བཀའ་བརྒྱུད་གོང་མའི་སྐབས།

སྤ་རི་བ་ཡེ་ཤེས་མགོན་པོའི་རྣམ་ཐར།

༈ སྤ་རི་བ་ཡེ་ཤེས་མགོན་པོ་ནི། དང་པོར་བླ་མ་ཞང་གི་མཆོད་གཤོམ་པ་ཡིན། ཞང་གིས་ཆོས་རྗེ་ལ་ཆོས་སྐྱོང་གི་དབང་གནང་བའི་དུས། འདི་ངའི་ཟླ་ལ་བྱུང་ན་དགོངས། ཁོང་ཡང་བླ་མ་འདིའི་ཕྱག་ཕྱི་ལ་འགྲོ་རྒྱུ་བྱུང་ན་བསམ་པ་ཞང་གིས་མཁྱེན་ནས། ཡེ་ཤེས་མགོན་པོ་རང་རྒྱ་རས་པའི་ཕྱི་ལ་རྒྱུགས་གསུང་གནང་བ་སྦྱིན་པས། ཆོས་སྐྱོང་ཡང་རྒྱ་རས་པའི་ཕྱི་ལ་འབྲངས་སོ་ཟེར་བར་གྲགས། ཆོས་རྗེ་ལ་གདམས་པ་ཞུས་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས། སྐུ་ཡོན་ཆེ་བས་མཁྱེན་པའི་མངའ་བདག་ཅེས་ཐོགས། ལོ་རས་ཀྱི་དབོན་ཙ་རི་རས་ཆེན་སོགས་ཀྱིས་ཀྱང་ཆུང་ངུའི་གསན་སྦྱང་དེར་མཛད། སྤ་རི་བྱང་ཆུབ་གླིང་དགོན་བཏབ། དེ་ལས་གྱེས་པའི་དགོན་ལག་ཀྱང་ཆུ་བོ་རི་ལ་ཁ་ཤར་སོགས་མང་དུ་མཆེད། དེའི་སློབ་མའི་མཆོག་རྗེ་དགོན་གསར་བ་ཞེས་པ་ཡེ་ཤེས་མགོན་པོའི་ཞལ་གཟིགས་ཤིང་གྲུབ་རྟགས་མང་དུ་ཡོད་པ་ཞིག་བྱོན། དེའི་དགོན་པའང་སྤ་རིའི་ཉེ་ལོགས་ན་ཡོད་དོ། །

འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་རྣམ་ཐར།

༈ འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ནི། མདོ་ཁམས་ལྡན་སྟོད་གཙོང་དུ་ཞེས་པར། འབྲུག་རྒྱལ་སྐྱུ་རུའི་གདུང༌། རྙིང་མའི་སྔགས་འཆང་ཟམ་མ་ཆད་པའི་བརྒྱུད་པར། ཡབ་རྡོ་རྗེ་དང༌། ཡུམ་མཁའ་འགྲོ་བཙུན་མ་ཞེས་བྱ་བའི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཕག་༼༡༡༤༣༽ལོར་འཁྲུངས། གཞོན་དུས་ནས་སྙིང་རྗེ་ཆེན་པོ་མངའ་ཞིང་ཡབ་ཆོས་ཕལ་ཆེར་མཁྱེན། ཕག་མོ་གྲུའི་སྙན་པ་གསན་པས་དཔེ་མེད་པའི་དད་པ་འཁྲུངས་ཏེ། ཟླ་བ་ཤར་བ་ན་ཡ་གིས་ངའི་བླ་མ་དེ་མཐོང་བ་རེ་དགའ་སྙམ་པའང་བྱུང༌། དེ་ནས་དབུས་གཙང་དུ་བྱོན། འགྲོ་མགོན་གྱི་ཞབས་དྲུང་དུ་