འབར་འབྲུག་གི་སྐབས།

གཅུང་ངག་དབང་ཆོས་གྲགས་རྒྱ་མཚོའི་རྣམ་ཐར།

༈ ཡང་འབའ་ར་ཀུན་མཁྱེན་ངག་དབང་ཡེ་ཤེས་ཀྱི་གཅུང་ངག་དབང་ཆོས་གྲགས་རྒྱ་མཚོ་ནི། མང་ཡུལ་སྐྱིད་གྲོང་གྲྭར། ཆོས་རྗེ་ངག་དབང་ཡེ་ཤེས་ཀྱི་གཅུང་དུ། རབ་བྱུང་བཅུ་གཉིས་པའི་ཆུ་སྟག་༼༡༧༢༢༽ལོར་སྐུ་འཁྲུངས། མཚན་ངག་དབང་ཆོས་གྲགས་རྒྱ་མཚོར་གསོལ། ཆུང་ངུའི་སྐབས་ཁམ་བུ་སྒྲིལ་མ་དགོན་གྱི་ལོ་རྒྱུས་སོགས་སྔོན་གནས་རྗེས་དྲན་གྱི་གསུང་མང་དུ་གནང་བས། འབའ་རའི་སྐུ་སྤྲུལ་བཞི་པ་རིན་ཆེན་བསྟན་པའི་གསལ་བྱེད་ཀྱི་སྐུ་ཞང་གྲུབ་ཆེན་ངག་དབང་རྒྱལ་མཚན་གྱི་སྤྲུལ་སྐུར་གྲགས། ཀརྨ་པ་བྱང་ཆུབ་རྡོ་རྗེ་ལ་གཙུག་ཕུད་ཕུལ། མཚན་ཀརྨ་ཆོས་དབྱིངས་སུ་གནང༌། ཉེར་བདུན་ལ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་དྲུང་དུ། སྨད་འདུལ་གྱི་སྡོམ་རྒྱུན་ལྟར་བསྙེན་པར་རྫོགས། མཁན་པོ་དེ་ཉིད་ལས་སྡོམ་པ་ཉི་ཤུ་པ། བླ་མ་ལྔ་བཅུ་པ། བྱང་ཆུབ་ལམ་རིམ་བདེ་ལམ་གྱི་སྟེང་ནས་ཁྲིད་གསན། གཙོ་བོར་ཀུན་མཁྱེན་ངག་དབང་ཡེ་ཤེས་ལས། ཕྱག་ཆེན། ནཱ་རོ་ཆོས་དྲུག་སོགས་ཁྲིད་ཆེན་བརྒྱད་ཡོངས་རྫོགས་ཀྱི་སྨར་ཁྲིད། རི་ཆོས་སྐོར་གསུམ། ཐར་གྲུ་སྐོར་གསུམ་བཅས་སྨིན་གྲོལ་གྱི་ཆོས་ཐམས་ཅད་དང༌། ཁྱད་པར་ཡབ་རྗེའི་གཏེར་ཆོས་བླ་སྒྲུབ་ཕྱི་ནང་གསང་གསུམ། ཡི་དམ་གྱི་མངོན་རྟོགས། ཕྱག་ཆེན་ཆོས་དྲུག་གི་སྙིང་པོ་བསྡུས་པ། ལུང་བསྟན་ཞལ་གདམས་བཅས་པ་ཆ་ཚང་བར་ཐོབ་ཅིང༌། ཞབས་དྲུང་དུ་ཕལ་ཆེར་འབྲལ་མེད་ལྟ་བུར་བཞུགས་ནས་རང་ལུགས་འབར་ཆོས་གཙོ་བོར་གྱུར་པའི་གསར་སྙིང་རིས་མེད་ཀྱི་དབང་ཁྲིད་ལུང་གསུམ་ལ་སོགས་པ་སྨིན་གྲོལ་གདམས་པའི་བདུད་རྩིའི་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་གྱུར། ཀཿཐོག་པ་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ལ། དུས་འཁོར། བདེ་མཆོག །ཀློང་གསལ་མཁའ་འགྲོ་སྙིང་ཐིག །བྱང་གཏེར་རྡོ་རྗེ་ཕུར་པའི་དབང༌། དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་སོགས་དང༌། གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་ལ། གུར་དྲག་གི་དབང་བཞི། རྡོར་སེམས་ཐུགས་སྒྲུབ་སོགས་གསན། གཞན་ཡང་སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད། ཀུ་ཐང་གྲུབ་མཆོག་པདྨ་དབང་འདུས། གྲུབ་དབང་ཀརྨ་དཔལ་ལྡན་སོགས་མཁས་གྲུབ་ཀྱི་དམ་པ་མང་པོ་བསྟེན་ནས་གསར་རྙིང་གི་གདམས་པ་གྲངས་མེད་གསན་སྦྱངས་གནང༌། དགུང་ལོ་བཅོ་ལྔ་ཙམ་ནས་བཟུང་སྟེ། སྔོན་འགྲོ་བཞི་སྦྱོར་འབུམ་ཐེར་བཅས་པའི་བསགས་སྦྱོང་དང༌། བདེ་མཆོག་ལྷན་སྐྱེས།…

གྲུབ་དབང་ནམ་མཁའ་བསམ་གཏན་གྱི་རྣམ་ཐར།

༈ ཡང་འབའ་ར་ཀུན་མཁྱེན་ངག་དབང་ཡེ་ཤེས་ཀྱི་སློབ་མ་གྲུབ་དབང་ནམ་མཁའ་བསམ་གཏན་ནི། ཕ་དྲུག་གི་ཡུལ་སྟོད་སྒྲགས་ཀྱི་གྲོང་སྟོད་ཅེས་པར། མེས་ཀྱི་རིགས་སུ་འཁྲུངས། སློབ་དཔོན་སྔགས་འཆང་ཞལ་ངོ་ལྷུན་གྲུབ་ཅེས་པར་ལོ་དྲུག་གི་བར་དུ་བསྟན་ཏེ། གསོ་བ་རིག་པ་ལ་སྦྱངས། རྒྱུད་བཞི། མན་ངག་ལྷན་ཐབས། བྱེ་བ་རིང་བསྲེལ། གཡུ་ཐོག་སྙིང་ཐིག་གི་ལུང་དང་ཁྲིད། ལུས་ཐིག་གི་མན་ངག་ཕྱག་ལེན་བཅས་པ་གསན། འགྲོ་ཕན་ཡང་ལོ་བཞི་ཙམ་མཛད་རྗེས་འཁོར་བ་སྤངས་ནས་རྗེ་འབའ་ར་བ་ངག་དབང་ཡེ་ཤེས་ཀྱི་ཞབས་ལ་བཏུད། གདམས་པ་དང་རྗེས་སུ་གདམས་པ་མང་དུ་གསན་ཅིང༌། ལ་ལྡེབས་རྩ་ཕུག་ཅེས་པའི་རི་ཁྲོད་སོགས་སུ་ཡུན་རིང་སྒྲུབ་པ་ཉམས་སུ་བཞེས་པས་གྲོལ་བ་བརྙེས། ཀུན་སྤང་གི་བརྟུལ་ཞུགས་ལྷུར་བཞེས་ནས་འཁྲུལ་བ་རང་སར་ཞིག །སྨན་སྒོམ་ཆོས་རྗེ་དང་མཆེད་གྲོགས་ཡིན་ཞིང༌། དོགས་གཅོད་ཞུ་བ་སོགས་ཕན་ཚུན་གུས་བཀུར་ཆེ། ཕྱིས་སྒྲུབ་བརྒྱུད་པའི་བྱ་བཏང་གཙང་མའི་རྣམ་ཐར་འཁྱོངས་ཤིང་ཕོ་ཉའི་ལམ་གྱི་གདེང་ལྡན་རྣལ་འབྱོར་གྱི་དབང་ཕྱུག་འཁྲུལ་ཞིག་དམ་པ་འདི་ཁོ་ནར་ངེས་སོ་ཞེས་བྲག་དཀར་བ་ཆོས་ཀྱི་དབང་ཕྱུག་གི་གསུང་ལས་བཏུས་སོ།།  

སྨན་སྒོམ་ཆོས་རྗེ་ཀུན་དགའ་དཔལ་ལྡན་གྱི་རྣམ་ཐར།

