གཞུང་འབྲུག་གི་སྐབས།

ནུབ་དགོན་ཆོས་རྒྱལ་བསོད་ནམས་རྒྱ་མཚོའི་རྣམ་ཐར།

༈ ནུབ་དགོན་ཆོས་རྒྱལ་བསོད་ནམས་རྒྱ་མཚོ་ནི། མདོ་ཁམས་སུ་རབ་བྱུང་བཅུ་པའི་ནང་ཙམ་ལ་སྐུ་འཁྲུངས་ངེས་སྙམ་པ་ལས་འཁྲུངས་གཤེགས་ལོ་ཚིགས་གསལ་པོ་མེད། གྲུབ་དབང་ཀརྨ་བསྟན་འཕེལ་བླ་མར་བསྟེན་པར་གསུངས། ཕྱོགས་མེད་ཀྱི་ཡུལ་གྲུ་གང་སར་བྱར་མེད་ཀྱི་རྣལ་འབྱོར་ལ་རྟག་ཏུ་གཞོལ་ཅིང༌། གོ་འཇོའི་ཤར་ཕྱོགས་རེ་ཁེ་ཀརྨ་ཆོས་ཁྲིར་འགྲོ་དོན་བསྐྱངས་ཤིང་ལོ་ཤས་བཞུགས་རྗེས། ཉིན་ཞིག་ཤིན་ཏུ་མཐོ་བའི་དཔལ་ཡུལ་གྱི་རི་རྩེར་བྱོན་ནས་ནུབ་ཕྱོགས་སུ་བྲག་རི་དཀར་པོ་ཞིག་གཟིགས། དེ་བླ་མས་ལུང་བསྟན་པའི་སྒྲུབ་གནས་ཡིན་པར་མཁྱེན་ནས་ཕ་གི་ལ་དགོན་སྡེ་འདེབས་དགོས་ཀྱི་འདུག་གསུངས་པས། ནུབ་དགོན་ཞེས་པའི་མིང་ཡང་དེ་ནས་ཆགས་པར་བཤད། གནས་དེར་ཕེབས་ལམ་དུ་དགོན་སྡེ་ཚུགས་པའི་རྟེན་འབྲེལ་བཟང་པོ་བྱུང་ཞིང༌། དོམ་ཚོང་རོང་ནས་རིམ་བཞིན་གུ་རུའི་སྒྲུབ་གནས་ཇོ་མོ་བླ་རི་གྲགས་པའི་གནས་དེར་ཞབས་སོར་བཀོད། སྦས་གནས་དེའི་སྒྲུབ་ཕུག་རྣམས་སུ་བླ་སློབ་རྣམས་སྒྲུབ་པ་ཉམས་བཞེས་ལ་བརྩོན་བཞིན་བཞུགས་པས། འདུས་པའི་གྲངས་ཀྱང་འཕེལ་ནས་དགེ་འདུན་གྱི་སྡེ་ཚུགས་ཏེ། ནུབ་དགོན་སྨོན་ལམ་དཔལ་འབྱོར་གླིང་ཞེས་གྲགས་པ་འདི་བྱུང༌། སྐུ་ཚེ་ཡང་རིང་ཙམ་བཞུགས་ཤིང༌། སྒྲུབ་པའི་རྒྱལ་མཚན་བཙུགས་པའི་མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཞི་དབྱིངས་སུ་གཟིམས་ཚུལ་བསྟན་ཏོ། །སྐུ་ཕྲེང་གཉིས་པ་ཆོས་རྒྱལ་བསོད་ནམས་མཆོག་ལྡན་ནི་དབེན་གནས་ཁོ་ནས་འགྲིམས་ཏེ་སྐུ་ཚེ་དང་སྒྲུབ་པ་མཉམ་པ་མཛད་དོ། །གསུམ་པ་ཆོས་རྒྱལ་བསྟན་འཕེལ་རྒྱ་མཚོ་ནི་མགར་ཁང་ཚང་གི་རིགས་སུ་འཁྲུངས། ཕྱག་རྡོར་བསྙེན་པ་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