བཀའ་བརྒྱུད་གོང་མའི་སྐབས།

དམ་པ་གསུམ་ལས་དམ་པ་ཀོ་བྲག་པའི་རྣམ་ཐར།

༈ དམ་པ་གསུམ་ལས། ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ནི། ཡུལ་དིང་རིར། ཡབ་གཙོ་བོ་རྒྱལ་གཡུང་དང་ཡུམ་སྟོད་མོ་རྗེ་མ་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་༼༡༡༨༢༽ལོར་འཁྲུངས། འབྲི་ཀློག་རྩོལ་མེད་དུ་མཁྱེན། སེ་མིག་པ་ལ་དགེ་བསྙེན་མཛད། པཎ་ཆེན་ཤཱཀྱ་ཤྲཱི་ལ་བློ་སྦྱོང་སོགས་གསན། གྱམ་དུ་བླ་མ་རྡོ་རྗེ་དཔལ་བ་ལ་རིག་འཛིན་བཅུ། རྫོགས་ཆེན་དམར་ཁྲིད་ལ་སོགས་ཆོས་མང་དུ་གསན། རྒྱ་ཕུག་ཇོ་སྲས་ལའང་རྫོགས་ཆེན་ལ་སོགས་གསན། གྱང་རིམ་དང་ཀོང་མོའི་རི་ལ་མཚམས་མཛད་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། པཎ་ཆེན་རཏྣ་རཀྵི་ཏ་ལ་བདེ་མཆོག་གི་དབང་གསན། དེ་ནས་ལ་ཕྱི་སོགས་སུ་བཞུགས། ཆོས་རྗེ་སྐོས་ལ་མཁན་པོ། ཕྱ་རུ་འདུལ་འཛིན་ལ་སློབ་དཔོན། སློབ་དཔོན་ལོ་ལ་གསང་སྟོན་ཞུས་ནས་ཉེར་དགུ་ལ་དགེ་སློང་ཆིག་རྫོགས་མཛད། མཚན་བསོད་ནམས་རྒྱལ་མཚན་དུ་གསོལ། དེ་ནས་ཏི་སེར་བྱོན་ལོ་ལྔ་བཞུགས། ཇི་ལྟ་བ་དང་ཇི་སྙེད་པའི་མངོན་སུམ་གྱི་ཡེ་ཤེས་བརྙེས། ཁྱད་པར་རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས། མ་ཕམ་གྱི་ཀླུས་ཆུའི་དངོས་གྲུབ་ཕུལ། ཕྱིས་མྱང་སྟོད་ཀོ་བྲག་གི་དགོན་པ་བཏབ་པས་ས་སྐམ་པོ་ལ་ཆུ་མིག་བརྡོལ། ཀོ་བྲག་པ་ཞེས་ཀྱང་གྲགས། འདི་ལ་ནི་སྒྲུབ་པ་པོ་དང་མཁས་པའི་མཆོག་ཐམས་ཅད་ཀྱིས་ཀྱང་ཞབས་ལ་གཏུགས། ཆོས་ལའང་འདི་མི་མཁྱེན་བྱ་བ་མེད། བལ་པོ་ནས་བི་བྷུ་ཏི་ཙནྡྲ་དིང་རིར་སྤྱན་དྲངས། ཁོང་ལ་ཤ་བ་རི་དབང་ཕྱུག་གིས་གནང་བའི་སྦྱོར་བ་ཡན་ལག་དྲུག་གི་གདམས་ངག་གསན། པཎྜི་ཏས་ཀྱང་ཚུར་ཆོས་ཞུས། འགྲོ་བའི་དོན་རྒྱུན་མི་འཆད་པ་དང་རྒྱ་ཆེ་བ་གཉིས་མཛད་ནས། བརྒྱད་ཅུ་པ་ལྕགས་མོ་བྱ་༼༡༢༦༡༽ ལོར་ཞི་བར་གཤེགས་སོ། །སློབ་མ་ནི། དཔལ་ཡང་དགོན་པ། དེའི་གཅེན་པོ་རིན་པོ་ཆེ་རྒྱལ་མཚན་པ། རིན་པོ་ཆེ་ལྷ་གདོང་པ། རིན་པོ་ཆེ་བར་འབྲོག་པ་སོགས་ཤིན་ཏུ་མང་ངོ༌། །ལྷོ་རོང་ཆོས་འབྱུང་ལས། ཆོས་རྗེ་གཙང་པ་དང༌། མ་གཅིག་ཞ་མ་ལས་ཀྱང་གདམས་པ་གསན་ནས་རྩོད་པ་མེད་པའི་གྲུབ་ཐོབ་ཏུ་གྱུར་ཏེ། རྡོ་རྗེ་ལུས་ཀྱི་གནས་ལུགས་གཟིགས་པས་གེགས་སེལ་མཁས་པའི་མཆོག་ཏུ་གྲགས་ཞེས་གསུངས་པས། གོང་དུ་དེབ་སྔོན་ལས་རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་ཞེས་གསུངས་པ་དང་འགྲིགས་ཤིང༌།…