ཕེབས་ནས་ཟླ་བ་སུམ་ཅུ་རྩ་གཉིས་བསྟེན། དེའི་ཚེ་རྟེན་དགེ་བསྙེན། ན་བཟའ་ར་ཐུལ་ཞིག་བཞེས་པས་དགེ་བསྙེན་ར་ཐུལ་ཅན་ཞེས་གྲགས་ལ། བླ་མའང་མཉེས། ཁྱོད་ལ་སྒོམ་ཆེན་བཟང་པོ་ཞིག་འོང༌། སྒོམ་ཆེན་ཙམ་ལ་བཟང་བ་ཞིག་འོང་ཞེས་ལུང་བསྟན། འགྲོ་མགོན་གཤེགས་ནས་ཨེ་ཆུང་ཕུག་པར་ཐུགས་དམ་ལ་བཞུགས་པས་གློ་བུར་དུ་སྙུན་མཛེ་དྲག་པོ་ཞིག་བྱུང༌། རྫ་གསེབ་ཏུ་བཞུགས་ཏེ་རོ་སུས་ཀྱང་མི་མཐོང་བ་ཞིག་བྱ་སྙམ་ནས་བྱོན་པར་ཆས། ཡི་དམ་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཡོད་པ་ལ་ཕྱི་ཕྱག་བགྱིས། སྐུ་ཤེད་ཆུང་བས་ཁ་བུབ་ཏུ་ཅུང་ཞིག་ལུས་པ་ན༑ དང་པོར་རང་གི་སྡུག་བསྔལ་བསམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམས་པས་སྙིང་རྗེ་ཆེན་པོ་བཟོད་གླགས་མེད་པ་ཞིག་འཁྲུངས། ས་ཐམས་ཅད་སྤྱན་ཆབ་ཀྱིས་བངས། ཀླུ་གདོན་དེ་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་སོང་བ་གཟིགས། སྒོམ་རོ་གཅིག་གི་རྟོགས་པ་ཐུགས་ལ་འཁྲུངས་པས། ཞག་གསུམ་དྲོ་བཞིའི་ནངས་པར་ན། །མི་ཁོ་བོའི་ལས་ངན་རང་སར་དག །ཅེས་གསུངས། དེ་ལྟར་གྲུབ་པ་བརྙེས་པའི་སྙན་པས་འུར་བསླངས། གཞན་གྱིས་སྟོན་མོ་བྱེད་པའི་གྲལ་དབུ་ལ་སྤྱན་དྲངས་པའི་ཚེ་ཞིག །ཐོད་པ་བསམ་གྲུབ་ཀྱི་སྲས་མོ་ནམ་མཁའ་རྒྱན་གྱིས་སྐུ་མདུན་དུ་གཅེར་བརྒྱུགས་བྱས་པས། ང་རྟེན་དགེ་བསྙེན་དུ་སོང་བས་བརྙས་པ་ཡིན། ཅིས་ཀྱང་རབ་ཏུ་བྱུང་དགོས་འདུག་དགོངས་ནས། སོ་ལྔ་པ་ལ་ཕག་མོ་གྲུར་ཞང་སུམ་ཐོག་པས་མཁན་པོ། ཙི་ལུང་སློབ་དཔོན། གཉན་པ་འདུལ་འཛིན་གྱིས་གསང་སྟོན་བྱས་ཏེ་ཆིག་རྫོགས་མཛད། མཚན་རིན་ཆེན་དཔལ། གཉལ་པ་འདུལ་འཛིན་ལ་མདོ་རྩ་ལེགས་པར་བསླབས། འགྲོ་མགོན་གཤེགས་རྗེས་སུ་བླ་མ་ཞང་གིས་གྲལ་གོང་དུ་བཞུགས།…

སྟག་ལུང་ཐང་པ་བཀྲིས་དཔལ་གྱི་རྣམ་ཐར།

༈ སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ནི། མདོ་ཁམས་གཡང་ཤོད་བོང་ར་སྟེང་དུ། ཡབ་བན་བློན་འབར་པོ་དང༌། ཡུམ་དགེ་སུམ་ཁྲོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ཁྱི་༼༡༡༤༢༽ལོར་འཁྲུངས། བཅོ་བརྒྱད་བཞེས་པའི་ཚེ། ཐང་སྐྱ་ལྷ་ཁང་དུ་བླ་སྒང་པའི་སར་བྲོས། མཁན་པོ་བླ་སྒང་པ་ཤེས་རབ་རྡོ་རྗེ་ལས་རབ་ཏུ་བྱུང༌། མཚན་བཀྲ་ཤིས་དཔལ་གསོལ། མཁན་པོ་ལས་ཀ་རི་ཀཱ། དགེ་བཤེས་བྲག་དགོན་པ་ལ་འགྲེལ་ཆུང༌། སྤྱོད་འཇུག །བསླབ་བཏུས། ལམ་སྒྲོན་སོགས་གསན། རྒྱ་གར་རང་ལ་འགྲོ་དགོངས་ཀྱང་ཟླ་བོ་དང་བདས་བསྙགས་ཀྱིས་ཟིན་ནས་མ་ཐོན། དེ་ནས་ཕག་གྲུའི་སྙན་པ་གསན་ནས་འབྱོན་པར་དམ་བཅས་པའི་དུས། མནལ་ལམ་དུ་སྐས་རིང་ཤིག་ལ་འཛེགས་ནས་བྱོན་པས་ཐོག་ཁར་མ་ཐོན་ཙ་ན། མི་དཀར་པོ་ཆེན་པོ་ཞིག་གིས་ཕྱག་ནས་བཟུང་ནས་ངས་མ་འཐེན་ན་མི་ཐོན་ཟེར་བ་ཞིག་རྨིས། ཕྱིས་རྗེ་ཕག་གྲུའི་གསུང་ན། དེ་ཁོ་བོ་ཡིན་གསུང༌། ཉེར་བཞི་ལ་ཕག་མོ་གྲུར་ཕེབས། ལོ་དྲུག་ཕག་མོ་གྲུར་བཞུགས། ཉེ་གནས་མཛད། བླ་མའི་ཐུགས་སུ་བྱོན། ཆོས་གསུངས་པ་ཐམས་ཅད་མ་བརྗེད་པར་ཡི་གེར་བཏབ། གདམས་ངག་ཆེ། དཔལ་ཕག་མོ་གྲུ་པ་གཤེགས་ནས་ཟླ་བ་གཅིག་ནས་མལ་གྲོར་འཆད་ཀ་བ་ལ་ཆོས་གསན། དེ་ནས་སླར་ཕག་མོ་གྲུའི་གདུང་རྟེན་གཙུག་ལག་ཁང་བཞེངས་ལ་བྱོན། དེ་ནས་སོ་གཅིག་པར་ཞང་ཤོམ་ར་པ་ལ་མཁན་པོ་ཞུས་ཏེ། བསྙེན་པར་རྫོགས། སྟག་ལུང་ས་འདི་འགྲོ་མགོན་རིན་པོ་ཆེས་དྲུག་ཅུ་བཞེས་པ་ས་མོ་གླང་གི་ལོ་སྐུ་ལུས་ཀྱི་བཀོད་པ་བཅུ་གཉིས་མཛད་པའི་ཚེ་སྐུ་ལུས་ཀྱི་བཀོད་པ་གཅིག་གིས་ཐང་པ་ལ། ཁྱོད་ཀྱི་ཕྲིན་ལས་རྒྱས་པའི་ས་ཞིག་ཉི་མ་བྱང་ཕྱོགས་ཕ་གི་ན་འདུག །རབ་ཁྱོད་ཁམས་སུ་འགྲོ་ཐང་པ་ཡིན་པས་ཐེངས་གཅིག་སོང༌། དེའི་རྗེས་སུ་སྔོན་ལས་ཀྱིས་བསྐོས་པའི་གནས་དེ་དང་འཕྲད་ཅིང༌། དེར་ཕྲིན་ལས་རྒྱས་པ་ཡིན། དེའང་ས་དེ་ཤིན་ཏུ་རྩུབ་ཅིང་མི་ལས་གྱུར་པའི་འདྲེ་ཞིག་གིས་སྣ་དྲངས་པའི་ལྷ་འདྲེ་གདུག་པ་ཅན་དཔག་ཏུ་མེད་པ་གནས་པ་སུས་ཀྱང་མི་ཟིན་པ་ཡིན་པ་ལ། ཁོ་བོས་ཐམས་ཅད་ཞབས་ཀྱིས་བཅགས། ལྷ་འདྲེ་ཐམས་ཅད་བཏུལ། བྱམས་པའི་ལས་དང་ལྡན་པར་བྱས་ཡོད་པས། ད་ཁྱོད་ཀྱིས་ཟིན་པ་ཡིན་གསུངས།…

དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་རྣམ་ཐར།

༈ དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ནི། ཁམས་འབྲི་རྒྱུད་རྨེ་ཤོད་དུ། ཡབ་ཨ་དར་དང༌། ཡུམ་བཙུན་ནེ་བྱ་བའི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག་༼༡༡༡༠༽ལོར་འཁྲུངས། དགུང་ལོ་དགུ་ན་བྱ་ཁྱི་ལྷ་ཁང་དུ་མཁན་པོ་ཚུལ་ཁྲིམས་མིང་ཅན་དང༌། སློབ་དཔོན་འོད་ཟེར་རྒྱལ་མཚན་གཉིས་ལ་རབ་ཏུ་བྱུང༌། ཁམས་སུ་བླ་མ་བཅུ་དྲུག་ཙམ་བསྟེན། དེ་ནས་དབུས་སུ་བྱོན་ནས་སྟོད་ལུང་རྒྱ་དམར་བ། ཕྱྭ་པ་ཆོས་སེང༌། དཔལ་ཆེན་རྒྭ་ལོ། བྱ་ཡུལ་བ་ཆེན་པོ། བྱང་སེམས་ཟླ་རྒྱལ་སོགས་བླ་མ་མང་པོ་ལ་ཆོས་གསན། མ་ཅིག་ཞ་མ་སོགས་སྐྱེ་དམན་གྱི་བླ་མ་རང་ཡང་བཅུ་གསུམ་ཙམ་བསྟེན། ལར་གདམས་ངག་ཆེ་ཟེར་ཚད་ལ་གཏུགས། ཁྱད་པར་ས་ཆེན་ཀུན་དགའ་སྙིང་པོ་ལ་ལམ་འབྲས་ཞུས་ནས་བསྒོམས་པས་ཉམས་བཟང་པོ་བྱུང་བ་ལ་ས་ཆེན་གྱིས་མཐོང་ལམ་དུ་ངོ་སྤྲད། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་གང་ཡིན་དེ་སྤང་དགོས་པར་འདུག་དགོངས་པ་ཐུགས་ལ་འཁྲུངས་ནས། བླ་མ་ཀུན་ལ་དྲིས་ཀྱང་ཐུགས་ལ་བབ་པའི་ལན་མ་བྱུང་བས། སྒམ་པོར་བྱོན་ནས། བླ་མ་རིན་པོ་ཆེ། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་གང་ལགས་ཞུས་པས། དྭགས་པོས་ཐ་མལ་གྱི་ཤེས་པ་ངོ་མ་ཤེས་པས་ཡིན་མོད་གསུངས། དེ་རང་གིས་ངེས་ཤེས་གཏིང་ནས་སྐྱེས་ཏེ་ཁྲིད་ཞུས་པ་ན། ཕྱག་རྒྱ་ཆེན་པོའི་གནས་ལུགས་ཀྱི་དོན་ཇི་ལྟ་བ་རྟོགས་ནས་ངོ་ཤེས་འཕྲད་པ་ལྟར་གྱུར་པས། སྔར་གྱི་བླ་མ་ཚོ་ཅི་རེད་ན་བྱ་བ་ལན་འགའ་གསུང་ཤོར། དེ་ནས་སྒམ་པོ་བ་ལ་མངའ་བའི་དབང་ཁྲིད་མན་ངག་ཐམས་ཅད་ཞུས་ནས། སྐུ་མ་གཤེགས་བར་དྲུང་དུ་བཞུགས། དེ་རྗེས་ཀྱང་སྒམ་ཚུལ་གྱི་ཞབས་ཕྱིར་ལོ་གཅིག་བཞུགས་ནས་ཕག་མོ་གྲུར་བྱོན་ཏེ་འཇག་སྤྱིལ་ཙམ་གྱི་བཞུགས་གནས་ལ་བརྟེན་ནས་གདན་ཆགས་པས། མཚན་དངོས་རྡོ་རྗེ་རྒྱལ་པོ་ཡིན་ཡང༌། ཕག་མོ་གྲུ་པ་དང༌། མཐའ་རྩ་པར་གྲགས། ཞེ་དགུ་ནས་རེ་གཅིག་གི་བར་འགྲོ་དོན་མཛད་པས། འཁོར་བསམ་གྱིས་མི་ཁྱབ་པ་འདུས་ཏེ། ཚོགས་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་ཟེར་བ་བྱུང་ཞིང༌། བཞུགས་གནས་ལའང་མཐའ་རྩ་ཀུན་བཟང་ནགས་ཚལ་ཞེས་གྲགས་ལ། མི་རྣམས་ཀྱིས་འོག་མིན་གྱི་ཞིང་བྱས་ཀྱང་ནགས་ཚལ་འདི་ཁ་དང༌། སྟོན་པ་རྡོ་རྗེ་འཆང་བྱས་ཀྱང་བདེ་གཤེགས་ཕག་གྲུ། ས་བཅུའི་བྱང་སེམས་གྱི་འཁོར་བྱས་ཀྱང་ད་ལྟའི་རབ་བྱུང་གི་འདུས་འཁོར་འདི་རྣམས་ལས་ལོགས་སུ་ཅི་ཡོད་ཅེས་གྲགས་སོ། །དེ་ནས་དྲུག་ཅུ་བཞེས་པ་ན། སྐུའི་བཀོད་པ་བཅུ་གཉིས་སྤྲུལ་ནས་གཅིག་གིས་སྟག་ལུང་ཐང་པའི་བཞུགས་ཡུལ་བྱིན་གྱིས་བརླབས་པ་སོགས་མཛད། དེ་ནས་སྐུ་འདའ་ཁར་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡིན་པ་དང༌།…

ཙ་རི་པ་སྐྱེ་བོ་ཡེ་ཤེས་རྡོ་རྗེའི་རྣམ་ཐར།

༈ ཆོས་རྗེ་སྒམ་པོ་བའི་སློབ་མ་སྐྱེ་བོ་ཡེ་ཤེས་རྡོ་རྗེ་ནི། རྫ་མཁན་ལས་རབ་ཏུ་བྱུང༌། རྗེ་དྭགས་པོའི་དྲུང་དུ་དབང་ཁྲིད་རྣམས་རྫོགས་པར་ཞུས་ནས། རིང་པོར་མ་ཐོགས་པར་གྲུབ་པ་བརྙེས། སྔོན་གྱི་ལས་དང་སྨོན་ལམ་ལ་བརྟེན་ནས། རྗེ་ཟླ་འོད་གཞོན་ནུས་ཟངས་ལུང་དུ་རྗེའི་ཞྭ་གོས་རྣམས་གནང་ནས། ཙ་རིའི་གནས་སྒོ་འབྱེད་པར་ལུང་བསྟན། དེ་བཞིན་ཙ་རི་ཌཱ་ཀི་ཡེ་ཤེས་ཀྱི་འཁོར་ལོའི་སྒོ་ཕྱེས་པས་གཟིགས་སྣང་དཔག་མེད་བྱུང༌། བླ་མ་མོས་གུས། གནས་ཀྱི་ཆེ་བ། མཁའ་འགྲོ་ལ་གཏང་རག །རང་ཉིད་ཀྱི་འདོད་དོན་གྲུབ་པ་སོགས་ཀྱི་མགུར་ངོ་མཚར་ཅན་འགའ་ཞིག་མཛད། དེ་ནས་བཟུང་དེང་སང་གི་བར་དུ་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་མྱུ་གུ་སྐྱེ་བའི་ཞིང་དང༌། དཀར་བརྒྱུད་ཀྱི་སྒོམ་ཆེན་བརྒྱ་སྟོང་མང་པོའི་ཉམས་རྟོགས་ཀྱི་རྩལ་ཆེན་རྫོགས་པའི་སྒྲུབ་གནས་སུ་གྱུར་པའི་ཕྱིར། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཙ་རི་བ། །ཞེས་བསྔགས་ཤིང༌། རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་ཡང་དམ་པ་འདི་དང་ངོ་བོ་དབྱེར་མེད་པར་གསུངས་སོ། །སློབ་མ་མགར་དམ་པ་དང་རྒྱ་སྟོན་བཟང་པོ་སོགས་མང་དུ་བྱོན་ནས་འགྲོ་དོན་ཆེའོ།།       ༈ སྐྱེ་བོ་ཡེ་ཤེས་རྡོ་རྗེའི་སྐུ་སྐྱེར་གྲགས་པ་ཀཱ་ལ་དུང་མཚོ་རས་པ་ནི། ཡར་ཀླུང་གཅེན་པ་སའི་གཡག་མཁར་སྔོན་པོར། ཡབ་ཞང་སྒོམ་འབྱུང་གནས་འོད། ཡུམ་ཁུ་མོ་ཁྱེ་འདྲེན་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་གདན་ས་ཐེལ་དུ་སྤྱན་སྔ་གསེར་ཐོགས་པའི་དྲུང་ནས། སྐྲ་བཞར། ཆོས་ཞུས། ཤེས་རབ་རྒྱལ་མཚན་ཞེས་མིང་གནང༌། དེ་ནས་འབྲུག་པའི་སྒོམ་ཆེན་བཟང་པོ་ཞིག་ཡུལ་ན་བཞུགས་པ་དང༌། ལྷ་སྒོམ་གཉིས་ཀྱི་ཞབས་ལ་གཏུགས། རིན་པོ་ཆེ་རྡོར་བློ་བ་ལ་བསྙེན་པར་རྫོགས་ནས་མཚན་རིན་ཆེན་བཟང་པོར་བཏགས། ཁ་རག་ལྷ་མཚོར་འཁྲུལ་ཞིག་ཁམས་པའི་དྲུང་དུ་དཀའ་ཐུབ་མང་པོ་ཞུས། བ་ཡུལ་གཡུ་མཚོར་སོང་ཞིག །དེར་དོན་འགྲུབ་པར་ལུང་བསྟན། དེ་ལ་ཉན་ནས་བ་ཡུལ་གཡུ་མཚོར་བྱོན། དེར་དེའུ་ཞིག་གི་ཁ་ན་སྤྱིལ་པོ་འདུག་པར་དཀའ་ཐུབ་ལ་བརྟེན་ནས་སྒྲུབ་པ་བྱས། ཆོ་འཕྲུལ་ཡང་ཆེ་བར་བྱུང༌། སྤྱིལ་པོ་དེ་ཉིད་ཀྱི་འོག་གཏིང་རིང་པོ་མ་ཡིན་པ་ཞིག་ནས། དང་པོར་སོལ་བ་ཐོར་གྱིས་བྱུང༌། དེ་ནས་བྲུས་པས་ལ་ཅའི་འབོལ་དོ་ཞིག་བྱུང༌། དེ་བཅག་ནས་བལྟས་པས།…