ལྷོ་འབྲུག་མཁན་རབས་ཀྱི་སྐབས།

རྗེ་མཁན་པོ་དགེ་འདུན་རིན་ཆེན་གྱི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་དགུ་པ་དགེ་འདུན་རིན་ཆེན་ནི། ལྷོ་ཡུལ་སྤ་གྲོར། ཡབ་ཀུན་བཟང་རྡོ་རྗེ་དང༌། ཡུམ་བཀྲིས་ཆོས་སྐྱིད་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་༼༡༩༢༦༽ལོར་ཕུག་པ་ཞིག་གི་ནང་དུ་ཡུམ་ལ་བསྙུན་ཟུག་མེད་པར་བལྟམས། མཚན་ཡང་བྲག་ཕུག་པ་ཞེས་བཏགས། གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་དུ་གྲགས། དགུང་ལོ་བདུན་པར་ཐིམ་རྫོང་གི་འདུས་སྡེར་ཞུགས་ཏེ། མཁན་ཆེན་ཆོས་ཀྱི་དབང་ཕྱུག་ལ་གཙུག་ཕུད་ཕུལ། དགེ་འདུན་རིན་ཆེན་ཞེས་མཚན་གསོལ། དེ་ནས་འབྲུག་ལུགས་འདོན་ཆ་དང༌། རྒྱུད་བརྟག་གཉིས། སྡོམ་གསུམ་རྒྱན་སོགས་བློར་འཛིན་གནང༌། གར་ཐིག་དབྱངས་སོགས་དཀྱིལ་ཆོག་གི་ཕྱག་ལེན་ལ་མཁས་པའི་ཚད་དུ་ཕྱིན། བཅུ་བདུན་ལ་སྤུངས་ཐང་དུ་གཏེར་ཁུངས་ཆོས་རྗེ་ངག་དབང་ཕྲིན་ལས་ཕྱི་མ་རིགས་བདག་ཏུ་བསྙེན་ནས། ཐར་རྒྱན་དང༌། ཕྱག་ཆེན་སྔོན་འགྲོའི་ཟབ་ཁྲིད། ལམ་ཟབ་སོགས་སྨིན་བཀའ། ཁྱད་པར་གདམས་ངག་རྒྱ་ཅན་ལྔ་སོགས་ལ་གསན་བསམ་མཛད། དབེན་གནས་ལྷ་རྫོང་བཀྲ་ཤིས་སྒང་དུ་སྔོན་འགྲོ་དང་ལམ་ཟབ་ཀྱི་བཅད་རྒྱར་ཟླ་བ་མང་ཙམ་བཞུགས། དེའི་མུར་འཇམ་དཀར་གྱི་བསྙེན་མཚམས་སྐབས་རྨི་ལམ་དུ་ཐོས་པས་སྒྲོ་འདོགས་ཆོད་པ་གལ་ཆེ་བར་བསྐུལ་ཏེ། ཉེར་གསུམ་པར་བཤེས་གཉེན་རྣམ་རྒྱལ་ལས། སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས་བརྩོན་མཛད་པས། ཐུགས་རིག་རྣོ་བའི་ཚད་དུ་བྱུང༌། དེ་རྗེས་བུམ་ཐང་ཉི་མ་ལུང་གི་བཤད་གྲྭར་དགེ་བཤེས་པདྨའི་དྲུང་དུ་སྤྱོད་འཇུག་སོགས་ལ་གསན་སྦྱངས་མཛད་ཀྱང་ཐུགས་ཀྱི་རེ་བ་མ་རྫོགས་པར་བོད་དུ་ཕེབས་འདུན་ཤར་ཏེ། ཐོག་མར་ལྷོ་བྲག་ལྷ་ལུང་དུ་ཀཿཐོག་མཁན་པོ་ངག་དབང་ཕྲིན་ལས་མདུན། ལོ་ངོ་གསུམ་ཙམ་གྱི་རིང་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ལ་གསན་སྦྱངས་གནང༌། མཚན་མོ་ཕལ་ཆེར་དབུ་སྔས་ལ་འཇོག་པ་དང་སྐུ་འཆིང་འགྲོལ་བ་སྤོང་བ་ཙམ་གྱི་བརྩོན་འགྲུས་མཛད། སླར་འབྲི་གུང་དུ་བྱོན། མཁས་གྲུབ་རྭ་ཧོར་ཆོས་གྲགས་ཀྱི་དྲུང་ནས་མདོ་ཕྱོགས་གཞུང་འགྲེལ་སྐོར་དང༌། རྒྱུད་གསང་སྙིང༌། མཚན་བརྗོད། སྣང་གསུམ་སོགས་རྒྱུད་སྡེ་དུ་མའི་སློབ་བཤད། ཁྱད་པར་དུ་ཡེ་ཤེས་བླ་མའི་དམར་ཁྲིད་ཐུན་མོང་མ་ཡིན་པ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། དེར་བློ་སྐྱེད་ཤིན་ཏུ་ཆེ་བ་བྱུང༌། བླ་མས་ཀྱང་ཁྱོད་ཀྱི་མིང་ལ་འབྲུག་ཐམས་ཅད་མཁྱེན་པ་ཞེས་བརྗོད་ཆོག་ཅེས་བསྟོད་བསྔགས་ཀྱིས་དབུགས་དབྱུང༌། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལས་རིན་ཆེན་གཏེར་མཛོད། སྙིང་ཐིག་ཡ་བཞི། མཛོད་བདུན་གྱི་ལྗགས་ལུང༌། གཞན་ཡང་བཤེས་གཉེན་དུ་མ་ལས་སྒྲ་དང་སྙན་ངག་སོགས་སྦྱངས་པ་མཛད་རྗེས།…

རྗེ་མཁན་པོ་ཕྲིན་ལས་ལྷུན་གྲུབ་ཀྱི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་བདུན་པ་ངག་དབང་ཕྲིན་ལས་ལྷུན་གྲུབ་ནི། ཀྲོང་གསར་ཆ་འོག་མང་སྡེ་ཉ་ལ་དགོན་པར། ཡབ་རྩིས་ཆེན་དབང་ཕྱུག་དང༌། ཡུམ་ཚེ་རིང་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་༼༡༩༢༡༽ལོར་འཁྲུངས། དེ་ཡང་སྔ་འགྱུར་ཆོས་སྡེ་ཟུར་གདན་འུག་པ་གླིང་པའི་སྐུ་ཕྲེང་རིམ་བྱོན་ཡོད་པའི་སྤྲུལ་སྐུར་གྲགས། ཕྱིས་སྐུ་གོང་མའི་གདན་ས་དབང་འདུས་ཉི་ཟེར་སྒང་དུ་བཞུགས་པས། མཚན་གཞན་ཉི་ཟེར་སྤྲུལ་སྐུ་ཡང་ཞུ། ཆུང་ངུའི་སྐབས་གོང་མའི་མཛད་སྤྱོད་རྣམས་གསུངས་ཤིང༌། བྱིས་པ་གཞན་དང་མི་འདྲ་བར་ཆོས་ཀྱི་བག་ཆགས་སད། ཐོག་མར་ཉ་ལ་དགོན་པར་ཕྱག་དཔེ་གསན་པའི་དབུ་ཚུགས། རིམ་བཞིན་རང་གཞུང་གྲྭ་ཚང་དུ་བྱོན་ནས། མཁན་སྲིད་ཞི་རྣམ་རྒྱལ་དང་ཆོས་ཀྱི་དབང་ཕྱུག་གཉིས་ཀྱི་མདུན། རབ་བྱུང་བསྙེན་རྫོགས་དང་ཡོན་ཏན་གསན་སྦྱོང༌། ཞབས་དྲུང་ཐུགས་སྤྲུལ་དྲུག་པ་འཇིགས་མེད་རྡོ་རྗེ་ལས། རང་ལུགས་གདམས་ངག་སྡོང་པོ་གསུམ་དྲིལ་གྱི་ཉམས་ཁྲིད་གསན། དེ་ནས་བུམ་ཐང་ཐར་པ་གླིང་དུ་ཕེབས་ཏེ། སློབ་དཔོན་མཁས་པ་བསྟན་པ་རིན་ཆེན་ལས། གཞུང་རིག་གནས་དང་དབང་ལུང་མན་ངག་དཔག་མེད་གསན་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། དབང་འདུས་ཉི་ཟེར་སྒང༌། ཤར་མཁོ་ཐང་སྐྱིད་པའི་འབྱུང་གནས། སྤྱི་པ་སྒང་སོགས་གདན་ས་དུ་མར་བསྙེན་སྒྲུབ་གཙོར་འདོན་གྱིས་ཡུན་རིང་བཞུགས། སླར་ཡང་རྡོར་སློབ་བགྲེས་པ་བསྟན་འཛིན་རྒྱ་མཚོ་ལས། ཕྱག་ཆོས་སོགས་མན་ངག་མང་པོ་གསན་ནས་ཐབས་གྲོལ་གྱི་ལམ་ལ་རང་དབང་བརྙེས། ན་ལནྡ་དགོན་པར་སྐུ་མཚམས