ལྷོ་འབྲུག་གི་སྐབས།

བྱམས་སྤྲུལ་གཉིས་པ་ཡེ་ཤེས་རྡོ་རྗེའི་རྣམ་ཐར།

༈ བྱམས་སྤྲུལ་གཉིས་པ་ཡེ་ཤེས་རྡོ་རྗེ་ནི། དགོན་ཤར་རི་བ་ལང་ནང་དུ། རབ་བྱུང་བཅུ་གསུམ་པའི་མེ་གླང་༼༡༧༥༧༽ལོར་འཁྲུངས། སྐུ་གོང་འོག་བར་དུ་མི་ལོ་ཉེར་ལྔ་ཙམ་སོང་ནས་གཞན་རྣམས་ཐེ་ཚོམ་དུ་གྱུར་པས། ཆོས་རྗེ་ངག་དབང་ཕྲིན་ལས་ཀྱིས་སྤྲུལ་སྐུ་ཕྱག་ཏུ་བཞེས་ཏེ། དམ་ཅན་སྒོ་མོ་ལ་དམོད་བཅོལ་མཛད་ནས་ལྷ་ཁང་རབ་གསལ་ནས་རྡོ་གཅལ་དུ་བསྐྱུར། དམ་ཅན་འབྲོག་པའི་རྫུ་བག་གིས་པང་དུ་བཟེད་པའི་རྣམ་ཆ་མཐོང་བས། ཐམས་ཅད་ངོ་མཚར་དུ་གྱུར་ཏེ་ཐེ་ཚོམ་གྱི་སྒྲོག་ལས་གྲོལ། ཡོངས་འཛིན་ཆོས་རྗེ་རང་ནས་བསླབ་ཚིགས་སྨིན་གྲོལ་གདམས་པའི་བཀའ་དྲིན་རྫོགས་པར་མཛད། ཕྱིས་རྩ་བའི་བླ་མ་ཀུན་དགའ་རྒྱ་མཚོར་བསྟེན་ནས་སྨིན་གྲོལ་སྨར་ཁྲིད་ཀྱི་རིམ་པ་གསན་སྒོམ་མཛད། སོ་ལྔ་པར་རྗེ་མཁན་རབས་བཅུ་བདུན་པའི་ཁྲིར་ཕེབས། ལོ་དྲུག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། ཞེ་གཅིག་པར་ཁྲི་ལས་གཞོལ་ཏེ་དབེན་པར་བསྟེན། སྒྲུབ་པ་དང་འགྲོ་དོན་སྤེལ་མར་མཛད་པའི་མཐར། དགུང་ལོ་ཞེ་དགུ་པ་ཤིང་གླང་༼༡༨༠༥༽ལོར་གཤེགས་སོ། །