རྣལ་འབྱོར་གསུམ་ལས་རླུང་ཇོ་ཡེས་ཀྱི་རྣམ་ཐར།

ཇོ་ཡེས། དགའ་ཡེས། བདེ་ཡེས་ཏེ་རྣལ་འབྱོར་གསུམ་ལས། རླུང་ཇོ་ཡེས་ནི། ཆོས་རྗེས་ཧ་བོ་གངས་སུ་རོ་སྙོམས་སྐོར་དྲུག་གི་ཆོས་སྒོ་ཐོག་མར་ཕྱེ་བའི་ཚེ་སློབ་མའི་གཙོ་བོ་དང༌། མགོན་པོའི་སྒྲུབ་ཐབས་རྣམས་ཀྱི་སྐུལ་བ་པོ་དང༌། ཆོས་རྗེའི་བཀའི་སྡུད་པ་པོ་ཡིན་པས་གདམས་ངག་ཆེ། ཚེ་བློས་བཏང་གིས་རི་ཁྲོད་འགྲིམ་ཞིང་རླུང་སེམས་ལ་དབང་འབྱོར། སྣང་བ་བདེན་མེད་དུ་རྟོགས་པས་རྫུ་འཕྲུལ་ལ་མངའ་བརྙེས། ཁོང་ལ་སྐྱི་སྟོན་དང༌། དབྱར་རས་སོགས་སློབ་མ་མང༌། གྲར་དགའ་ལྡན་བཏབ་བོ། །

འབྲས་མོ་བ་སངས་རྒྟས་འབུམ་གྱི་རྣམ་ཐར།

༈ འབྲས་མོ་བ་སངས་རྒྱས་འབུམ་ནི། ཡུལ་ཉིང་རོ་བ། ཆོས་རྗེའི་གསུང་ལ་འདྲིས་པ་ཆེ། རྗེའི་རྣམ་ཐར་ཡང་མཛད། ཉམས་བཞེས་དགེ་སྦྱོར་བདུན་པ་ལ་རྩལ་དུ་བཏོན། ཉང་སྟོད་ན་འབྲས་མོ་དགོན་པ་བཏབ། སློབ་མ་འཁོན་སྒོམ་ལ་སོགས་པ་མང༌། དེ་བཞི་ནས་བརྒྱུད་པ་ལ་བུ་ཆེན་བརྒྱུད་པར་གྲགས་སོ། །

བརྒྱ་ཡགས་པའི་རྣམ་ཐར།

༈ བརྒྱ་ཡག་པ་ནི། ཡུལ་གྲ་པ་ཡིན། ཆོས་རྗེ་ལ་འབུལ་བ་མཛད་པའི་དུས་སློབ་མ་གཏོས་ཆེ་བ་ཡོད་པས་བཙུན་ཆུང་ན་མཉམ་བརྒྱ་ཕུལ། དེ་ལ་ཆོས་རྗེས་ཡག་གོ་གསུངས་པས་བརྒྱ་ཡག་པར་ཐོགས། དེས་གྲའི་ཟུར་པོ་ཕུར་བརྒྱ་ཡག་དང༌། འབྲོག་དགའ་ལྡན་ལ་སོགས་བཏབ་བོ། །

རྐྱང་མོ་ཁ་པའི་རྣམ་ཐར།

༈ རྐྱང་མོ་ཁ་པ་ནི། སྙེ་ཐང་བདེ་བ་ཅན་དུ་སྦྱངས་པའི་སྟོན་པ་ཆེན་པོ་ཞིག་དང་པོར་ཆོས་རྗེ་ལ་རྒོལ་འདོད་ཀྱིས་དྲུང་དུ་འོང༌། ཞལ་མཇལ་བའི་མོད་ལ་རྟོགས་པ་ཤར། བུར་དུ་རྐྱང་མོ་ཁ་བཏབ་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ། །