གསུངས་པས་མཐུ་ནུས་ཤིན་ཏུ་ཆེ། གོ་རོང་གི་ཇག་རྐུན་གྱིས་ཀྱང་གླགས་ལྟ་བར་མི་ཕོད་ཅིང༌། འདི་དུས་དགོན་སྡེ་དར་རྒྱས་ཆེན་པོ་བྱུང་ངོ༌། །དེ་ནས་བཞི་པ་ཆོས་རྒྱལ་རིན་ཆེན་རྣམ་རྒྱལ་དང༌། ལྔ་པ་ཆོས་རྒྱལ་སྐལ་ལྡན་བློ་བཟང་སོགས་བྱོན་པའོ། །༼སྐུ་ཕྲེང་དྲུག་པའི་རྣམ་ཐར་ནི་འོག་ཏུ་གསལ།༽           འདིར་སྨྲས་པ། ཡོངས་འཛིན་གསེར་ལྡན་མ་ཡི་ཕང་པ་རུ། ། རྒྱལ་དབང་དཔག་བསམ་ལྗོན་པའི་འཁྲི་ཤིང་འཁྲུངས། ། རྒྱལ་ཚབ་མཁས་དང་གྲུབ་པའི་འབྲས་བཟང་སྨིན། ། ལྷར་བཅས་འགྲོ་བའི་མཆོད་སྡོང་གཅིག་པུར་གྱུར། །   ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། མཉམ་མེད་རྗེ་ལྷ་རྩེ་བ་དང་རྒྱལ་དབང་དཔག་བསམ་དབང་པོ་ལས་བརྒྱུད་པའི་གཞུང་འབྲུག་གི་སྐབས་ཏེ་བཅུ་གསུམ་པའོ།། །།    

དགོན་ཕུ་གཞན་ཕན་རྒྱ་མཚོའི་རྣམ་ཐར།

༈ དགོན་ཕུ་གཞན་ཕན་རྒྱ་མཚོའམ་བྱ་བཏང་བསོད་ནམས་རིན་ཆེན་ནི། བོད་ལ་མདུད་པ་བཞི་ཡོད་པའི་ནང་ཚན། ས་ངན་ས་ཡི་མདུད་པ་ཞེས་པའི་ཆར། རོང་རེ་ཁེ་ཨ་མདོ་ཁ་རུ་ཡབ་རིན་ཆེན་ལྷུན་གྲུབ་དང༌། ཡུམ་ཤེས་རབ་སྒྲོན་མའི་སྲས་སུ། རབ་བྱུང་བཅུ་པའི་མེ་བྱ་༼༡༥༩༧༽ལོར་བལྟམས། ཀུན་མཁྱེན་པད་དཀར་གཤེགས་ནས་ལོ་དྲུག་པ་ཡིན། ལྷུམས་སུ་ཞུགས་པའི་སྐབས་ཡུམ་ལ་དགེ་སློང་བགྲེས་པོ་ཞིག་གིས་གསེར་གྱི་རྡོ་རྗེ་ཞིག་སྤྱི་བོར་བཞག་པས་ཁོག་ཏུ་ཐིམ་པ་སོགས་ངོ་མཚར་བའི་རྨི་ལྟས་མང་དུ་བྱུང༌། དགུང་གྲངས་བདུན་བརྒྱད་སྐབས་ཁང་རྩེག་མཐོན་པོ་ནས་མཆོངས་ཀྱང་སྐྱོན་མེད་པར་རྡོ་ལ་ཞབས་རྗེས་བྱུང་བ་དང༌། ནར་སོན་ཏེ་ཕྱུགས་རྫིར་བྱོན་སྐབས། གཅན་སྤྱང་དང་ཕྱུགས་མཉམ་པོར་བསྡད་ཀྱང་འཚེ་བ་མེད་པ་སོགས་ཆུང་དུས་ནས་ངོ་མཚར་བའི་རྣམ་ཐར་མང༌། ཁུ་བོ་ལས་