ལྷོ་འབྲུག་མཁན་རབས་ཀྱི་སྐབས།

རྗེ་མཁན་པོ་ཕྲིན་ལས་ལྷུན་གྲུབ་ཀྱི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་གསུམ་པ་ཕྲིན་ལས་ལྷུན་གྲུབ་ནི། ཐེད་གཞུང་ནོར་སྒང་དུ། རབ་བྱུང་བཅོ་ལྔའི་མེ་བྱ་ལོར་༼༡༨༩༧༽འཁྲུངས། གཞོན་ནུ་ནས་གྲྭ་སྡེར་ཞུགས། རྗེ་མཁན་པོ་བྱམས་པ་སྟོབས་བཟང་དང༌། སྲིད་ཞི་རྣམ་རྒྱལ་ལས་བསླབ་ཚིགས་དང་སྨིན་གྲོལ་གྱི་ཁྲིད་རིམ་གསན། བོད་དུ་བྱོན་ནས་ཕ་ཝང་མཆོག་སྤྲུལ་བདེ་སྙིང་སོགས་ལས་བཀའ་གདམས་ཀྱི་ཆོས་སྐོར་གསན་བསམ་མཛད་པས། བྱང་ཆུབ་ཀྱི་སེམས་ལ་ངེས་ཤེས་འཁྲུངས། དེ་ནས་རིམ་བཞིན་མཚན་སློབ་དང་རྡོར་སློབ་མཛད། དགུང་གྲངས་དྲུག་ཅུའི་མེ་སྤྲེལ་ལ་མཁན་ཁྲིར་ཕེབས། ལོ་ལྔའི་བར་བསྟན་པ་ཚུལ་བཞིན་བསྐྱངས་ཏེ། རེ་ལྔ་པ་ལྕགས་གླང་ལ་མཁན་ཁྲི་ལས་གཞོལ་ཏེ་སྤུངས་ཐང་ནོར་བུ་སྒང་དུ་བྱོན། སྔ་ཕྱིར་གོས་སྐུ་མཐོང་གྲོལ་ཆེན་མོའི་ཉམས་གསོ་དང༌། ཕ་ཇོ་སྡིངས། ཐེད་ན་ལེནྡྲ། ནོར་བུ་སྒང་གི་གཙུག་ལག་ཁང་རྣམས་རྗེ་ཡབ་སྲས་གསུམ་སོགས་རྟེན་བཞེངས་ཅི་རིགས་མཛད། འབྲུག་རྒྱལ་མི་དབང་གསུམ་པས་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ས་སྤྲེལ་༼༡༩༦༨༽ལོར་ཉམས་གསོ་རྒྱས་པར་གྲུབ་སྐབས་གདན་ཞུས་ལྟར་བཀྲ་ཤིས་རབ་གནས་མཛད། དེ་ནས་དོན་དགུ་པ་ཤིང་ཡོས་༼༡༩༧༥༽ལོར་ཞི་དབྱིངས་སུ་གཤེགས་སོ། །

རྗེ་མཁན་པོ་ཡོན་ཏན་བརྩོན་འགྲུས་ཀྱི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་གཉིས་པ་ཡོན་ཏན་བརྩོན་འགྲུས་ནི། ཤར་ཕང་ཡེ་གྱང་བར་མར། རབ་བྱུང་བཅོ་ལྔའི་ལྕགས་ཡོས་༼༡༨༩༡༽ལོར་འཁྲུངས། གཞོན་ནུ་ནས་གཞུང་སྡེར་ཞུགས། མཁན་ཆོས་རྗེ་ཕྲིན་ལས་རྒྱལ་མཚན་དང༌། ཞབས་དྲུང་ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་ལས་བསླབ་ཚིགས་དང་སྨིན་གྲོལ་ཅི་རིགས་གསན། བོད་དུ་ཕེབས་ནས་གྲུབ་དབང་ཤཱཀྱ་ཤྲཱི་དང༌། སློབ་དཔོན་བསྟན་འཛིན་རྒྱ་མཚོ་ལས་ཟབ་ཁྲིད་གསན་ཏེ་ཉམས་བཞེས་མཛད། དགུང་ལོ་རེ་ལྔ་པ་ཤིང་ལུག་ལ་མཁན་ཁྲིར་ཕེབས། རེ་དྲུག་པ་མེ་སྤྲེལ་༼༡༩༥༦༽ ལོར་ཁྲི་ཐོག་ཏུ་གཤེགས་སོ། །