༈ དེའི་སློབ་མ་སྨན་སྒོམ་ཆོས་རྗེ་ཀུན་དགའ་དཔལ་ལྡན་ནི། མང་ཡུལ་སྐྱིད་གྲོང་ནུབ་ལྷ་བར་བ་ཞེས་པར། ཡབ་ཚེ་རིང་རྡོ་རྗེ་དང༌། ཡུམ་པད་འཛིན་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་མེ་འབྲུག་༼༡༧༣༦༽ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར། ཟླ་བ་ཤར་རིའི་རྩེ་མོར་འཕགས་པ་དང་ལྷན་ཅིག་སྐུ་བལྟམས་པས། མཚན་ཡང་ཟླ་བ་ཕུན་ཚོགས་ཞེས་གསོལ། དགུང་ལོ་གསུམ་ཙམ་ན་ཡུམ་གཤེགས་པ་དང་དཔྱ་ཁྲལ་སོགས་ཀྱིས་མནར་བས་ཡབ་སྲས་རྣམས་ཤིན་ཏུ་འོ་བརྒྱལ་བར་གྱུར། ལོ་ལྔ་ནས་ཀློག་ལེགས་པར་ཤེས་ཏེ། ཁ་ཕོར་བཟུང་ཤེས་ཙམ་ནས་རང་གི་ཡུལ་དུ་བཀའ་འགྱུར་ཀློག་པར་འགྲོ་མྱོང་གསུངས། བདུན་པ་ལ་རིགས་བདག་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་ལས། ངོར་ལུགས་ཀྱེ་རྡོར་ལྷ་དགུ། ངན་སོང་སྦྱོང་རྒྱུད་སོགས་དབང་ལུང་ཐོབ། སྐབས་དེར་ཡབ་སྲས་གསུམ་ཀ་བསྟན་སྒོར་ཞུགས་ཏེ། དམ་པ་འདི་ཉིད་ལ་ཀུན་དགའ་དཔལ་ལྡན་ཞེས་མཚན་གསོལ། དགུ་པ་ལ་གྲྭ་བཀྲ་ཤིས་ཆོས་གླིང་དུ། རྗེ་བཙུན་ངག་དབང་ཡེ་ཤེས་ཀྱི་སྤྱན་སྔར་བྱོན་མ་ཐག་བླ་བྲང་དུ་བསྡད་ཆོག་པ་བྱུང་ཞིང༌། ལྟོ་གོས་ཆོས་གསུམ་གྱིས་བསྐྱངས་ཏེ་རྗེས་སུ་བཟུང༌། མངག་གཞུག་སོགས་ཞབས་ཏོག་གང་དགོས་བསྒྲུབས། བློ་འཛིན་ལ་ཤེས་རབ་ཆེ་བའི་གྲགས་པ་ཐོན། རྗེ་དེ་ལས་རིམ་གྱིས་བར་མ་རབ་བྱུང་དང༌། དབུ་མ་ལུགས་ཀྱི་སེམས་བསྐྱེད་མནོས། ཕྱིས་སུ་འཁོར་ལོ་སྡོམ་པ། རྡོ་རྗེ་ཕག་མོ། གཏུམ་མོའི་མེ་དབང་སོགས་དང༌། ཕྱག་ཆེན། ཆོས་དྲུག །ཞག་བདུན་མ། ཚེ་ཁྲིད་སོགས་ཟབ་ཁྲིད་དང༌། ཐར་གྲུ་སྐོར་གསུམ། རི་ཆོས་སྐོར་གསུམ། རྗེ་མི་ལའི་རྣམ་མགུར། སྐྱེས་མཆོག་ཆེན་པོའི་རྣམ་མགུར། བདེ་མཆོག་རྩ་རྒྱུད་ཀྱི་ལུང་སོགས་འབར་ལུགས་གཙོ་བོར་གྱུར་པའི་དབང་ཁྲིད་ལུང་རྒྱ་ཆེར་གསན། བཅུ་གསུམ་པར་ཀཿཐོག་ཚེ་དབང་ནོར་བུ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོ་མཛད་གྲུབ་རྗེས་སྐྱིད་གྲོང་གྲྭ་ཕུ་ཆོས་གླིང་དུ་བྱོན་སྐབས། ཚེ་དབང༌། སྤྱན་གཟིགས་རྗེས་གནང༌། བཛྲ། ཡིག་བརྒྱ།…

འཇམ་གླིང་ཀུན་མཁྱེན་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱི་རྣམ་ཐར།