་དང་འབྲེལ་སྐལ་ལྡན་སློབ་མ་རྣམས་ལ་དབང་ཆོས་ཀྱི་བཀའ་དྲིན་ཅི་ཡང་བསྩལ་བའི་མུར། ཏ་ལོ་གྲྭ་ཚང་ནང་བྱོན་ཏེ། སྒྲ་སློབ་དང་རྡོར་སློབ་ཀྱི་གོ་གནས་རིམ་པར་བཞེས། དགུང་གྲངས་ལྔ་བཅུ་པ་ལྕགས་ཁྱི་ལོར་རྗེ་མཁན་ཁྲིར་ཕེབས། དེ་ནས་བཟུང་ལོ་ངོ་བཅུ་བདུན་གྱི་རིང་དཔལ་ལྡན་འབྲུག་པའི་ཆོས་སྲིད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས། རེ་དྲུག་པ་མེ་སྟག་ལོར་མཁན་ཁྲི་ལས་དགོངས་ཞུ་མཛད་དེ། དབང་འདུས་ཉི་ཟེར་སྒང་སོགས་རང་གི་གདན་སར་སྐུ་ཚེར་སྒྲུབ་ལ་བརྩོན་ནས་བཞུགས་པའི་མཐར། དགུང་ལོ་གྱ་ལྔ་ཤིང་བྱ་༼༢༠༠༥༽ལོའི་ཟླ་བ་ལྔ་པའི་ཚེས་ལྔ་ལ་ཐིམ་ཕུ་བར་པ་སྒང་ཆེའི་གདན་སར། ངོ་མཚར་བའི་རྟགས་བཅས་ཞི་བར་གཤེགས་སོ། །སྐུ་གདུང་ལས་ཀྱང་རིང་བསྲེལ་མང་པོ་བྱོན་འདུག་གོ། །       རྗེ་མཁན་རབས་རེ་བརྒྱད་པ་བསྟན་འཛིན་དོན་ཀུན་གྲུབ་པའི་སྡེ་ནི། དུས་ཕྱིས་ལྷོ་ཡུལ་དུ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་སྤེལ་བའི་བྱེད་པོ་མཚུངས་པ་མེད་པ་ཞིག་ཡིན། ད་ལྟར་བསྟན་འགྲོའི་གསོས་སུ་སྐུ་འཚོ་གཞེས་སུ་བཞུགས་པས་རྣམ་ཐར་རྒྱས་པར་སླད་ནས་འབྱོན་པར་འགྱུར་རོ། །

རྗེ་མཁན་པོ་ཡོན་ཏན་མཐར་ཕྱིན་གྱི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་དྲུག་པ་ཡོན་ཏན་མཐར་ཕྱིན་ནི། སྤ་གྲོ་རྡོ་མཆོད་རྟེན་དགོན་པར། ཡབ་ཡེ་ཤེས་རྡོ་རྗེ་དང༌། ཡུམ་སེང་གེ་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་མེ་རྟ་༼༡༩༠༦༽ལོར་འཁྲུངས། དགུང་ལོ་ལྔ་པར་གཞུང་དགེ་འདུན་གྲྭ་ཚང་དུ་ཞུགས། མཁན་ཆེན་སྲིད་ཞི་རྣམ་རྒྱལ་དང་ཆོས་ཀྱི་དབང་ཕྱུག་གཉིས་ཀྱི་ཞབས་པད་བསྟེན་ནས། དགེ་ཚུལ་དང་སྐུ་ཡོན་རིམ་པས་གསན་བཞེས་གནང༌། དེ་ནས་ཕ་ཇོ་སྡིངས་དགོན་པ་ལ་བྱོན་ནས་བོད་ཀྱི་དགེ་བཤེས་མི་ཉག་བློ་བཟང་ཡོན་ཏན་རྒྱ་མཚོའི་དྲུང་དུ་གཞུང་རིག་གནས་མང་པོ་གསན། བོད་དུའང་གནས་གཟིགས་ལ་ཡུག་གཅིག་ཕེབས། སླར་བྱོན་ནས་གཞུང་གྲྭ་ཚང་དང་ལྕགས་རི་ཆོས་སྡེའི་དབུ་མཛད་གོ་གནས་བཞེས། གླིང་བཞི་སྟག་འགྲོར་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་དང༌། རྟ་མགོར་ཕག་མོའི་བསྙེན་མཚམས་ལོ་གཅིག་ལ་བཞུགས་རྗེས་གནས་དེའི་བླ་མ་མཛད། དེར་ཡེ་ཤེས་མགོན་པོར་བསྙེན་པས་ཞལ་གཟིགས་ཀྱི་མཚན་མ་བཟང་པོ་བྱུང༌། དེ་ནས་དྲུག་ཅུ་པ་ཤིང་སྦྲུལ་ལོ་ནས་བཟུང་གཞུང་གྲྭ་ཚང་ནང་རྡོར་སློབ་ཀྱི་མཚན་གནས་ལོ་གསུམ་བཞེས། རེ་གསུམ་པ་ས་སྤྲེལ་ལོར་རྗེ་མཁན་ཁྲིར་ཕེབས། ལོ་ངོ་གཉིས་ཀྱི་བར་བཀའ་ཁྲིད་གནང་བ་སོགས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད། རེ་ལྔ་པ་ལྕགས་ཁྱི་ལོར་མཁན་ཁྲི་ལས་དགོངས་པ་ཞུས་ཏེ། སྤ་གྲོ་རྡོ་མཆོད་རྟེན་དགོན་པར་སྒྲུབ་པ་ལ་རྩེ་གཅིག་ཏུ་དྲིལ་ནས་བཞུགས་པའི་མཐར། དགུང་ལོ་རེ་བརྒྱད་པ་ཆུ་གླང་༼༡༩༧༣༽ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །

རྗེ་མཁན་པོ་ཡེ་ཤེས་སེང་གེའི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་ལྔ་པ་ཡེ་ཤེས་སེང་གེ་ནི། ཤར་རྩིབས་ལོགས་རྡོར་གླིང་གདུང་རབས་སུ། རབ་བྱུང་བཅོ་ལྔའི་མེ་རྟ་༼༡༩༠༦༽ལོར་འཁྲུངས། གཞོན་ནུ་ནས་འདུས་སྡེར་ཞུགས། མཁན་དཔལ་ལྡན་སེང་གེ་དང་སྲིད་ཞི་རྣམ་རྒྱལ་ལས་བསླབ་ཚིགས་རིམ་པར་མནོས་ཤིང༌། སྨིན་གྲོལ་གྱི་གདམས་པ་གསན། གཞན་ཡང་མཁན་ཆེན་ཆོས་ཀྱི་དབང་ཕྱུག །རྡོར་སློབ་བསྟན་འཛིན་རྒྱ་མཚོ། བུ་ལིའི་སྤྲུལ་སྐུ། མཁས་མཆོག་བསྟན་པ་རིན་ཆེན། མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་སོགས་ལས་མདོ་སྔགས་རིག་གནས་དང༌། གསང་སྔགས་གསར་རྙིང་གི་གདམས་སྐོར་གསན་སྒོམ་ཕྲུགས་མར་གནང༌། སྲིན་ཕུ་བླ་མ་དང༌། རྡོར་སློབ་མཛད། དགུང་གྲངས་དྲུག་ཅུ་པ་ཤིང་སྦྲུལ་ལ་མཁན་ཁྲིར་ཕེབས། རྟ་མགོ་ཆོས་དབྱིངས་རྫོང་དུ་སྒྲུབ་སྡེ་བཏབ་པས་མཚོན་ལོ་གསུམ་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། རེ་བཞི་པ་ས་བྱ་༼༡༩༦༩༽ལོར་ཞི་བར་གཤེགས་སོ། །

རྗེ་མཁན་པོ་བསམ་གཏན་དཔལ་བཟང་གི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་བཞི་པ་བསམ་གཏན་དཔལ་བཟང་ནི། སྤངས་དགོན་ཨོ་རྒྱན་གུ་རུར། རབ་བྱུང་བཅོ་ལྔའི་ལྕགས་གླང་༼༡༩༠༡༽ལོར་འཁྲུངས། གཞོན་ནུ་ནས་གྲྭ་ཚང་དུ་ཞུགས། མཁན་དཔལ་ལྡན་སེང་གེ་དང་མི་ཕམ་དབང་པོ་ལས་བསླབ་ཚིགས་དང་སྨིན་གྲོལ་གསན། དབུ་མཛད་དབྱངས་རྡོར་ནས་རིམ་གྱིས་རེ་གཅིག་པ་ལྕགས་གླང་ལ་མཁན་ཁྲི་བཟུང༌། ལོ་བཞིར་བསྟན་པ་བསྐྱངས་པའི་མཐར། དགུང་ལོ་རེ་ལྔ་པ་ཤིང་སྦྲུལ་༼༡༩༦༥༽ལོར་ཁྲི་ཐོག་ནས་གཤེགས་སོ།།