གདན་ས་འབྲུག་པའི་སྐབས།

འབྲུག་སྨྱོན་ཀུན་དགའ་ལེགས་པའི་རྣམ་ཐར།

༈ ལྷ་བཙུན་གྱི་སློབ་མའི་གཙོ་བོ་འབྲུག་སྨྱོན་ཀུན་དགའ་ལེགས་པ་ནི། འཇམ་དབྱངས་སྤྲུལ་པ་ཡེ་ཤེས་རིན་ཆེན་ལ་སྲས་ཆེ་བ་གསང་བདག་སྤྲུལ་པ་ནམ་མཁའ་དཔལ་བཟང༌། འབྲིང་བ་སྤྱན་གཟིགས་སྤྲུལ་པ་ཤེས་རབ་བཟང་པོ། ཐ་ཆུང་དྲུང་པ་རྡོ་རྗེ་རྒྱལ་པོ་སྟེ་གསུམ་བྱུང་བ་ལས། ཐ་ཆུང་རྡོ་རྗེ་རྒྱལ་པོ་ལ་ནང་སོ་རིན་ཆེན་བཟང་པོ་འཁྲུངས། ཡབ་དེ་ཉིད་དང༌། ཡུམ་མགོན་མོ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཤིང་ཕག་༼༡༤༥༥༽ལོར་བལྟམས། ཆུང་དུས་ནས་བྱ་བྲལ་བའི་ཚུལ་མཛད། མིང་ཚེ་དབང་རྒྱལ་པོའང་ཟེར། ཕྱིས་རབ་ཏུ་བྱུང་བའི་མཚན་ཀུན་དགའ་ལེགས་པ་གསོལ་བར་སྣང༌། དགུང་ལོ་བདུན་ཙམ་ལ། འབྲུག་པའི་མཆོད་གