ལྷོ་འབྲུག་མཁས་གྲུབ་ཐོར་བུའི་སྐབས།

སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར།

༈ ཞབས་དྲུང་དངོས་སློབ་འགྲོ་ཕན་ནུས་པའི་སྤྲུལ་སྐུ་རྣམ་གཉིས་ཀྱི་ཡ་གྱལ། རིགས་ལྡན་བུ་མོ་སྣང་གསལ་མའི་བླ་མ་ཐར་པའི་ལམ་སྟོན་ཤཱཀྱ་རྒྱལ་མཚན་གྱི་སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་ནི། བྱང་འབྲོག་ཧོར་ཡུལ་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་༼༡༦༣༠༽ལོར་འཁྲུངས། སྨྲ་ཤེས་ཙམ་ནས་ཕ་མས་ཁུར་ཏེ་གདན་ས་ར་ལུང་ལས་བརྒྱུད་ལྕགས་རིར་བླ་མའི་ཞབས་སུ་འབྱོར། ཞབས་ནས་ཀྱང་ཐུགས་ལ་བཏགས་ཏེ་འདུས་སྡེར་བཙུད། འབྲུག་ལུགས་ཀྱི་དབང་ཆོས་གདམས་པ་ཡོངས་རྫོགས་སྦྱོང་སྒོམ་མཛད། གྲྭ་ཚང་དུ་དགེ་བསྐོས་ཀྱང་གནང་ནས་ཆོས་ཁྲིམས་ཤིན་ཏུ་གཅུན་པར་མཛད་པས་བོད་མོ་ཨ་ལི་མའི་སྒྲིགས་ལམ་ཞེས་དཔེར་གླེང་བར་བྱུང༌། ཕྱིས་དགུང་ལོ་ཞེ་གསུམ་བཞེས་པའི་ཆུ་བྱི་ལ་རྟ་ལང་བཀྲ་ཤིས་འབྲུག་རྒྱལ་དགོན་དང་ཁུ་བྱུག་ཆོས་སྐྱོང་ཕོ་བྲང་གི་འདྲེན་པར་བསྐོས། གདན་ས་རྣམ་གཉིས་རྨང་ནས་གསོ་བ་དང་ཐེད་ཐིམ་གཉིས་སུ་གྲྭ་རིས་བཅད་ནས་བསྟན་པའི་ཕྲིན་ལས་མཐའ་རྒྱས་སུ་བཏང༌། དགུང་ལོ་དོན་བརྒྱད་པ་མེ་ཕག་༼༡༧༠༧༽ ལོར་གཤེགས་སོ། །དེ་ནས་བཟུང་ད་ལྟའི་བར་དུ་གདན་འཛིན་བླ་རབས་རིམ་པར་བསྐོས་པས་བསྟན་པ་ཉམས་མེད་པར་བྱུང་ངོ༌། །

སྤྲུལ་སྐུ་ཕྲིན་ལས་དཔལ་འབར་གྱི་རྣམ་ཐར།

༈ ཡང་ཞབས་དྲུང་དངོས་སློབ་འགྲོ་ཕན་ནུས་པའི་སྤྲུལ་སྐུ་རྣམ་གཉིས་ཀྱི་ཡ་གྱལ། མི་ཕམ་ཆོས་རྒྱལ་གྱི་ཞལ་སློབ་ཕ་དམ་པ་ངག་དབང་འབྲུག་རྒྱལ་གྱི་སྤྲུལ་སྐུ་ཕྲིན་ལས་དཔལ་འབར་ནི། ལྷོ་ནང་གྲུབ་ཐོབ་ཉི་ཟླ་ཡེ་ཤེས་ཀྱི་དབོན་རིགས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་བྱ་༼༡༦༣༣༽ལོར་འཁྲུངས། གཞོན་ནུ་ནས་འདུས་སྡེར་ཞུགས་ཏེ་སྐྱབས་མགོན་ཞབས་ལས་དབང་ཆོས་གདམས་པ་ཡོངས་རྫོགས་གསན་སྒོམ་མཛད་པས་མཁས་གྲུབ་གཉིས་ལྡན་དུ་གྱུར། ཕྱིས་དགུང་ལོ་བཞི་བཅུའི་ཆུ་བྱི་ལ་མཁོ་བྲང་རྡོ་ལུང་གི་བླ་མར་བསྐོས་པ་ལས་རྡོ་ལུང་དགོན་སྡེ་རྒྱ་བསྐྱེད་མཛད་དེ་གདུལ་བྱ་བསྐྱངས། ཤར་ཁྱུང་ལུང་དགོན་པར་གདན་ས་བཏབ་སྟེ། ཆོས་ཀྱི་ཕྲིན་ལས་མཐའ་རྒྱས་སུ་བཏང་ནས། དགུང་གྲངས་རེ་བརྒྱད་པ་ལྕགས་འབྲུག་༼༡༧༠༠༽ལོར་གཤེགས་སོ། །