༈ ཀུན་མཁྱེན་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོ་ནི། ཡབ་རྗེ་བློ་གྲོས་ཆོས་འཕེལ་དང་ཡུམ་བསོད་ནམས་བཟང་མོ་ཟུང་ལ་རྗེ་འདི་ཉིད་དང༌། རྒྱལ་སྲས་པདྨ་དབང་ཕྱུག །སྔགས་འཆང་ཤེས་རབ་འབྱུང་གནས། ངག་དབང་ཆོས་གྲགས་རྒྱ་མཚོ་སྟེ། རྒྱལ་བསྟན་གསལ་བར་བྱེད་ནུས་པའི་སྲས་བཞི་བྱུང་བའི་ཆེ་བར། རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་༼༡༧༠༠༽ལོར་སྐུ་བལྟམས། ཡབ་རྗེས་གུ་རུ་དྲག་པོའི་བྱིན་རླབས་དང་ཚེ་དབང་གནང༌། མཚན་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོ་ཞེས་གསོལ། ཡུལ་ལུགས་དང་བསྟུན་པའི་བཙས་སྟོན་མཛད། རྗེ་ནམ་མཁའ་རྡོ་རྗེའི་སྤྲུལ་པར་གྲགས་ཤིང༌། སྐྱེས་མཆོག་འབའ་ར་བ་དང་གཉིས་སུ་མེད་པར་དམ་པ་དུ་མས་བསྔགས། འབྲི་ཀློག །རྒྱ་ཡིག །ལྷ་བྲིས་སོགས་ལ་གསན་སྦྱང་ཆེར་མ་དགོས་པར་མཁས་པར་གྱུར། བརྒྱད་པ་ལ་ཡབ་རྗེ་ལས་སྐྱབས་འགྲོའི་སྡོམ་པ་ཞུས་ཏེ་བསྟན་པའི་སྒོར་ཞུགས། རྟ་མགྲིན་ཡང་གསང་གི་སྨིན་དབང་གསན། ཁྱད་པར་རང་ལུགས་འབར་ཆོས་ཐར་གྲུ་སྐོར་གསུམ་གྱིས་མཚོན་པའི་མདོ་སྔགས་གསར་སྙིང་རིས་མེད་ཀྱི་དབང་ཁྲིད་ལུང་གསུམ་གྱི་རྒྱུན་གང་བཞུགས་རིམ་བཞིན་གསན། རྗེ་ཁམ་ལུང་པ་པདྨ་རིག་འཛིན་དབང་ལས་སྔ་འགྱུར་གྱི་ཆོས་མང་དུ་གསན། མཁན་ཆེན་འཇམ་དབྱངས་བཀྲ་ཤིས་རྒྱ་མཚོའི་དྲུང་དུ། དགེ་ཚུལ་དང་བསྙེན་རྫོགས་རིམ་ཅན་དུ་བསྒྲུབས། དེ་ནས་གདན་ས་འཇམ་དཔལ་གླིང་པའི་ཁྲིར་མངའ་གསོལ། གྲྭ་བཙུན་རྣམས་ལ་བསླབ་ཚིགས་ཕོག་ཅིང་ཆོས་ཁྲིམས་སྡོམ་པར་མཛད་དེ། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་བཟང་པོ་ཚུགས། དེར་སྐུ་མཚམས་ཟླ་དགུ་མ་དང༌། བཀྲ་ཤིས་ཆོས་གླིང་དུ་ལོ་གསུམ་གྱི་ཐུགས་དམ་བཅད་རྒྱར་བཞུགས་ཤིང༌། ལྷག་མཐོང་གི་དགོངས་པ་མངོན་དུ་གྱུར་ཏེ་སྤྲོས་བྲལ་གྱི་རྩལ་རྫོགས། རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་སྐབས། ནང་མཆོད་ཀྱི་ཐོད་པ་ཕྱུར་བ་སོགས་སྒྲུབ་རྟགས་ངོ་མཚར་ཅན་མང༌། ཀཿཐོག་པ་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་སྐྱིད་གྲོང་དུ་བྱོན་པ་ལ་རྗེ་ཡང་དགོན་པའི་རི་ཆོས་སྐོར་གསུམ་གྱི་ལུང་རྒྱུན་གང་བཞུགས་ཕུལ། ཚུར་ཡང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་གསུམ་སོགས་ཆོས་བཀའ་མང་པོ་དང༌། ཁྱད་པར་ཐབ་ལམ་གསང་ཁྲིད་ཆིག་བརྒྱུད་མ་རྫོགས་པར་གནང་བ་གསན། སྤྱིར་ཆོས་གསན་པའི་བླ་མ་ཉི་ཤུ་རྩ་ལྔ་ཙམ་བཞུགས་པ་ལས། བཀའ་དྲིན་མཚུངས་པ་མེད་པའི་ཡོངས་འཛིན་རྣམ་གཉིས་ནི། ཡབ་རྗེ་ཁྱབ་བདག་བློ་གྲོས་ཆོས་འཕེལ་དང༌། ཀཿཐོག་རིག་འཛིན་ཆེན་པོ་ཟུང་ཡིན་ནོ། །གཙང་ནས་མི་དབང་ཆེན་པོ་ཕོ་ལྷ་ཐས་ཇིས་བཀའ་ལུང་བཞིན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིག་གསོས་མཛད་པ་ལེགས་པར་གྲུབ། ཕྱིས་སྐྱིད་གྲོང་རང་བྱོན་འཕགས་པའི་གཙུག་ལག་ཁང་ཡང་ཉམས་གསོ་གནང༌། ཡབ་རྗེ་བླ་མ་ཞི་བར་གཤེགས་རྗེས་དགོངས་རྫོགས་འགྲན་ཟླ་མེད་པ་བསྒྲུབས་ནས།…

འཇམ་དཔལ་གླིང་པ་བློ་གྲོས་ཆོས་འཕེལ་གྱི་རྣམ་ཐར།

༈ གྲྭ་འཇམ་དཔལ་གླིང་པ་བློ་གྲོས་ཆོས་འཕེལ་ནི། མང་ཡུལ་སྐྱིད་གྲོང་གྲྭ་ཞེས་བྱ་བར། སྔོན་ཆོས་རྒྱལ་མེས་དབོན་གྱི་གདུང་རྒྱུད་ལས་བྱུང་བའི་ཡབ་འཇམ་གླིང་རྒྱལ་ཚབ་སངས་རྒྱས་སེང་གེ་དང༌། ཡུམ་འོད་གསལ་རྒྱལ་མོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་༼༡༦༦༥༽ལོར་འཁྲུངས། ཡབ་ཀྱིས་མཚན་བློ་གྲོས་ཆོས་འཕེལ་ཞེས་གསོལ། ཡབ་ལས་ཆོས་སྐྱོང་ཕྱག་བཞི་པའི་རྗེས་གནང་སོགས་ཆོས་མང་པོ་གསན། མེས་པོ་སྔགས་འཆང་ནོར་བུ་བདེ་ཆེན་གྱི་དྲུང་དུ་ཀློག་ཡིག་བསླབས། དགུང་ལོ་བཅོ་ལྔ་ནས་བཟུང་ཡི་དམ་གྱི་ལྗགས་བསྙེན་མང་པོ་མཛད་པས། བསྙེན་རྟགས་རྒྱུད་ལས་གསུངས་པ་རྣམས་ཕལ་ཆེར་བྱུང༌། མཁས་མཆོག་བཤེས་གཉེན་རྣམ་རྒྱལ་གྱི་ཞབས་དྲུང་དུ་ལོ་ལྔ་ཙམ་བཞུགས་ཏེ། བཀའ་དྲིན་ཆེ་བའི་བླ་མར་གྱུར། དེ་ནས་ཡབ་མེས་ཀྱིས་འབར་ཆོས་ཉམས་བཞེས་མཛད་སྲོལ་ཡོད་པ་ལྟར། འབའ་རའི་སྤྲུལ་སྐུའི་སྙན་པ་གསན་ནས། འབའ་ར་བྲག་ཏུ་ཕེབས། ཤངས་དཀར་དུ་སྤྲུལ་སྐུ་རིན་ཆེན་བསྟན་པའི་གསལ་བྱེད་མཇལ། དད་པ་བཅོས་མ་མ་ཡིན་པ་ཐུགས་ལ་འཁྲུངས། དེར་སྨིན་གྲོལ་གྱི་ཆོས་སྤྱི་དང༌། ལྷག་པར་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། གཏུམ་མོ་ཞག་བདུན་མ། གཞུང་ཁྲིད་ཆེན་མོ་རྣམས་ལ་ཉམས་ཁྲིད་དུ་བསྐྱངས་པས། རས་ཐུབ་པ་བྱུང༌། ཐུན་བར་དུ་ཐར་གྲུ་སྐོར་གསུམ་གྱི་ལུང་ཆ་ཚང་གསན། ཟླ་བ་བདུན་གྱི་བར་དུ་བཞུགས་ནས་དབུས་སུ་བྱོན། ཨོ་རྒྱན་སྨིན་གྲོལ་གླིང་དུ་གཏེར་ཆེན་རིག་འཛིན་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་ལས་རྩ་གསུམ་རིག་འཛིན་ཐུགས་ཐིག་སོགས་མང་དུ་གསན། དབུས་གནས་རྣམས་སྐོར་ནས་སླར་འབའ་ར་བྲག་ཏུ་མཆོག་སྤྲུལ་རིན་པོ་ཆེར་ཚེ་ཁྲིད་ཟླ་ཆོས་སུ་གསན། རིམ་གྱིས་རང་དགོན་དུ་ཕེབས། དེར་བསྙེན་མཚམས་དང་བར་སྐབས་སུ་གདུལ་བྱ་མཐའ་དག་ལའང་གང་འཚམས་དམ་པ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད། སླར་འབའ་རར་ཕེབས་ཏེ། མཆོག་སྤྲུལ་གཤེགས་པའི་དགོངས་རྫོགས་སྒྲུབ་པ་དང༌། སྤྲུལ་སྐུའི་གཅུང་འཇམ་དཔལ་བསྟན་པ་བླ་མའི་རྒྱལ་ཚབ་ཏུ་མངའ་གསོལ། དབང་ཁྲིད་ལུང་རྒྱུན་གང་བཞུགས་ཡོངས་སུ་རྫོགས་པ་མཛད། འབར་པོ་ཆེའི་བྲག་གསེང་ཞིག་ནས་སྐྱེས་མཆོག་འབའ་ར་བས་སྦས་པའི་བླ་སྒྲུབ་ཕྱི་ནང་གསང་གསུམ། ཕྱག་རྒྱ་ཆེན་པོ་དང་ཆོས་དྲུག་གི་སྙིང་པོ། མ་འོངས་ལུང་བསྟན་དང་བཅས་པའི་ཤོག་དྲིལ་ཟབ་གཏེར་དུ་བཞེས། གཏེར་ལུང་བཞིན་སྐུ་རྟེན་དཀར་ཆས་སུ་བསྒྱུར། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྔོན་ཆད་མང་ཡུལ་གྱི་ཕྱོགས་འདིར་ཐོར་བུ་ལས་ཕྱོགས་གཅིག་ཏུ་བཞུགས་པ་མི་སྣང་བ་ལ་ཕྱོགས་ཕྱོགས་ཞབས་བསྐྱོད་དེ་ཕྱི་མོ་འཚོལ་བར་མཛད་ནས་བཞེངས་པ་རྣམས་གེགས་མེད་དུ་གྲུབ། འཇམ་དཔལ་གླིང་གི་ལྷ་ཁང་བརྟེན་དང་བཅས་པ་གསར་བཞེངས་མཛད། ནུབ་དགོན་པ་རྗེ་བླ་མ་པདྨ་རིག་འཛིན་དབང་གི་རྒྱལ་པོ་ལ་སྔ་འགྱུར་བཀའ་མ་འདུས་པ་མདོ་དབང་ཆེན་མོ་ཟུར་ལུགས། བྱང་གཏེར་ཐུགས་རྗེ་ཆེན་པོ་སོགས་ཕར་གནང་ཞིང༌།…