེལ། སྡོམ་འབྱུང༌། རྡོ་རྗེ་མཁའ་འགྲོ། མངོན་འབྱུང༌། ཀུན་སྤྱོད། མཧཱ་མཱ་ཡ༑ གདན་བཞི། སངས་རྒྱས་ཐོད་པ། བརྟག་གཉིས། རྡོ་རྗེ་གུར། སམྦུ་ཊི། སྒྲོན་གསལ། སྤྱོད་བསྡུས་སོགས་སྔགས་སྐོར་ཏེ། མདོ་སྔགས་རབ་འབྱམས་ལ་མཁས་པར་སྦྱངས་ཤིང༌། གཞན་ལ་བཤད་པའང་མཛད། ཁྱད་པར་ཆོས་རྗེ་སྤྱན་སྔ་རིན་ལྡན་པ་ལ་ལོ་བཅུ་གཉིས་བསྟེན་ནས།…

མཁན་ཆེན་ཆོས་སྡིངས་པའི་རྣམ་ཐར།

༈ དེའི་སློབ་མ་མཁན་ཆེན་ཆོས་སྡིངས་བ་དཀོན་མཆོག་ཚུལ་ཁྲིམས་ནི། ཤྲཱིའི་ནུབ་བྱང༌། གྲོང་པེ་ཆུང་བྱ་བར། རུས་ཉང༌། ཡབ་ཚེལ་ལོ་ཞེས་ཡོན་ཏན་དུ་མ་མངའ་ཞིང༌། ཡུམ་ཁམས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་མཚན་དང་ལྡན་པ་གཉིས་ཀྱི་སྲས་སུ། རབ་བྱུང་བཞི་པའི་མེ་འབྲུག་༼༡༢༥༦༽ ལོར་འཁྲུངས། ཀུན་མཁྱེན་ཟུར་ཕུག་པའི་གཅེན་པོ་ཡིན། བུ་ཆུང་གི་དུས་ན། རྒྱལ་བ་ཡང་དགོན་པས་སྐུ་པང་དུ་བླངས་ནས། སངས་རྒྱས་ཀྱི་སྟན་པ་ལ་ཕན་ཐོགས་པ་ཞིག་འབྱུང་ཞེས་ལུང་བསྟན། སྐུ་གཞོན་ནུ་ནས་མཁན་པོ་ཚུལ་ཁྲིམས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང༌། འབྲི་ཀློག་དང༌། ཆོས་སྤྱོད་ཀྱི་རིམ་པ་རྣམས་བསླབས། དེ་རྗེས་མཁན་པོ་རྡོ་རྗེ་རིན་ཆེན་པའི་སྤྱན་སྔར་བསྙེན་པར་རྫོགས། འདུལ་བ་མདོ་རྩ། མངོན་པ་ཀུན་བཏུས། སྤྱོད་འཇུག་སོགས་དང༌། བདེ་མཆོག །དགེས་རྡོར། གསང་འདུས། རྡོ་རྗེ་ཕག་མོ་སོགས་སྔགས་ཀྱི་དབང་བཀའ་རྒྱུད་འགྲེལ་གདམས་ངག་དང་བཅས་པ་གསན། སྤྱན་སྔ་རིན་ལྡན་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་པས། མཁས་པ། བཙུན་པ། བཟང་བ་སོགས་ཡོན་ཏན་དུ་མ་དང་ལྡན། སྐུ་ཚེའི་སྟོད་ལ་མཁན་ཆེན་རྡོ་རྗེ་རིན་ཆེན་གྱི་ཞལ་ཆོས་ལོ་མང་དུ་མཛད། དེ་ནས་དགུང་ལོ་སོ་བཞི་ནས་གྱ་གཉིས་ཀྱི་བར་དུ་ཆོས་སྡིངས་ཀྱི་གདན་ས་མཛད་ཅིང༌། བསྟན་པའི་འཛིན་སྐྱོང་སྤེལ་གསུམ་གནང་བས་ལ་སྟོད་ལྷོ་ཕྱོགས་སུ་སྙན་གྲགས་རྒྱས། དགུང་ལོ་བདུན་ཅུ་ལ་ཚེམས་སེའུ་འཁྲུངས་པ་དང༌། མངོན་ཤེས་མངའ་བ་སོགས་གྲུབ་པའི་རྟགས་མང༌། གྱ་གཉིས་པ་མེ་གླང་༼༡༣༣༧༽ ལོའི་བོད་ཟླ་བརྒྱད་པའི་ཚེས་གསུམ་ལ་ངོ་མཚར་བའི་ལྟས་བཅས་གཤེགས་སོ། །