བྱ་བཏང་པད་དཀར་བཀྲིས་ཀྱི་རྣམ་ཐར།

༈ ཞབས་དྲུང་གི་བརྒྱུད་འཛིན་སློབ་མ་བཞི་ལས། བྱ་བཏང་པད་དཀར་བཀྲ་ཤིས་ནི། བོད་དཔལ་སྣང་ཤོད་དུ་འཁྲུངས། དགུང་ལོ་བཅུ་གཉིས་ནས་མཁས་གྲུབ་ལྷ་དབང་བློ་གྲོས་ཀྱི་རིམ་གྲོ་པ་མཛད་ནས་ཡོངས་འཛིན་ལྕགས་རིའི་གདན་སར་ཕེབས་དུས་ཕྱག་ཕྱིར་བྱོན། ཡོངས་འཛིན་དང་ཞབས་དྲུང་གཉིས་ཀའི་གསོལ་གཡོག་ཀྱང་མཛད་ནས་དབང་ཁྲིད་གདམས་པ་རྫོགས་པར་གསན། ཡོངས་འཛིན་དགོངས་པ་རྫོགས་རྗེས་སྐྱབས་མགོན་ཞབས་དྲུང་གིས་སྤུངས་ཐང་གདན་ས་བཏབ་པའི་སྐབས་ཙམ་ན་སྒྲུབ་པའི་དམ་བཅའ་ཕུལ་ཏེ། ཐོག་མར་ཙ་རི། ལྷོ་བྲག་མཁར་ཆུ། འབྲོག་ལུང་ནག་གི་ལྷ་ལྡིང་བྲག་ཏུ་སྒྲུབ་པ་ལ་ཡུན་རིང་བཞུགས། བར་དུ་ཆོས་རྒྱལ་མི་འགྱུར་གྱི་བཀས་མངགས་ཏེ་བུམ་ཐང་ཆོས་བྲག་གི་འདྲེན་པར་བྱོན་ནས་འགྲོ་དོན་བསྐྱངས། ཐ་མར་བསེ་ལ་རྣམ་རྒྱལ་རྩེར་སྔས་སྤངས་ཏེ་ཚེ་མཚམས་ལ་བཞུགས་པས། སྣང་སྲིད་སྐུ་གསུམ་དུ་རྟོགས་ཏེ་སྒོམ་པའི་རྒྱལ་ས་ཟིན། སློབ་མ་ཀོམ་འཕྲང་ཡེ་ཤེས་དངོས་གྲུབ་དང༌། ཆོས་རྗེ་གཅུང་པད་དཀར་ལ་སོགས་པ་གྲུབ་པའི་སྐྱེས་མཆོག་མང་དུ་བྱོན་པའོ། །

གྲུབ་ཐོབ་སྦྱིན་པ་རྒྱལ་མཚན་གྱི་རྣམ་ཐར།

༈ ཞབས་དྲུང་གི་བརྒྱུད་འཛིན་སློབ་མ་བཞི་ལས། གྲུབ་ཐོབ་ཆེན་པོ་སྦྱིན་པ་རྒྱལ་མཚན་ནི། རྒྱལ་སྲས་བསྟན་འཛིན་རིན་པོ་ཆེའི་གཅེན་དུ་འཁྲུངས། ཡབ་དང་ཞབས་དྲུང་ལས། བརྒྱུད་པའི་དབང་ཁྲིད་གདམས་སྐོར་ཡོངས་རྫོགས་གསན། དབེན་པའི་གནས་རྣམས་སུ། གང་ལ་ལྟོས་མེད་ཀྱིས་དཀའ་སྤྱད་ཆེན་པོས་ཉམས་བཞེས་མཛད་པས། མཉམ་རྗེས་འདྲེས་པའི་རྟོགས་པ་འཁྲུངས་ཏེ་གྲུབ་ཐོབ་ཆེན་པོར་གྲགས། རྒྱལ་སྲས་བསྟན་འཛིན་རིན་པོ་ཆེས་སྤ་གྲོ་སྟག་ཚང་གི་དབུ་འདྲེན་དུ་བསྐོས་པ་ལས། འོད་གསལ་སྒང་དུ་གནས་གཞིའང་བཏབ་ཅིང༌། འབའ་རའི་གདན་ས་འབྲང་རྒྱས་དགོན་པར་བཞུགས་གནས་གཙོ་བོར་མཛད། སྤྲུལ་བསྒྱུར་མཐུན་སྣང་དུ་སྟོན་པ་སོགས་སྤར་ལུང་རྣམས་སུ་གྲུབ་རྟགས་དང་མངོན་མཁྱེན་གྱིས་འགྲོ་དོན་ཆེན་པོ་བྱུང༌། དེ་ནས་བསྟན་འཛིན་རིན་པོ་ཆེས་གཞུང་དུ་གདན་དྲངས་ཏེ་སླར་བྱོན་སྐབས་ཅུང་ཟད་བསྙུན་པའི་ཚུལ་གྱིས་རྡོ་ཀྱོང་ལར་ཕེབས་དུས། ས་འདིར་ཡབ་མེས་ངག་དབང་བསྟན་འཛིན་ཡང་མྱ་ངན་ལས་འདའ་བར་མཛད་པའི་གནས་ཡིན་པས། ང་ཡང་འདིར་མྱ་ངན་ལས་འདའོ་ཞེས་གསུངས་ཏེ་སྐྱེ་འཆི་ལ་རང་དབང་ཐོབ་པའི་སྒོ་ནས་ཞི་བར་གཤེགས་སོ། །སློབ་མའི་གཙོ་བོ་མཁན་པད་དཀར་ལྷུན་གྲུབ་དང༌། ཕྲིན་ལས་རྒྱ་མཚོའམ་ཆོས་མཛད་རས་ཆུང་པར་གྲགས་པ་སོགས་དངོས་སློབ་དང་ཡང་སློབ་ལ་མཁས་གྲུབ་མང་པོ་བྱུང་ངོ༌། །

དགེ་སློང་བདེ་ཆེན་ལྷུན་གྲུབ་ཀྱི་རྣམ་ཐར།

༈ ཞབས་དྲུང་གི་བརྒྱུད་འཛིན་སློབ་མ་བཞིའི་ཡ་གྱལ། དགེ་སློང་བདེ་ཆེན་ལྷུན་གྲུབ་ནི། སྟོད་པ་ཕན་བདེ་ཁར་འཁྲུངས། སྐུ་ནར་སོན་ནས་གདན་ས་ར་ལུང་དུ་བྱོན། རྗེ་བསྟན་ཉི་ཡབ་སྲས་ལ་གཏུགས་ཏེ་འབྲུག་སྐོར་གྱི་གདམས་པ་ཡོངས་རྫོགས་གསན། ཡོངས་འཛིན་ལྷ་དབང་ལས་ཚིགས་གསུམ་ཆིག་རྫོགས་སུ་བཞེས། སྐྱབས་མགོན་ཞབས་དྲུང་གི་ཕྱག་ཕྱིར་ལྗོངས་འདིར་བྱོན། རི་ཁྲོད་འགྲིམས་ནས་སྦྱངས་ཡོན་ལ་གནས་པའི་འདུལ་འཛིན་དགེ་སློང་དང༌། ཕྱག་ཆེན་གྱི་གནས་ལུགས་གཟིགས་པའི་རྟོགས་ལྡན་ཞིག་ཏུ་གྱུར། ཕྱིས་སྟོད་པ་སྡོམ་ལྡན་དགོན་པ་བཏབ་སྟེ་ཚོགས་པ་བསྐྱངས་པས་སློབ་མ་འགྲོ་དོན་ནུས་པ་མང་དུ་བྱུང་བ་ལས། གཙོ་བོར་གྲུབ་ཆེན་ངག་དབང་བསམ་གཏན་ཡིན། དེའི་སློབ་མ་ལ་མཁན་དམ་ཆོས་པད་དཀར། དེ་ལའང་སློབ་མ་མང་དུ་བྱོན་པ་ལས་མཁས་གྲུབ་བསྟན་འཛིན་དོན་གྲུབ་ལས། མཁན་བསྟན་འཛིན་ཆོས་རྒྱལ། ཀོམ་འཕྲང་ཆོས་རྗེ་ཤེར་འབྱུང༌། དགེ་སློང་འབྲུག་པད་དཀར་སོགས་བརྒྱུད་འཛིན་སློབ་མ་བཟང་ལ་མང་བ་བྱོན་ཏེ། ལྷོ་ཡུལ་དང་མཁན་པ་ལྗོངས་རྣམས་སུ་འགྲོ་དོན་རྒྱ་ཆེར་བྱུང་ངོ༌། །