སྟོད་ཆ།

མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར།

༈ མགོན་པོ་ཀླུ་སྒྲུབ་ནི། ལངྐར་གཤེགས་པ་དང༌། འཇམ་དཔལ་རྩ་རྒྱུད་ལས་གསལ་བར་ལུང་བསྟན་པ་ལྟར། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་དརྦྷའི་ཡུལ་གྱི་བྲམ་ཟེའི་རིགས་འབྱོར་པ་དང་ལྡན་པ་ཞིག་གི་སྲས་སུ་འཁྲུངས། ནམ་མཁའ་ནས་ཀླུ་སྒྲུབ་ཅེས་གྲགས་པས་མཚན་དེ་ལྟར་བཏགས། མཚན་མཁན་ལ་བསྟན་པས་མཚན་བཟང་མོད་ཀྱི་ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར་བས། ཐབས་མེད་དམ་དྲིས་པས། བྲམ་ཟེ་བརྒྱ་ལ་སྟོན་མོ་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར་བ་དེ་བཞིན་བྱས་ཏེ། ལོ་བདུན་དུ་ཉེ་བ་ན། བུའི་རོ་ཕ་མས་མཐོང་མ་བཟོད་དེ། འཁོར་དང་བཅས་པ་ལྗོངས་རྒྱུར་བཏང་བས། མཐར་གྱིས་ནཱ་ལནྡཱའི་མཁན་པོ་སྒྲ་ཅན་འཛིན་བཟང་པོའི་སྒོར་སོན་ཏེ། དེར་རིག་བྱེད་བསྒྲགས་པ་ན་ནང་དུ་བོས་ཏེ་དྲིས་པས། རྒྱུ་མཚན་གསོལ་ཏོ། །རབ་ཏུ་འབྱུང་ནུས་སམ། ནུས་ཞུས་ཏེ་རབ་ཏུ་བྱུང༌། རྨ་བྱ་ཆེན་མོ་ཡི་དམ་དུ་ཕོག་ཅིང་ཞག་བདུན་པའི་ཚེ་གཟུངས་མཚན་རིལ་བཏོན་པས་གྲུབ་སྟེ། ལོ་དྲུག་བརྒྱ་འཚོ་བར་གྱུར། ཐུན་མོང་གི་དངོས་གྲུབ་བརྙེས། མཁན་པོའི་དྲུང་དུ་བསྙེན་པར་རྫོགས། འཕགས་པ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་ཐམས་ཅད་ལ་མཁས་པའི་མཆོག་ཏུ་གྱུར། དེ་ནས་མཁན་པོ་ལོ་བཅུ་གཉིས་སུ་མཚམས་ལ་བཞུགས་པར་བཞེད་ནས་དགེ་འདུན་གྱི་གཉེར་ཀླུ་སྒྲུབ་ལ་གཏད། དེའི་ཚེ་ལོ་བཅུ་གཉིས་སུ་མུ་གེ་ཉམ་ང་བ་བྱུང་བས་མི་ཕལ་ཆེར་ཤི་ཡང༌། དགེ་འདུན་རྣམས་ཀླུ་སྒྲུབ་ཀྱིས་གསེར་འགྱུར་མཛད། དེ་བཙོང་པའི་རིན་གྱིས་ནོངས་པ་མེད་པར་བྱས་སོ། །དེ་ནས་མཁན་པོ་མཚམས་གྲོལ་བའི་ཚེ། མི་རུས་ཕུང་ངེ་བ་གཟིགས་པས། ཅི་ཉེས་གསུངས། རྒྱུ་མཚན་ཞུས་པས། ངའི་དགེ་འདུན་ལ་སྐྱོན་མེད་དམ་གསུངས། འདི་ལྟར་བགྱིས་པས་མ་ནོངས་སོ། །དེ་ལྟར་བྱེད་མི་དགོས། ང་ལ་འདི་ལྟ་བུའི་ཐབས་ཡོད་པ་ཡིན་གསུངས་ཏེ། རི་མོའི་བ་ལས་འོ་མ་བཞོས་པས་ཟད་པ་མེད་པ་བྱུང་ངོ༌། །ཁྱོད་ཀྱིས་དགེ་འདུན་ལོག་པའི་འཚོ་བ་ལ་བཀོད་འདུག་པས། སྡིག་སྦྱངས་སུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། མཆོད་རྟེན་བྱེ་བ་བཞེངས་ཤིག་ཅེས་བསྒོ། དེའི་ཚེ་དགེ་སློང་བདེ་བྱེད་ཀྱིས་རིག་པའི་རྒྱན་ཅེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་པ་ཞིག་བརྩམས་ནས་ཕྱི་ནང་ཐམས་ཅད་སུན་འབྱིན་པ་དེ་སློབ་དཔོན་གྱིས་བཏུལ། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ཆོས་སྐྱོང་བརྒྱ་རྩ་བརྒྱད་ལ་གཏད། ཀླུའི་ཡུལ་དུ་སྤྱན་དྲངས།…