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དེ་ནས་དགུང་གྲངས་བཅུ་བདུན་ཙམ་ལ་ངེས་འབྱུང་ཆེན་པོས་རྒྱུད་བསྐུལ་ཏེ། བླ་མ་མཚན་ཉིད་དང་ལྡན་པ་ཞིག་བཙལ་བཞེད་ཀྱིས་གཙང་གཤིས་སྨར་ལག་སོགས་བརྒྱུད་ནས་ཕེབས་པས། བྲག་གཡབ་བྱམས་མདུན་ཕྱོགས་མཁའ་འགྲོ་གསང་ཕུག་ཏུ་གྲུབ་དབང་ཀརྨ་བསྟན་འཕེལ་བཞུགས་པ་དང་མཇལ། རྗེ་དེ་ཉིད་ལ་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ། གདམས་ངག་ཐམས་ཅད་བུམ་པ་གང་བྱོར་ཐོབ་ཅིང༌། ཕུག་ཆུང་རྫོང་དང༌། གནས་ངེས་མེད་དུ་བླ་མ་དང་ལྷན་དུ་ལོ་དྲུག་ཙམ་བཞུགས་ཤིང་གདམས་ངག་ལ་ཞུན་ཐར་བཅད། དེ་ནས་བླ་མའི་བཀའ་བཞིན་གསང་སྤྱོད་རི་འགྲིམ་དང་གདུལ་བྱ་ལ་བྱོན། འཁྲུངས་ཡུལ་རེ་ཁེ། ཝ་རྩིས་སོགས་ཀྱི་གཡའ་ཁྲོད་དང་གངས་ཁྲོད། གནས་པོ་རྡོ་རྗེ་གུར་མགོན། སེ་བ་སི་ངུ༌། སམ་གཉེན་རྨིག་ཐིའི་རྫ་རྩེ། གསང་མཚོ་ཁ། སྐུ་སེ་མཛད་ཀྱི་སྟོད་སྨད། ཉག་གཤིས་འགར་བཙན་རྫ་ཁྲོད། བཟང་གཉེན་ར་འབོམ་གྱི་རྫ་སོགས་སུ་གཡའ་ཁང་དང་རྫ་སྐྱིབས་ལ་བརྟེན་ནས་ལོ་མང་པོར་ཐུགས་དམ་ལ་བརྩོན་པར་མཛད་པས། གཞུང་ནས་གསུང་བ་བཞིན་གྲུབ་པའི་མཚན་མ་ཅིའང་བརྙེས་ཤིང༌། གཞི་བདག་རྣམས་ཀྱི་རང་གཟུགས་བསྟན། གནས་དེ་དག་ཏུ་རྫུ་འཕྲུལ་ཅི་ཡང་མཛད་པའི་རྗེས་ད་ལྟའང་མཇལ་དུ་ཡོད། དེ་ནས་མ་ཡུམ་དང་ལྷན་དུ་སམ་གཞུང་ནས་ཡར་བྱོན་ཞིང་སོག་ཡག་འབོམ་དཀར་ཞེས་པར་ཕེབས་ཏེ། རྗེ་ཉིད་རྫ་སྐྱིབས་སུ་ཐུགས་དམ་ལ་བཞུགས། མས་ཡུལ་འབྲོག་རྣམས་ལ་བསོད་སྙོམས་བསླངས་ནས་བཞུགས་པའི་ཚེ། ཉག་ཡུལ་གྱི་གཞི་བདག་རྣམས་ནས་བསྟན་པ་སྤེལ་བའི་ཡོན་བདག་ཏུ་ཁས་བླངས་ཤིང༌། གདུལ་བྱ་དུས་སུ་བབ་པར་བརྟེན། སྡེ་དགེ་ཉག་གཤིས་རྒྱལ་པོས་གྲུབ་ཐོབ་ཆེན་པོའི་རྣམ་ཐར་ཐོས་པས་ཐུགས་གཏིང་ནས་དད་དེ། སྤྱན་འདྲེན་ཡང་ཡང་ཞུས་པའི་མཐར།…

བསྟན་འཕེལ་ཀུན་བཟང་རྒྱ་མཚོའི་རྣམ་ཐར།

༈ གྲུབ་དབང་ཀརྨ་བསྟན་འཕེལ་གྱི་སློབ་མ་བསྟན་འཕེལ་ཀུན་བཟང་རྒྱ་མཚོ་ནི། ཁམས་གླིང་ཚང་རྒྱལ་པོའི་ཆབ་འོག་ཟླ་སྨད་མར་དགོན་དགོན་གྱི་ཉེ་འགྲམ་དུ། རབ་བྱུང་བཅུ་པའི་ནང་ཙམ་ལ་སྐུ་བལྟམས། ཟླ་རྒྱུད་འདི་ཉིད་ལ་མདོ་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་སློབ་མ་རྒྱ་མཚོའི་མཚན་འཆང་བཞི་བྱུང་བ་ལས་གཅིག་ཡིན་པར་གྲགས་པ་ལྟར། གྲུབ་ཆེན་ཀརྨ་བསྟན་འཕེལ་རིགས་བདག་ཏུ་བསྟེན་ཏེ། མདོ་རྒྱུད་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། དེ་དག་ཐོས་པ་ཙམ་དུ་མ་བཞག་པར་དབེན་གནས་རྣམས་སུ་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། ཕྱོགས་མེད་བྱ་བྲལ་དུ་ཕེབས་ཤིང༌། དབེན་རི་སྣ་ཁུང་གདོང༌། སྒྲུབ་གནས་གཡའ་མ་ལུང༌། ནམ་མཁའ་ཁྱུང་རྫོང་སོགས་སུ་བཞུགས་ནས་བཀའ་གདམས་པའི་གཏད་ས་བཞི་མཐའ་འཁྱོངས་པར་མཛད། གྲུབ་དབང་མཆོག་གི་སློབ་མ་མཆེད་གྲོགས་མར་གླིང་ངག་དབང་འབྱུང་གནས་ཀྱིས་གླིང་ཁོག་ཏུ་དགོན་གནས་ཕུལ། རིམ་བཞིན་ཤེའུ་ཁོག་ཏུ་དགོན་པ་གསར་དུ་ཕྱག་བཏབ་པས། གླིང་བསྟན་འཕེལ་ཕུན་ཚོགས་བསམ་གཏན་གླིང་ཞེས་ཕྱིའི་གཙུག་ལག་ཁང༌། ནང་གི་དགེ་འདུན་སྡེ། སྤང་བླང་གི་མཛད་ཕྲིན་གང་ཅི་ཐད་ནས་དར་ཞིང་རྒྱས་པ་འདི་བྱུང༌། ཐུན་མོང་དུ་གྲུབ་པའི་རྟགས་མཚན་མང་དུ་མངའ། གདུལ་བྱ་རྣམས་ལ་ཟབ་མོ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བའི་མཐར། ངོ་མཚར་བཅས་སྐུ་གཤེགས་སོ། །དེའི་སྐུ་ཕྲེང་གཉིས་པ་ཨོ་རྒྱན་དགེ་ལེགས་བསྟན་འཛིན་ནི་རྫ་ཁོག་ཏུ་འཁྲུངས་ནས། ཁམས་སྤྲུལ་གསུམ་པ་རྗེ་ཀུན་དགའ་བསྟན་འཛིན་གྱིས་ངོས་འཛིན་ཞིང༌། དབང་ཆོས་ཀྱིས་རྗེས་སུ་བཟུང༌། ཨོ་རྒྱན་རིན་པོ་ཆེའི་ཞལ་གཟིགས་ཏེ། ཁམས་པའི་ཐུགས་སྒྲུབ་ལ་ཁོང་གི་དག་སྣང་གིས་ཟུར་བརྒྱན་པས་ཚེས་བཅུ་དག་སྣང་མ་ཞེས་གྲགས་པ་བྱུང་ངོ༌། །སྐུ་ཕྲེང་གསུམ་པ་མི་ཕམ་གྲུབ་མཆོག་ཉི་མ་ནི་མགོ་ལོག་ལྕགས་མོ་ཚང་དུ་འཁྲུངས། ཁམས་སྤྲུལ་བཞི་པ་པཎ་ཆེན་ཆོས་ཉིས་ངོས་འཛིན་གནང་ཞིང༌། རྗེ་དང་སི་ཏུ་ཆོས་འབྱུང་ལས་དབང་ཁྲིད་གསན། གླིང་རྒྱལ་པོའི་དབུ་བླར་གྱུར། མཚན་སྙན་ཤིན་ཏུ་ཆེ་བར་བརྟེན་དེ་ཕྱིན་སྐུ་ཕྲེང་རིམ་བྱོན་ལ་ལྕགས་མོ་སྤྲུལ་སྐུ་ཞེས་གྲགས་སོ། །བཞི་པ་མི་ཕམ་ཀུན་བཟང་འཆི་མེད་ནི་རྫ་སེར་ཤུལ་ཀོང་ས་ཚང་དུ་འཁྲུངས། ཁམས་སྤྲུལ་བཞི་པས་ངོས་འཛིན་གནང་ཞིང༌། ཁམས་སྤྲུལ་ལྔ་པས་རྗེས་སུ་བཟུང་བའོ།། ༼ལྔ་པའི་རྣམ་ཐར་འོག་ཏུ་གསལ།༽

པད་སྙིང་ཀརྨ་རྒྱ་མཚོའི་རྣམ་ཐཪ།

༈ རྫ་པད་སྙིང་ཀརྨ་རྒྱ་མཚོ་ནི། མདོ་ཁམས་སྒང་དྲུག་གི་ནང་ཚན། རྨ་རྫ་ཟལ་མོ་སྒང་གི་ཆར། གླིང་རྫ་ཆུའི་འགྲམ་སྨོན་ལམ་བྲག་དཀར་ཞེས་པའི་ཕྱོགས་སུ། རབ་བྱུང་བཅུ་པའི་ནང་ཙམ་དུ་སྐུ་འཁྲུངས། མཚན་གཞན་བསྟན་འཛིན་ཆོས་དབང་རྒྱ་མཚོའང་ཞུ། འཕགས་མཆོག་གསང་ཆེན་ཌིངྒི་པཱའི་རྣམ་འཕྲུལ་དུ་གྲགས། ཁམས་གྲུབ་དབང་ཀརྨ་བསྟན་འཕེལ་ལ་མཉེས་པ་གསུམ་གྱིས་བསྟེན་ཅིང་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། གཞན་ཡང་མཁས་གྲུབ་བསོད་ནམས་རྒྱ་མཚོ་སོགས་བླ་མ་དུ་མ་བསྟེན། པད་སྙིང་བླ་རྒན་ཕྱིང་རྩག་ཅན་ཞེས་སྐུ་བཙུན་པའི་ཚད་དུ་འདྲེན། རྫ་ཞེ་ཆེན་དགོན་པར་བླ་སྤྲུལ་དུ་མ་གློ་བུར་རྐྱེན་དབང་གིས་གཤེགས་པ་མང་དུ་བྱུང་སྟེ། གདན་འདྲེན་ཞུས་པས། ལམ་བར་དུ་མནལ་འོད་གསལ་ངང་གནོད་བྱེད་དག་ལ་བཀའ་བསྒོས་དམ་བཞག་མཛད་ཅིང༌། དེར་བླ་གྲྭ་རྣམས་ལ་ཚེ་དབང་བསྐུར་བས། དེ་ཕྱིན་བར་ཆད་དེ་དག་ཞི་ནས་བདེ་བར་གྱུར། རྫོགས་ཆེན་རིན་པོ་ཆེ་པདྨ་རིག་འཛིན་གྱིས་འཕགས་པ་སྤྱན་རས་གཟིགས་དངོས་སུ་གཟིགས་ཏེ། ཕྱག་ཕུལ་ཅིང་གུས་བཀུར་ཚད་མེད་གནང༌། ཡོན་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེ་རྫ་རྒྱུད་པད་སྙིང་དགོན་དུ་བྱོན་སྐབས། པད་སྙིང་བླ་རྒན་ལ་ཚེ་དབང་གནང་ཞིང༌། ཚེ་སྒྲུབ་འདོན་སྟངས་ལྕགས་སླང་བརྡུངས་ནས་བསླབས་པར་གྲགས་པས། ཚེ་སྒྲུབ་ལྕགས་རྡུང་མ་ཞེས་དེང་སང་ཡང་དེ་བཞིན་དུ་འདོན་སྲོལ་ཡོད། ཡོན་དགེ་གཏེར་ཆེན་ནི་རྗེ་བསོད་ནམས་རྒྱ་མཚོའི་དངོས་སློབ་ཡིན་ཞིང༌། རབ་བྱུང་བཅུ་པའི་ས་འབྲུག་ལ་འཁྲུངས། དེ་ནས་ལོ་ངོ་བཅུའི་མཚམས་ཀརྨ་བསྟན་འཕེལ་འདས། གཏེར་ཆེན་འདི་དགུང་ལོ་མཐོན་པའི་བར་དུ་བཞུགས་སོ། །གཞན་ཡང་རྫོགས་ཆེན་རིན་པོ་ཆེ་པདྨ་རིག་འཛིན་དང་འཕོ་བའི་རྩལ་འགྲན་པ་སོགས་ཐུན་མིན་གྱི་ཡོན་ཏན་མང་དུ་མངའ་ཞིང༌། རང་དགོན་བཤད་སྒྲུབ་ཆོས་འཁོར་གླིང་དུ་དམ་པ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཏེ། འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད་པའི་མཐར་ཞི་བར་གཤེགས་སོ། །དེ་ནས་རིམ་བཞིན་བསྟན་འཛིན་ཡེ་ཤེས་རྒྱ་མཚོ། བསྟན་འཛིན་ཐུབ་བསྟན་སངས་རྒྱས་ཡེ་ཤེས། བསྟན་འཛིན་ཀརྨ་ངག་དབང་རྒྱ་མཚོ། ཐུབ་བསྟན་ཡེ་ཤེས་རྒྱ་མཚོ། ཐུབ་བསྟན་ཕྲིན་ལས་རྒྱ་མཚོ། ད་ལྟར་འཚོ་གཞེས་པ་ལུང་རྟོགས་སྐལ་བཟང་རྒྱ་མཚོའི་བར་བསྟན་འགྲོའི་དོན་དུ་ཌིངྒི་པཱ་ནས་བརྩིས་ན་སྐུ་ཕྲེང་བརྒྱད་དམ། གྲུབ་དབང་ཀརྨ་རྒྱ་མཚོ་ནས་བགྲངས་ན་སྐུ་ཕྲེང་བདུན་ཙམ་བྱོན་པའོ། །ཁྱད་པར་རྗེ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་སྒྲུབ་སྡེ་དར་སྤེལ་དང༌། བཤད་གྲྭ་གསར་འཛུགས་མཛད་པ་སོགས་ཕྱག་རྗེས་ཤིན་ཏུ་ཆེ་བས་རྣམ་ཐར་འོག་ཏུ་གསལ་ཞིང༌། གཞན་ཡང་དགོན་འདིར་པད་སྙིང་བཞི་པའི་དབོན་ཁྱབ་བདག་རྡོ་རྗེ་ནས་རིམ་བཞིན་དབོན་སྤྲུལ་སྐུ་ཕྲེང་བཞི་སོགས་བླ་སྤྲུལ་མང་པོ་བྱུང་ངོ༌། །

གྲུ་གུ་ཁྲི་འཛིན་དང་པོ་དབོན་ཀུན་དགའ་རྒྱ་མཚོའི་རྣམ་ཐར།

༈ གྲུ་གུ་ཁྲི་འཛིན་དང་པོ་དབོན་ཀུན་དགའ་རྒྱ་མཚོ་ནི། དེ་ཡང་རྗེ་འདིའི་སྐུ་ཐོག་དང་པོ་འབྲུག་པ་ཆོས་རྒྱལ་རྒྱ་མཚོ་དེ་ཉིད། རབ་བྱུང་བཅུ་པའི་ས་སྟག་༼༡༥༧༨༽ལོར་འཁྲུངས། གྲུབ་དབང་ཀརྨ་བསྟན་འཕེལ་གྱི་སློབ་མའི་གཙོ་བོར་གྱུར་ཅིང༌། དེའི་ཡང་སྲིད་དུ་ངོས་འཛིན་བྱུང་བ་གྲུ་གུའི་ཁྲི་འཛིན་དང་པོ་ཆོས་རྒྱལ་ཀུན་དགའ་རྒྱ་མཚོ་མཆོག་འདི་ཉིད། རབ་བྱུང་བཅུ་གཅིག་པའི་ས་སྟག་༼༡༦༣༨༽ ལོར་རྗེ་འཛི་སྒར་བསོད་ནམས་རྒྱ་མཚོའི་དབོན་པོར་འཁྲུངས། བླ་མ་དམ་པ་བསོད་ནམས་རྒྱ་མཚོ་དེ་ཉིད་དང༌། རྗེ་ཁམས་སྤྲུལ་གཉིས་པ་ཀུན་དགའ་བསྟན་འཕེལ་སོགས་རིས་མེད་སྐྱེས་ཆེན་མང་དུ་བསྟེན། ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱ་ཆེ་ཞིང༌། ལྷག་པར་དུ་རང་ལུགས་དཔལ་ལྡན་འབྲུག་པའི་དབང་ལུང་ཁྲིད་མན་ངག་གདམས་སྐོར་ཆ་ཚང་རིགས་ཀྱི་བདག་པོ་ཉིད་ལས་གསན་བཞེས་ཉམས་ལེན་ཤིན་ཏུ་རྒྱ་ཆེར་མཛད་ནས་གྲུབ་པའི་གོ་འཕང་མཐོན་པོར་ཕེབས། སྐུ་ཚེའི་སྨད་ལ། བྲག་ཡབ། ཆབ་མདོ་བེ་རུ། ལྷ་ཐོག་ཕྱོགས་ཀུན་ལ་གདུལ་བྱ་ཕྲིན་ལས་འགྲོ་ཕན་གྱི་མཚན་སྙན་འཕེལ། ལྷ་ཐོག་རྒྱལ་མོ་ཇོ་མོ་ཆོས་སྐྱིད་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ཞུས་པའི་ཡོན་དུ། གྲུ་གུ་ཡེ་བརྫུ་གནས་དང་ཉེ་སྐོར་གྱི་ས་ཁྱོན་ཆེ་ཙམ་བཅས་ཆོས་སྡེའི་གདན་སར་གསོལ་བ་བཏབ་ནས་ཕུལ་བར། དགུང་གྲངས་སོ་དགུ་པ་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་༼༡༦༧༦༽ལོར། གྲུ་གུ་རི་ཁྲོད་བདེ་ཆེན་བསམ་གཏན་འོད་གསལ་ཆོས་གླིང་ཐོག་མར་ལྷ་བྲག་ཡར་དགོན་སྟེང་དུ་ཕྱག་བཏབ། ད་ལྟ་དྲིལ་སྐྱིད་དུ་གྲགས་པའི་ལུང་པའི་སྟོད་དར་ཐག་ཕུག་ཏུ་སྒྲུབ་པའི་སྡེ་བཙུགས་ནས་བཞུགས་སྐབས་སུ། མགོན་པོའི་སྤྲུལ་པར་གྲགས་པའི་ལྷ་བྲིས་ཞིག་བྱུང་བས། མགོན་མང་ཞལ་ཐང་གཙོ་འཁོར་བཀོད་པ་རྒྱས་སྤྲོས་ཅན་ཞིག་ཞག་སོ་བཞིའི་ནང་ཐང་ཀ་སོ་བཞི་གྲུབ་པར་མཛད་པའི་ངོ་མཚར་ཅན་ཞིག་བཞེངས། རིག་གནས་གསར་བརྗེའི་རྗེས་ཁ་ཤས་ལུས་པར་ད་ལྟར་མཇལ་དུས་ཀྱང་རི་མོའི་ཉམས་འགྱུར་ལེགས་ཤིང༌། མཚོན་མདངས་མཛེས་བཀོད་སོགས་བོད་ལ་དཀོན་པའི་རིན་ཐང་བྲལ་བ་ཞིག་ཡོད་སྐད། གཞན་ཡང་རྡོ་ཕྲེང་དཀྱིལ་ཐང༌། མི་འཁྲུགས་སྟོང་སྐུ། གསེར་དངུལ་ཁོ་ནས་བྲིས་པའི་བཀའ་བསྟན། བླ་མ་བརྒྱུད་པའི་བཀའ་འབུམ་སོགས་རྟེན་གསུམ་དང༌། སྒྲུབ་མཆོད་ཕྱག་རྒྱུན་ཚད་ཐུབ་ཀྱི་རྒྱུན་སྤེལ་བཞིན། བྲག་གཡབ་ཚོགས་བརྒྱ་དགོན། ལྷ་བྲག་ཡང་རྫོང༌། དྲིལ་སྐྱིད། སྒོམ་ལུང་ཡར་མར་སོགས་ལ་བཞུགས་ཏེ་བསྟན་འགྲོའི་དོན་ཅི་ཡང་མཛད་པའི་མཐར། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གཉིས་མེ་གླང་༼༡༦༩༧༽ལོར་དགོངས་པ་ཞི་བར་གཤེགས། གདུང་བཞུ་བའི་སྐབས་དབུ་ཐོད་ལ་ཨ་རང་བྱོན་ཕེབས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །ཞལ་སློབ་ཀྱང་འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན། ལོ་ཆེན་བསོད་ནམས་སྙིང་པོ་སོགས་བྱོན་པ་ལས། ཕྱི་མ་འདི་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་༼༡༦༧༧༽ལོར་འཁྲུངས་ཤིང༌། ལོ་ཆེན་གྱི་མཚན་སྙན་ཅན་མཁས་གྲུབ་གཉིས་ལྡན་ཞིག་བྱུང་ནས། འདི་པའི་སྐུ་རབས་རིམ་བྱོན་རྣམས་ནས་ཀྱང་ཆོས་རྒྱལ་སྐུ་ཕྲེང་རིམ་པར་བླ་མཆན་རམ་འདེགས་ཀྱིས་གྲུ་དགོན་ལ་མཛད་རྗེས་ཆེའོ། །རྗེ་གྲུ་གུ་ཆོས་རྒྱལ་སྐུ་ཕྲེང་གསུམ་པ་ལྷུན་གྲུབ་རྒྱ་མཚོ།…