ལྷོ་འབྲུག་གི་སྐབས།

ཆོས་རྗེ་བཞི་པ་ཆོས་རྗེ་ངག་དབང་ཕྲིན་ལས་ཕྱི་མའི་རྣམ་ཐར།

༈ བཞི་པ་ཆོས་རྗེ་ངག་དབང་ཕྲིན་ལས་ཕྱི་མ་ནི། འཁྲུངས་ཡུལ་གོང་ལྟར། རབ་བྱུང་བཅོ་ལྔའི་མེ་འབྲུག་༼༡༩༡༦༽ལོར་བལྟམས། སློབ་དཔོན་དཔལ་འབྱོར་དང་ཡོངས་འཛིན་མཚན་སློབ་དངོས་གྲུབ་ལས་རིག་གནས་གསན་སྦྱོང་དང༌། རིགས་བདག་སྲིད་ཞི་རྣམ་རྒྱལ་ལས་འདུལ་བའི་བསླབ་ཚིགས་སྔ་མ་གཉིས་དང་སྨིན་གྲོལ་གྱི་གདམས་པ་བཞེས། ལོ་གསུམ་སྙིང་པོའི་སྒྲུབ་ལ་གཞོལ་བས་ཉམས་རྟོགས་འཁྲུངས། མཁན་ཆེན་ཆོས་ཀྱི་དབང་ཕྱུག་དྲུང་དུ་བསྙེན་པར་རྫོགས། ཉེར་ལྔ་ལ་རྗེ་མཁན་རབས་དྲུག་ཅུ་པའི་ཁྲི་བཟུང༌། ལོ་དྲུག་བསྟན་པ་ཚུལ་བཞིན་བསྐྱངས། སོ་གཅིག་ལ་ཁྲི་ལས་གཞོལ་ཏེ་དབེན་པ་བསྟེན་པའི་མཐར། སོ་ལྔ་པ་ལྕགས་སྟག་༼༡༩༥༠༽ལོར་གཤེགས་སོ། །དེ་ནས་ལྔ་པ་ཡེ་ཤེས་དངོས་གྲུབ་དང༌། དྲུག་པ་ད་ལྟར་འཚོ་གཞེས་པ་མི་ཕམ་ཆོས་ཀྱི་ཉིན་བྱེད་བྱོན་པའོ། །           འདིར་སྨྲས་པ། ལྷོ་ཡུལ་དཔག་བསམ་ལྗོན་པའི་འཁྲི་ཤིང་རྩེར། ། ངོ་མཚར་སྤྲུལ་པའི་འབྲས་བུ་ཕྲེང་དུ་བསྟར། ། གདུལ་བྱའི་བསོད་ནམས་དམན་ངོར་འགའ་ཞིག་ལས། ། བསྟན་འགྲོའི་དོན་བཟང་ཡིད་བཞིན་གྲུབ་པ་བྱུང༌། །   ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། ཞབས་དྲུང་ངག་དབང་རྣམ་རྒྱལ་ནས་བརྒྱུད་པའི་ལྷོ་འབྲུག་སྤྲུལ་སྐུ་རིམ་བྱུང་གི་སྐབས་ཏེ་བཅུ་པའོ།། །།            