བསེ་བ་ལ་བྱམས་མགོན་དང་པོ་ངག་དབང་རྒྱལ་མཚན་གྱི་རྣམ་ཐར།

༈ བསེ་བ་ལ་བྱམས་མགོན་སྐུ་ཕྲེང་དང་པོ་ངག་དབང་རྒྱལ་མཚན་ནི། ཆོས་རྗེ་རྒྱ་རས་ཀྱི་སློབ་མ་གྲུབ་ཐོབ་གཏེར་ཁུངས་པའི་གདུང་རྒྱུད་སྡེ་སྲིད་དབུ་མཛད་ཆེན་མོའི་དབོན་སྲས་སུ། རབ་བྱུང་བཅུ་གཅིག་པའི་མེ་ཕག་༼༡༦༤༧༽ལོར་འཁྲུངས། དགུང་ལོ་བཞི་ནས་སྐྱབས་མགོན་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཞབས་ལ་གཙུག་ཕུད་ཕུལ་ཏེ་མཚན་གསོལ། དྲུང་ཡིག་ཚེ་དབང་རྡོ་རྗེ་ལ་ཡིག་རིགས་སོགས་མཁས་པར་སྦྱངས་ཏེ་འདུས་སྡེར་ཞུགས། མཁན་པད་དཀར་འབྱུང་གནས་ལས་སོ་ཐར་སྡོམ་པའི་ཚིགས་སྔ་མ་གཉིས་དང༌། མཁན་ཆེན་བསོད་ནམས་འོད་ཟེར། ཁྲི་ཆེན་བསྟན་འཛིན་རིན་པོ་ཆེ། ཡོངས་འཛིན་པད་དཀར་ལྷུན་གྲུབ་སོགས་བསྟེན་ནས། བསླབ་ཚིགས་ཕྱི་མས་གཙོས་བཅུ་ཕྲག་རིག་པའི་གནས་སྤྱི་དང༌། འབྲུག་ལུགས་སྡོང་པོ་གསུམ་དྲིལ་སོགས་ལ་གསན་བསམ་དཔྱིས་ཕྱིན་པར་མཛད། དེ་སྐབས་མི་འགྱུར་བརྟན་པའི་ནང་ཟིང་གི་རྐྱེན་ལས་ཡབ་ཆད་པས་བཀྲོངས། ཡུམ་སྐུ་མཆེད་མཐའ་ལ་སྤྱུགས་པ་སོགས་མི་སྲིད་པའི་སྡུག་བསྔལ་ཆེན་པོས་ཐུགས་ཕྱུང་ནས། ཉིན་མཚན་གཡེལ་བ་མེད་པར་ཐོས་དོན་ཉམས་སུ་བཞེས་པས། ཉམས་རྟོགས་རྣལ་འབྱོར་བཞིའི་རིམ་དང་མཐུན་པར་འཁྲུངས། ཕྲིན་ལས་ཀྱང་རྒྱས་ཏེ། ཁམས་སྡེ་དགེ་རྒྱལ་པོ་སངས་རྒྱས་བསྟན་པ་ནས་བཟུང༌། སྟོད་ལ་དྭགས་རྒྱལ་པོ་ཉི་མ་རྣམ་རྒྱལ་གྱི་བར་རྒྱལ་བློན་དུ་མས་བཀུར། རྒྱལ་པོ་གཉིས་ཀྱི་དབུ་བླར་ཡུན་རིང་བཞུགས་པ་ནས་ཐབས་མཁས་ཀྱིས་དགོངས་པ་བཀྲོལ་ཏེ་སླར་བྱོན། གཞུང་ནས་སྐུ་དྲིན་ལེགས་སོའི་བདག་རྐྱེན་དུ་རིན་སྤུངས་ཀྱི་སྤྱི་བླར་བསྐོས། དེས་མི་ཆོས་དང་འབྲེལ་བའི་བྱ་བྱེད་ཀྱིས་ཐུགས་སུན་ཏེ། ལོ་གཅིག་བཞུགས་ནས་དགོངས་པ་ཞུས་མཛད། དེ་ནས་སེ་ལ་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོ་བཏབ། གཅུང་ཆོས་རྗེ་ངག་དབང་པད་དཀར། སྐུ་ཚ་ཆོས་རྗེ་ངག་དབང་ཕྲིན་ལས། ཐུགས་སྲས་ཤཱཀྱ་རིན་ཆེན་སོགས་རྗེས་སུ་བཟུང༌། གཞུང་གདན་ཕན་ཚུན་གཉིས་སུའང་མཆོག་སྤྲུལ་རྣམ་གསུམ་གྱི་དབུས་གཙོས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་པའི་མཐར། དགུང་ལོ་གྱ་དྲུག་པ་ཆུ་བྱི་༼༡༧༣༢༽ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་དགའ་ལྡན་དུ་གཤེགས་སོ། །

ཁྲི་སྤྲུལ་ལྔ་པ་མི་ཕམ་རྣམ་རྒྱལ་གྱི་རྣམ་ཐར།

༈ ཁྲི་སྤྲུལ་ལྔ་པ་མི་ཕམ་རྣམ་རྒྱལ་ནི། སྔོན་གྱི་བག་ཆགས་སད་དེ། སྤྲུལ་སྐུ་ཞལ་བཞེས་མཛད་ཀྱང་ཁྲི་འདོན་མ་མཛད། རྟེན་ཡང་སྐྱ་སེར་ངེས་མེད་དུ་བཞུགས་ནས་གཤེགས། དེའི་རྗེས་ཐོག་ཏུ་ཧད་ནས་འཁྲུངས་ཏེ་མཚན་དཔེའི་རིས་མོ་གསལ་བར་གྲགས་ཀྱང༌། གདུལ་བྱའི་ལས་སྣང་གིས་བརྣོགས་ཏེ་འགྲོ་དོན་མ་བྱུང་ངོ༌། །སླར་ཡང་བསྟན་དང་འགྲོ་བའི་དཔལ་དུ་འཇིགས་མེད་བསྟན་འཛིན་དབང་པོ་མཆོག་བྱོན་ནས་ད་ལྟར་སྐུ་འཚོ་གཞེས་སུ་བཞུགས་བཞིན་པའོ། །

ཁྲི་སྤྲུལ་བཞི་པ་ཕྲིན་ལས་རྒྱ་མཚོའི་རྣམ་ཐར།

༈ ཁྲི་སྤྲུལ་བཞི་པ་ཕྲིན་ལས་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་ཤིང་ལུག་༼༡༨༣༥༽ལོར་འཁྲུངས། མཁན་ཡོན་ཏན་རྒྱ་མཚོ་དང༌། པདྨ་བཟང་པོ་སོགས་ལས་བསླབ་ཚིགས་དང་སྨིན་གྲོལ་གདམས་པ་གསན་སྒོམ་མཛད། མཁན་ཁྲི་དང༌། སྡེ་ཁྲི་གང་ཡང་མ་བཟུང་བར་རྟ་མགོའི་གདན་ས་འཛིན་པའི་ངང་དུ་གཤེགས་པར་གྲགས་སོ། །

ཁྲི་སྤྲུལ་གསུམ་པ་ངག་དབང་འཇམ་དཔལ་རྒྱ་མཚོའི་རྣམ་ཐར།

༈ ཁྲི་སྤྲུལ་གསུམ་པ་ངག་དབང་འཇམ་དཔལ་རྒྱ་མཚོའམ་ཚུལ་ཁྲིམས་གྲགས་པ་ནི། འཁྲུངས་ཡུལ་ངེས་པ་མ་རྙེད། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་༼༡༧༩༠༽ལོར་འཁྲུངས། མཁན་འཇམ་དབྱངས་རྒྱལ་མཚན་དང༌། ཡོངས་འཛིན་ངག་དབང་ཆོས་རྒྱལ་སོགས་ལས་བསླབ་ཚིགས་དང་སྨིན་གྲོལ་གདམས་པའི་གསན་བསམ་མཛད། དགུང་གྲངས་ཉི་ཤུ་ལ་སྡེ་ཁྲིར་བྱོན། ཉེར་གཅིག་ལ་ནང་ཟིང་གིས་ཐུགས་སུན་ནས་སྡེ་འགན་སྤངས་ཏེ། རྟ་མགོའི་གདན་སར་གཞོལ། ནང་དུ་ཡང་དག་འཇོག་གི་རིམ་པ་ལྷུར་བཞེས་ཀྱིས་དུས་འདའ་བའི་མཐར། དགུང་ལོ་ཞེ་གཅིག་པ་ལྕགས་སྟག་༼༡༨༣༠༽ལོར་གཤེགས་སོ། །ལོ་འདིར་གསུང་སྤྲུལ་གསུམ་པ་དང་ཐུགས་སྤྲུལ་གསུམ་པ་ཡང་འདས་སོ། །