གྲུབ་ཆེན་ས་ར་ཧ་པའི་རྣམཐར།

༈ གྲུབ་ཆེན་ས་ར་ཧ་པ་ནི། སྙིང་རྗེ་པདྨ་དཀར་པོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་གྲོང་ཁྱེར་གསེར་གྱི་བྲེ་ཞེས་བྱ་བ་ན། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་དགེ་སློང་མཁས་པ་ཞེས་བྱ་བ་དང༌། ཡང་དག་པར་རྒྱལ་བ་ཅན་ཞེས་བྱ་བ་གཉིས་འབྱུང་ཞེས་གསུངས་པ་ལྟར། དབུས་འགྱུར་ཤར་ཝཱ་རཱ་ཎ་སཱིའི་ཆར་གཏོགས་པ་གསེར་གྱི་བྲེ་ཞེས་བྱ་བའི་གྲོང་དུ། བྲམ་ཟེའི་རིགས་སུ་ཐོ་བཙུན་གྲུབ་རྗེའམ་མཁས་པ་དང༌། བདེ་བྱེད་བདག་པོའམ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་གཉིས་སྐྱེས། དེ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་པ་དང༌། འདི་སྙམ་དུ་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། ཡུ་གུ་ཅག་གིས་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་ཁྱད་པར་དུ་འཕགས་པ་ངེས་པར་བརྟག་པར་བྱའོ། །དེ་ལ་རི་ཏི་སེ་ན་དབང་ཕྱུག་ཆེན་པོ་དང་ཨུ་མ་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱི། དེར་སོང་ལ་དྲིའོ་ཞེས་བགྲོས་ནས། དེར་འབད་པ་ཆེན་པོ་དང་བཅས་ཏེ་འགྲོ་བར་ཆས་ཏེ། ལྷ་དག་གིས་གྲོགས་བྱས་པས་མྱུར་བར་ཕྱིན་ཏོ། །དབང་ཕྱུག་གིས་ཁྱེད་ཅག་གང་ནས་འོང་ཞེས་དྲིས་པ་དང༌། ཇི་ལྟར་གྱུར་པ་སྨྲས་སོ། །དེ་ནས་དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ལ་བབ་པ་ན། མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ་དེར་བྱོན་ཏེ། དེ་ལ་ལྷ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པས་ཡོ་བྱད་ཐམས་ཅད་བསྟབས་ཏེ་ཟས་ཟོས་ཟིན་པ་དང༌། དེ་དག་ལས་ཆོས་ཉན་པ་མཐོང་བས། དེ་གཉིས་སངས་རྒྱས་ཁྱད་དུ་འཕགས་པར་རིག་ཅིང༌། མཆོག་བསླངས་པས་ཉི་ཟླ་དང་མཉམ་པའི་ཚེ་བྱིན་ཏོ། །དེ་ནས་རང་གི་ཡུལ་དུ་ལོག་སྟེ། རིག་བྱེད་ཀྱི་ཆོས་རྩྭ་ལྟར་དོར་ནས། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་བགོས་ཏེ། གཅེན་གྱིས་ཤཱ་རིའི་བུ་འཁྲུངས་སར་ནཱ་ལེནྡྲ་བཏབ། གཅུང་གིས་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས། མཆེད་གཉིས་སྟོན་པའི་སྲས་སྒྲ་གཅན་འཛིན་ལ་རབ་ཏུ་བྱུང་སྟེ། གཅེན་ལ་སྒྲ་གཅན་འཛིན་བཟང་པོ། གཅུང་ལ་བཱིརྻ་བྷ་དྲ་ཞེས་བཏགས། སྡེ་སྣོད་གསུམ་པར་གྱུར། དེ་ལས་ཀྱང་ཆེས་ལྷག་པ་ཞིག་འདོད་པ་ལ། མཁན་པོས་གཅེན་ལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས། དེ་ཉིད་དུ་དབང་བསྐུར། རྒྱུད་བཤད། མན་ངག་གདམས་ཏེ། གཞན་ཡང་གསང་སྔགས་དུ་མ་གསུངས་སོ། །དེ་ལྟར་མཆེད་གཉིས་ཀྱིས་སོ་སོས་བཞེངས་པའི་གཙུག་ལག་ཁང་དུ་བཞུགས་ཏེ། ཕྱི་ལྟར་ཉན་ཐོས་ཀྱི་བསྟན་པ་ལེགས་པར་བསྐྱངས་ལ། ནང་དུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ་གོམས་པར་མཛད་དེ་ལོ་ལྔ་བརྒྱར་ཉེ་བ་ཙམ་གནས་ལ། སྒྲ་གཅན་འཛིན་བཟང་པོས་ཀླུ་སྒྲུབ་རབ་ཏུ་བྱུང་ཞིང་གདམས་ངག་ཐམས་ཅད་བྱིན།…

སློབ་དཔོན་ལྭ་བ་པའི་རྣམ་ཐར།

༈ སློབ་དཔོན་ལྭ་བ་པ་ནི། ཨུ་རྒྱན་གྱི་རྒྱལ་པོ་ན་བ་ལ་ལྟས་མཁན་གྱིས་རྒྱ་མཚོའི་ཆུ་དགོས་ཟེར་བ་ལ། སུས་ནུས་དྲིལ་བསྒྲགས་པས། རྣལ་འབྱོར་མ་བི་ན་ས་བཛྲས་དེ་འདུལ་བའི་དུས་ཡིན་པར་དགོངས་ཏེ། ངས་ནུས་ཞེས་སྨྲས་ཏེ། རྒྱལ་པོའི་ཡང་ཐོག་ན་འདུག་བཞིན་བུམ་པ་ཆུས་བཀང་ནས་རྒྱལ་པོ་ལ་ཕུལ་བས། དེ་ནད་ལས་དྲག །རྒྱལ་པོས་འདི་ནི་མཁའ་འགྲོ་མ་སྟེ། འདི་དང་འབྲེལ་ན་འཁོར་བ་ལས་ཐར་རོ་སྙམ་ནས། དེ་ལ་དགའ་མགུར་སྤྱད་པས་སྲས་ཤིག་སྦྲུམ་པ་དེ་ལ་ཨིནྡྲ་བྷཱུ་ཏི་ཆུང་བ་ཟེར། འདིའི་ཨ་ཅེ་དགེ་སློང་མ་དཔལ་མོའམ་མཚན་གཞན་དཔལ་གྱི་བློ་གྲོས་མ་ཡིན། དེས་བསྐུལ་ནས་རབ་ཏུ་བྱུང་དུ་བཅུག །རིག་པའི་གནས་ལ་སྦྱངས། དེར་ཡང་ཐབས་ཀྱིས་ཡང་དག་པའི་གདམས་ངག་བཏབ་སྟེ། ལོ་བཅུ་གཉིས་ཀྱི་བར་དུ་མནལ་ལོག་པས་གྲུབ་པ་ཐོབ། དུར་ཁྲོད་དུ་སྒོམ་གྱིན་བཞུགས་པས། ཡུལ་དེའི་རྒྱལ་པོས་སློབ་དཔོན་གྱི་སྦྱིན་བདག་བྱེད་པ་དེ་ལ་བཙུན་མོ་ལྔ་བཅུ་རྩ་གཅིག་ཡོད་པས། ལྔ་བཅུ་ནི་ཕྱི་པ་ལ་མོས། ཆུང་ཤོས་ནི་སངས་རྒྱས་པ་ལ་མོས་པས་རྒྱལ་པོ་དེ་ལ་རྩི་བས། བཙུན་མོ་གཞན་རྣམས་ན་རེ། རྒྱལ་པོ་འདི་ལ་རྩི་བ་སངས་རྒྱས་པའི་རྣལ་འབྱོར་པ་འདིས་ལན་པས། འདི་གསད་པར་བྱའོ་ཞེས་བགྲོས་ཏེ། མཚན་མོ་སློབ་དཔོན་དུར་ཁྲོད་དུ་སྒོམ་པའི་རྩར་སོང་བས། སློབ་དཔོན་གྱི་སྐུ་མི་སྣང་ཡང་སངས་རྒྱས་པའི་རྣལ་འབྱོར་པ་བྱ་བ་གཡོ་ཆེ་བ་ཡིན་པས་བེམ་པོར་བརྫུས་སོ་སྙམ། དེ་དུམ་བུར་བྱས་ཏེ་ཟོས་ནས་ལོག་པས་ཀུན་ལུག་ཏུ་གྱུར། ནངས་པར་སློབ་དཔོན་གཅེར་བུར་རྒྱལ་པོའི་མདུན་སར་བྱོན། རྒྱལ་པོས་དྲིས་པས། ཇི་ལྟར་གྱུར་པ་བཤད་དོ། །དེ་ནས་བཙུན་མོ་ལུག་ཏུ་གྱུར་པ་རྣམས་བཀུག་སྟེ། སློབ་དཔོན་གྱིས། དེ་དག་གི་མགོར་ཐལ་ལྕག་རེ་བསྣུན་པས། ལྭ་བའི་དུམ་བུ་རེ་སྐྱུགས་པས་ན་བཟའ་སྔར་བཞིན་འགྲིག་པས། དེ་ཕྱིན་མཚན་ལྭ་བ་པ་ཞེས་ཐོགས་སོ། །བཙུན་མོ་རྣམས་ཀྱིས་བཟོད་པར་གསོལ་བས་ལུས་སྔར་ལྟར་གྱུར། སྦྱིན་བདག་རྒྱལ་པོ་དེའང་དངོས་གྲུབ་བརྙེས་ཤིང༌། དེའི་མཚན་ཡང་ཨིནྡྲ་བྷཱུ་ཏི་ཟེར། ཨུ་རྒྱན་གྱི་རྒྱལ་པོ་ལ་མཚན་དེ་ལྟར་ཐོགས་པ་དགུ་བྱུང་ཞེས་གྲགས། དེ་ལྕམ་སྲིང་གིས་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་སོགས་མཛད། སློབ་དཔོན་ཏཻ་ལོ་པས་ཨུ་རྒྱན་དུ་སློབ་དཔོན་ལྭ་བའི་ན་བཟའ་ཅན་དང་མཇལ་ཏེ། གྲུབ་པ་དང་སྙིང་པོའི་སྐོར་གྱི་གདམས་ངག་རྣམས་གསན་པས། དེ་ལས་འོད་གསལ་གྱི་བཀའ་བབ་པར་གྲགས་སོ། །

སུ་མ་ཏི་སྐལ་བ་བཟང་མོའི་རྣམ་ཐར།

༈ སུ་མ་ཏི་སྐལ་བ་བཟང་མོ་ནི། ཨུ་རྒྱན་ཡུལ་དུ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དྲང་སྲོང་དབུགས་འབྱིན་ཞེས་བྱ་བ་སྐལ་བ་དང་ལྡན་པ་རྣམས་ལ། ལྷན་ཅིག་སྐྱེས་པའི་མན་ངག་བསྟན་པར་བྱ་བའི་ཆེད་དུ་བཞུགས་པ་ཞིག་བྱུང་བར་གྱུར་ཏེ། དུས་དེའི་ཚེ་ན་ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་ཞེས་བྱ་བ་ལ་བུ་མོ་རོལ་པ་མོ་ཞེས་པ་ཐམས་ཅད་ཀྱི་ཡིད་འཕྲོག་པ། གུས་པ་དང་ཞི་དུལ་དང་ལྡན་པ་ཞིག་སྐྱེས་པ་དེ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པ་ནགས་སུ་མེ་ཏོག་འཐུར་ཕྱིན་པ་ན། བུ་མོའི་འཁོར་རྣམས་ཀྱིས་དྲང་སྲོང་དེ་མཐོང་བས་འཇིགས་ནས། འདི་ན་གནོད་སྦྱིན་འདུག་གོ་ཞེས་སྨྲས་ཏེ་བྲོས་པ་ན། རོལ་པ་མོ་དང་ཕྲད་པས། དེ་ན་རེ། འདི་ནི་ཨུ་རྒྱན་རྡོ་རྗེ་མཆོག་ཆེན་པོའི་གནས་ཏེ། འདི་ན་ནི་གླགས་ལྟ་བའི་འབྱུང་པོ་སུའང་རུང་བ་གནས་པར་ནུས་པ་མ་ཡིན་ན། དེ་ནི་བྱང་ཆུབ་སེམས་དཔའ་སུ་ཞིག་སྐལ་བ་དང་ལྡན་པ་རྗེས་སུ་གཟུང་བ་ལ་སྤྲུལ་པའི་སྐུར་བསྟན་པ་ཞིག་གོ་སྙམ་ནས། འཁོར་རྣམས་ཁྲིད་དེ་ཕྱོགས་དེར་སོང་ངོ༌། །དེར་སླེབས་པ་དང་དྲང་སྲོང་དེ་མཐོང་བས། ཡིད་དགའ་ཞིང་སྤུ་ཟིང་ཞེས་བྱེད་ནས། དེ་ལ་བཏུད་པས། དེ་ན་རེ། ཁོ་བོ་ནི་གནོད་སྦྱིན་ནོ། །ཡང་དག་པའི་གནོད་སྦྱིན་ནོ་ཞེས་གསུངས་ནས་བུ་མོའི་མགོར་ཕྱག་བཞག་ནས། དྲན་པར་གྱུར་ཏམ། དྲན་པར་གྱུར་ཏམ་ཞེས་གསུངས་པས། སྔོན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་སློབ་དཔོན་གསང་བའི་བདག་པོ་ཡིན་པར་མཐོང་ལ། དེ་བྱིན་གྱིས་བརླབས་པས་འཁོར་དང་བཅས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་སུམ་དུ་མཛད་དོ། །འདིའི་མཚན་སུ་མ་ཏི་བློ་གྲོས་བཟང་མོ་ཞེས་བྱ་ཞིང༌། །ས་ར་ཧའི་བླ་མ་ཀླུ་ལས་གྱུར་པའི་རྣལ་འབྱོར་མའང་དེ་ཁ་སྟེ། དཔེ་ཕལ་མོ་ཆེར་སྐལ་བ་བཟང་མོ་ཞེས་བཀོད་དོ། །དེ་ནས་ཡང་རེ་ཞིག་ན་རྒྱལ་པོ་དཔའ་བོ་རྡོ་རྗེ་ཞེས་བྱ་བ་ཡུལ་དེར་བྱུང་བ་ལ༑ དེ་མཆོག་གི་དངོས་གྲུབ་ཚེ་གཅིག་ལ་འགྲུབ་པའི་སྣོད་དུ་གཟིགས་ནས། བུ་མོ་རོལ་པ་མོ་འཁོར་ལྔ་བརྒྱ་དང་བཅས་པ་གདོལ་པ་མོའི་གཟུགས་སུ་བྱས་ནས་རྒྱལ་པོ་དེའི་ཕོ་བྲང་དུ་སློང་བར་འོངས་སོ། །དེ་དག་སླེབས་པ་ཙམ་ན་ཕོ་བྲང་གི་འཁོར་དེ་ཐམས་ཅད་དྲི་བཟང་པོས་གང༌། དེ་དག་སོང་བ་ན་མི་སྣང་བས། རྒྱལ་པོས་མཚན་མ་འདི་ལས་ནི། ཨུ་རྒྱན་གྱི་ཡུལ་འདི་ན་རྒྱལ་པོའི་བུ་མོ་རོལ་པ་མོ་འཁོར་ལྔ་བརྒྱ་དང་བཅས་པ་རྣལ་འབྱོར་གྱི་སྤྱོད་པ་སྐྱོང་ཞིང༌། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་མཛད་དོ་ཞེས་གྲགས་པ་དེ་ཡིན་པ་གོར་མ་ཆག་སྙམ་ནས། སླར་བོས་པ་དང༌། དེ་དག་གིས་ཉིན་མི་འོང་མཚན་མོ་འབྱོན་པའི་བརྡ་མཛད་པས། མཚན་མོ་འདུས་ཏེ་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ནས་རྒྱལ་པོ་ལ་རྗེས་སུ་གདམས་པས། དེས་དངོས་གྲུབ་ཆེན་པོ་བརྙེས་སོ། །དེས་མདུན་ན་འདོན་དམ་ཚིག་རྡོ་རྗེ། དེས་ཤིང་ཚོང་བ་པདྨའི་རྡོ་རྗེ། དེས་ཆང་ཚོང་བ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། དེས་ཐ་ག་པ་དགའ་བའི་རྡོ་རྗེ། དེས་བྲམ་ཟེ་མོ་རྡོ་རྗེ། དེས་བྲེག་མཁན་གྲུབ་པའི་རྡོ་རྗེ། དེས་རྣལ་འབྱོར་པ་ཀུན་འགྲོ་རྡོ་རྗེ། དེས་རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ།…

གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་ཐར།