ཆོས་རྗེ་གསུམ་པ་ཆོས་རྗེ་ཕྲིན་ལས་རྒྱལ་མཚན་གྱི་རྣམ་ཐར།

༈ གསུམ་པ་ཆོས་རྗེ་ཕྲིན་ལས་རྒྱལ་མཚན་ནི། ཨ་མོ་རི་མུའི་གདུང་རབས་སུ། རབ་བྱུང་བཅུ་བཞི་པའི་ས་ཕག་༼༡༨༣༩༽ལོར་འཁྲུངས། ཚུལ་ཁྲིམས་རྒྱལ་མཚན་ལ་སོགས་པའི་ཡོངས་འཛིན་རྣམས་ལས་ཕྱི་ནང་གི་གསན་བསམ་ཅི་རིགས་དང༌། བཀའ་དྲིན་གསུམ་ལྡན་ཡོན་ཏན་རྒྱལ་མཚན་ལས་ཚིགས་གསུམ་རིམ་པར་མནོས་ཤིང༌། སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་གདམས་པ་གསན་སྒོམ་མཛད། ཆོས་བརྒྱད་ཀྱི་འཆིང་བ་ལྷོད་པའི་རྣལ་འབྱོར་དུ་གྱུར། ཞེ་བརྒྱད་པར་མཁན་རབས་ཞེ་གཉིས་པའི་ཁྲི་ཐོག་ཏུ་ཕེབས་ནས་ལོ་གཉིས་བསྟན་པ་བསྐྱངས་རྗེས་དབེན་པར་གཞོལ། ང་གཅིག་པར་ཁྲི་པ་བསྟན་འཛིན་ལྷུན་གྲུབ་གཤེགས་ནས་སླར་མཁན་ཁྲིར་བྱོན་ཏེ། ལོ་གཉིས་བཞུགས། དེ་ལྟར་ལོ་མང་པོར་གདུལ་བྱ་རྗེས་སུ་བཟུང་བ་ལས། ཕྱིས་གདན་འཛིན་མཁན་རབས་ཀྱང་མང་དུ་ཐོན། དགུང་ལོ་དྲུག་ཅུ་པ་ས་ཁྱི་༼༡༨༩༨༽ལོར་ཞི་དབྱིངས་སུ་གཤེགས་སོ། །

ཆོས་རྗེ་སྐུ་ཕྲེང་གཉིས་པ་ཆོས་རྗེ་ཤཱཀྱ་རྒྱལ་མཚན་གྱི་རྣམ་ཐར།

༈ སྐུ་ཕྲེང་གཉིས་པ་ཆོས་རྗེ་ཤཱཀྱ་རྒྱལ་མཚན་ནི། ཨ་མོ་རི་མུའི་གདུང་རབས་སུ། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་༼༡༧༩༠༽ལོར་འཁྲུངས། བྱམས་མགོན་ཡེ་ཤེས་རྡོ་རྗེ་དང༌། མཁན་འཇམ་དབྱངས་རྒྱལ་མཚན་སོགས་ནས་བསླབ་ཚིགས་དང་སྨིན་གྲོལ་གདམས་པ་གསན་བཞེས་མཛད། ཞེ་གཉིས་ལ་མཁན་ཁྲི་ཉེར་བཞི་པར་བྱོན་ནས་ལོ་ལྔ་བསྟན་པ་འཛིན་སྐྱོང་མཛད་པའི་མཐར། དགུང་ལོ་ཞེ་བདུན་པ་མེ་སྤྲེལ་༼༡༨༣༦༽ལོར་གཤེགས་སོ། །