སྤྱན་སྔ་རིན་ཆེན་དཔལ་གྱི་རྣམ་ཐར།

༈ ཡང་དགོན་པའི་སློབ་མའི་མཆོག་སྤྱན་སྔ་རིན་ཆེན་ལྡན་ནི། དིང་རི་གླང་འཁོར་དུ་ཡབ་ཡུམ་བསགས་པ་ཅན་གྱི་སྲས་སུ་༼༡༢༠༢༽རབ་བྱུང་གསུམ་པའི་ཆུ་ཁྱི་ལོར་འཁྲུངས། ལོ་ལྔ་དྲུག་ལོན་དུས་སུ་གླང་འཁོར་གྱི་སྐུ་གདུང་ག་རུ་ལ་སོགས་དང་མཇལ། སྙིང་ནས་ཆོས་བྱེད་པའི་ཞེན་ལོག་དེ་དུས་རང་ནས་སྐྱེས། དེར་རི་པ་འགའ་ཞིག་གིས་ལྷ་གདོང་ན་སྤྲུལ་པའི་སྐུ་བཞུགས་པའི་བསྔགས་པ་བརྗོད་པས་ཤིན་ཏུ་དད། ཕྱིས་ཆོས་རྗེ་ཡང་དགོན་པ་ལོ་ལྔ་བཞེས་པ་དིང་རིར་བཞུགས་པ་དང་མཇལ། མོས་གུས་ཐུན་མོང་མིན་པ་འཁྲུངས། ཏིང་ངེ་འཛིན་ཡང་རྩོལ་མེད་དུ་སྐྱེས། ཆོས་འབྲེལ་ཞུས་པས་བླ་མའི་རྣལ་འབྱོར་དང༌། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་གནང༌། ཕ་ཇོ་སྟོན་པ་ལ་འབྲི་ཀློག་ལ་སོགས་པ་བསླབས་ཤིང་གསན་པ་མང་དུ་མཛད། དེ་ནས་ཡང་དགོན་པ་ཆོས་རྗེ་ཀོ་བྲག་པའི་དྲུང་དུ་དགུང་ལོ་བཅུ་གཅིག་ལོན་པ་ཞིག་བྱོན་པ་དང་མཇལ་ནས་མོས་གུས་དཔག་མེད་སྐྱེས། ངའི་ཕྱི་ལ་ཕྱིན་པས་ཆོག་གསུང་སྟེ་ཕྱག་ཕྱིར་འབྲངས་ནས་ཞི་བར་གཤེགས་ཀྱི་བར་ལོ་སུམ་ཅུ་རྩ་ལྔ་ཙམ་ལ་སྤྱན་སྔར་བཞུགས་པས་སྤྱན་སྔ་ཞེས་གྲགས། ཆོས་རྗེ་ལ་བཞུགས་པའི་གསར་རྙིང་གི་དབང་གདམས་ངག་ལུང་ལ་སོགས་པ་ཐམས་ཅད་གསན། ཆོས་ཀྱི་བདག་པོ་གྱིས་གསུང༌། བླ་མས་ཅི་གསུང་ཐུགས་ལ་གསལ་བས། རི་ཆོས་སྐོར་གསུམ་གྱི་ལྷན་ཐབས། ཀླད་དོན། ཁོག་དོན། བརྡའ་འགྲོལ། མ་དྲུག་ལ་སོགས་པ་དང༌། རྗེ་ཉིད་ཀྱི་རྣམ་མགུར་དང་བཀའ་འབུམ་རྣམས་ཡི་གེར་བཀོད་པས་ཕྱི་རབས་རྣམས་ལ་སྐུ་དྲིན་བསམ་གྱིས་མི་ཁྱབ། ཆོས་རྗེ་ཀོ་བྲག་པའི་དྲུང་དུ་ཐབས་ལམ་སྐོར་སོགས་ཞུས། རྗེ་རྒོད་ཚང་པ་ལ་འབྲུག་སྐོར་ཐམས་ཅད་གསན། ས་པཎ་ལ་ས་སྐྱའི་ཆོས་སྐོར་དང༌། རྗེ་སྤྱན་སྔ་ལ་འབྲི་གུང་པའི་ཆོས་སྐོར་རྣམས་གསན། གཞན་ཡང་བླ་མ་བཟང་དགུ་ལ་གཏུགས་ནས་གདམས་པ་ཟབ་དགུ་ཉན། ལྷ་གདོང༌། རྒྱལ་གྱི་ཤྲཱི། གྲི་ལྕམ། བུ་ལེ། ལྕགས་ངུར་ལ་སོགས་པའི་གནས་ཆེན་རི་ཁྲོད་ཐམས་ཅད་དུ་སྒྲུབ་པའི་རྒྱལ་མཚན་བཙུགས། གནས་ལུགས་ཀྱི་རྟོགས་པ་ཤར། ཐབས་ལམ་གྱི་ཡོན་ཏན་ཆུ་ལ་མི་བྱིང་བ་དང༌། རླུང་སོར་མོ་རྩེར་སོགས་པ་གར་འདོད་དུ་འདྲོངས་པ་དང༌། ཉི་མ་ཕྱེད་གོང་ཙམ་ལ་རླུང་རེ་རེས་འདའ་བ་ལ་སོགས་མངའ། ཕྱིས་དིང་རིར་བཞུགས་ནས་ཚོགས་པ་མཐའ་ཡས་པ་བསྐྱངས་པས། ཀུན་མཁྱེན་ཟུར་ཕུག་པ། གྲུབ་ཐོབ་ཉི་མ་མགོན།…