༈ དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་བསྟན་པར་སྨོན་ལམ་བཏབ་ནས། འཛམ་བུའི་གླིང་འདིའི་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན། སྤྲུལ་པའི་སྐུར་བསྟན་ཏེ་སངས་རྒྱས་ཀྱི་བསྟན་པ་སྐྱོང་ངོ༌། །དེ་ནས་སྟོན་པ་འོག་མིན་གྱི་གཞལ་མེད་ཁང་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་མངོན་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཐམས་ཅད་ཀྱིས་གྲུབ་པའི་རྡོ་རྗེ་ཕྱག་ཏུ་གཏད་པས་ཕྱག་ན་རྡོ་རྗེའམ། རྡོ་རྗེ་འཛིན་པ་ཞེས་བྱ། དེ་དུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་ཕྱུག་ཆེན་པོ་སོགས་བཀུག་ནས་རི་རབ་རྩེ་མོར་ལྷགས་པའི་ཚེ། ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཞིང་ངའི་བཀའ་ཡང་ཉོན་ཅིག་བྱས་པས། དེ་དག་ཆེར་ཁྲོས་ནས་འཇིག་རྟེན་གསུམ་གྱི་དབང་ཕྱུག་བྱེད་པ་པོ་ལྷ་ཆེན་པོ་ཡིན་ན། གནོད་སྦྱིན་ཁྱོད་ཀྱི་ངག་ཅིའི་ཕྱིར་ཉན་ཞེས་མི་འདུད་པ་ལ། ཕྱག་ན་རྡོ་རྗེས་ཧཱུྂ་ཞེས་བརྗོད་པས། འཇིག་རྟེན་གསུམ་པོའི་དབང་པོ་ཐམས་ཅད་ཁ་སྦུབ་ཏུ་འགྱེལ། ལྷ་ཆེན་པོ་ནི་དྲན་པ་མེད་པར་གྱུར་ནས་ཤིའོ། །གཞན་རྣམས་དབུགས་ཕྱུང་སྟེ་བཀའ་སྡོད་དུ་བཞག །ལྷ་ཆེན་པོ་ཤི་བ་ལས་གསོས་ཏེ་ལྡང་འདོད་ནའང་ལྡང་མ་ནུས་པས། ཕྱག་ན་རྡོ་རྗེས། ཀྱེ་མ་རུངས་པ་ངའི་བཀའ་མི་ཉན་ཏམ། ལྷ་ཆེན་པོ་ཁྲོས་ཤིང་འཁྲུགས་ཏེ། འགྱེལ་བཞིན་དུ་ང་ཤི་བར་བཟོད་ཀྱི། ཁྱོད་ཀྱི་ངག་ང་མི་ཉན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་ཞབས་གཡོན་པས་མནན། ཞབས་གཡས་པས་ལྷ་མོ་ཨུ་མ་མནན་པས། ལྷ་ཆེན་པོར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་མཐིལ་རེག་པའི་རྐྱེན་གྱིས། ཏིང་ངེ་འཛིན་དང༌། གཟུངས་དང༌། རྣམ་པར་ཐར་པའི་བདེ་བ་མྱོང་སྟེ། ལྷ་ཆེན་པོའི་ལུས་ཕྱག་ན་རྡོ་རྗེའི་ཞབས་ལ་ཕུལ་ནས། འོག་གི་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ཞེས་བྱ་བར། ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བའི་དེ་བཞིན་གཤེགས་པར་སྐྱེས་སོ། །དེ་ལྟ་བུའི་གསང་བའི་བདག་པོ་དེ་ཉིད་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེན་པོ་དང༌། ཤམྦྷ་ལའི་ཆོས་རྒྱལ་ཟླ་བ་བཟང་པོ། དྲང་སྲོང་འགྲོ་བ་དབུགས་འབྱིན་སོགས་སྤྲུལ་པའི་སྐུ་སྣ་ཚོགས་ཀྱིས་རྒྱུད་ཞུ་བ་དང༌། སྡུད་པ་དང༌། འཆད་པ་པོ་མཛད་པའི་ཚུལ་བསྟན་ཏོ། །