གཏེར་ཁུངས་ཆོས་རྗེ་ངག་དབང་ཕྲིན་ལས་ཀྱི་རྣམ་ཐར།

༈ གཏེར་ཁུངས་པའི་གདུང་རྒྱུད་ཆོས་རྗེ་ངག་དབང་ཕྲིན་ལས་ནི། ཨ་མོ་རི་མུའི་གདུང་རབས་སུ། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་༼༡༧༡༢༽ལོར་འཁྲུངས། བྱམས་མགོན་བླ་མ་ངག་དབང་རྒྱལ་མཚན་དང༌། གཅུང་ཆོས་རྗེ་ངག་དབང་པད་དཀར་སོགས་བསྟེན་ནས། ཚུལ་ཁྲིམས་ཀྱི་སྡོམ་པས་གཙོས་ཐུན་མོང་གི་ཤེས་བྱ་སྤྱི་དང༌། ཁྱད་པར་རང་ལུགས་ཐུན་མིན་སྨིན་གྲོལ་གྱི་གདམས་སྐོར་ཡོངས་རྫོགས་གསན་སྦྱོང་ཉམས་བཞེས་མཐིལ་ཕྱིན་པ་བསྟར་བས། གྲུབ་གཉིས་ལ་རང་བྱན་དུ་ཚུད། རེ་ཞིག་བལ་པོར་བྱོན་ནས། སླར་རང་གི་གདན་སར་བྱམས་མགོན་བླ་མའི་རྒྱལ་ཚབ་མཛད། བླ་མའི་དགོངས་རྫོགས་སུ་གདན་ས་རྒྱ་སྐྱེད་མཛད་དེ། བྱམས་ཆེན་ཉིས་ཐོག་མ་དང་དངོས་ཆུར་བྱམས་སྐུ་ཉིས་ཐོག་མ་གསར་བཞེངས་གནང་བ་སོགས་གདན་སར་ཕྱག་རྗེས་གཏོས་ཆེར་འཇོག་པའི་བཀའ་དྲིན་མཛད། བྱམས་མགོན་བླ་མའི་སྤྲུལ་སྐུ་ལ་དྭགས་སུ་འཁྲུངས་ནས་འདིར་མ་བྱོན་པའི་སྐབས། དམ་ཅན་སྒོ་མོའི་ཀ་ཁྲབ་ལ་བཀའ་བཀྱོན་མཛད་དེ། འགྲམ་ལྕག་གནང་བས་ཞལ་འབག་ལས་ཤངས་ཁྲག་བྱུང་བ་ད་ལྟའང་ཡོད། ཕྱིས་སྤྲུལ་སྐུ་ངོས་འཛིན་གནང་སྐབས་ཀྱང་གྲུབ་པའི་རྟགས་མཚན་ངོ་མཚར་ཆེ་བར་མཛད། དེ་ནས་གཞུང་དུ་རྡོ་རྗེ་སློབ་དཔོན་གྱི་གོ་སར་བྱོན། ང་གཅིག་ལ་རྗེ་མཁན་ཁྲི་བཅུ་གཅིག་པ་བཟུང༌། ལོ་ངོ་བདུན་གྱི་བར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང༌། ང་བརྒྱད་པར་མཁན་ཁྲི་ལས་གཞོལ། ང་དགུ་པ་ལྕགས་སྟག་༼༡༧༧༠༽ལོར་ཞི་བར་གཤེགས་སོ། །

བྱམས་སྤྲུལ་གསུམ་པ་འཇམ་དབྱངས་བསྟན་འཛིན་གྱི་རྣམ་ཐར།

༈ བྱམས་སྤྲུལ་གསུམ་པ་འཇམ་དབྱངས་བསྟན་འཛིན་ནམ་བདུད་འཇོམས་རྒྱལ་མཚན་དུ་གྲགས་པ་ནི། དགོན་ཨ་མོ་རི་མུའི་གདུང་རབས་སུ། རབ་བྱུང་བཅུ་བཞི་པའི་ལྕགས་ཡོས་༼༡༨༣༡༽ལོར་འཁྲུངས། མཁན་ཤེས་རབ་རྒྱལ་མཚན་དང༌། ཡོངས་འཛིན་པདྨ་བཟང་པོ་སོགས་ལས་བསླབ་ཚིགས་དང་སྨིན་གྲོལ་གདམས་པའི་གསན་བསམ་མཛད། དགུང་ལོ་ཉེར་བཞི་ལ་སྡེ་ཁྲིར་བྱོན་ནས་ཉེར་ལྔ་པ་ཤིང་ཡོས་༼༡༨༥༥༽ལོར་ཁྲི་ཐོག་ཏུ་གཤེགས་སོ། །དེ་ནས་བྱམས་སྤྲུལ་བཞི་པ་རྒྱལ་མཚན་ཞེས་པ་བྱོན་ཡང་སྐུ་ཚེ་མ་བརྟན་པར་མཁན་ཁྲི་མ་བཟུང༌། བྱམས་སྤྲུལ་ལྔ་པ་རྒྱ་མཚོ་བྱོན་ཀྱང་གདུལ་བྱའི་ལས་སྣང་གིས་ཞལ་ཕྱིར་ཕྱོགས་ཏེ་འགྲོ་དོན་མ་བྱུང་ངོ༌། །