རྗེ་མཁན་པོ་བསམ་གཏན་རྒྱ་མཚོའི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་གཅིག་པ་བསམ་གཏན་རྒྱ་མཚོ་ནི། རྒྱ་བར་ཚེ་བྲག་དགོན་དུ། རབ་བྱུང་བཅོ་ལྔའི་ཆུ་ལུག་༼༡༨༨༣༽ལོར་འཁྲུངས། གཞོན་ནུ་ནས་གཞུང་གྲྭར་ཞུགས། ཆོས་རྗེ་མཁན་ཕྲིན་རྒྱལ་དང་འཇིགས་མེད་ཆོས་རྒྱལ་སོགས་ལས་བསླབ་ཚིགས་དང་སྨིན་གྲོལ་གྱི་ཁྲིད་རིམ་བཞེས། བུམ་ཐང་དུ་བྱོན་ནས་དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་ལས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་གསན་སྦྱོང་མཛད། དེ་ནས་དབྱངས་སློབ་དང༌། རྡོར་སློབ་ཀྱི་གོ་ས་རིམ་པར་ཕེབས། དགུང་གྲངས་རེ་བཞི་པ་མེ་ཁྱི་ལ་མཁན་ཁྲི་བཟུང༌། ལོ་ངོ་དགུའི་བར་བསྟན་པ་བསྐྱངས། དོན་བཞི་པ་མེ་སྤྲེལ་༼༡༩༥༦༽ལོར་གཤེགས་སོ། །

རྗེ་མཁན་པོ་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར།

༈ རྗེ་མཁན་ཁྲི་ང་དགུ་པ་ཆོས་ཀྱི་དབང་ཕྱུག་ནི། ཤར་ཀ་བཞི་ལུང་ཆེན་དུ། རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༼༡༨༦༠༽ལོར་འཁྲུངས། སྐུ་ན་དར་ལ་བབ་སྟེ་གྲྭ་སྡེར་ཞུགས། ཆོས་རྗེ་ཕྲིན་ལས་རྒྱལ་མཚན་དང་བསྟན་ལྷུན་ལས་བསླབ་ཚིགས་དང་ཐོས་བསམ་སྨིན་གྲོལ་གྱི་ལམ་རིམ་གསན་བཞེས་མཛད། དབང་རྫོང་གནས་བརྟན་དང༌། རྡོར་སློབ་ཀྱི་གོ་ས་རིམ་པར་ཕེབས། དགུང་གྲངས་དོན་གཉིས་པ་ལྕགས་ལུག་ལ་མཁན་ཁྲི་འཛིན། ལོ་ངོ་དགུའི་བར་བསྟན་པ་བསྐྱངས་པའི་མཐར། དགུང་གྲངས་གྱ་གཅིག་པ་ལྕགས་འབྲུག་༼༡༩༤༠༽ལོར་ཁྲི་ཐོག་ཏུ་གཤེགས་སོ། །༼དྲུག་ཅུ་པ་ཆོས་རྗེ་ངག་ཕྲིན་ཕྱི་མ་ནི་གོང་དུ་སོང་༽  

རྗེ་མཁན་པོ་སྲིད་ཞི་རྣམ་ཪྒྱལ་གྱི་རྣམ་ཐར།

༈ རྗེ་མཁན་ཁྲི་ང་བརྒྱད་པ་སྲིད་ཞི་རྣམ་རྒྱལ་ནི། ཐིམ་ཅང་དགེ་བསྙེན་དུ། རབ་བྱུང་བཅོ་ལྔ་པའི་ཤིང་ཕག་༼༡༨༧༥༽ལོར་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་གྲྭ་སྡེར་ཞུགས། མཁན་ངག་དོན་དང་ཕྲིན་རྒྱལ་ལས་བསླབ་ཚིགས་སྔ་མ་དང་སྨིན་གྲོལ་གྱི་ལམ་ཁྲིད་རིམ་པར་གསན། སློབ་དཔོན་རྣམ་རྒྱལ་ཚེ་རིང་མདུན་གསན་སྦྱོང་ཅི་རིགས་མཛད། དེ་ནས་བུམ་ཐང་དུ་བྱོན་ཏེ། དགེ་བཤེས་སྨིན་དྲུག་ལ་བསྟེན་ནས་གཞུང་ལུགས་མཐར་ཕྱིན་སྦྱངས། རྡོར་སློབ་ཀྱི་གོ་སར་བཞུགས། དགུང་གྲངས་ང་གསུམ་པ་མེ་ཡོས་ལ་མཁན་ཁྲིར་ཕེབས། ལོ་བཞིའི་བར་བསྟན་པ་བསྐྱངས། རེ་གཅིག་པ་ཤིང་ཕག་༼༡༩༣༥༽ལོར་གཤེགས་སོ། །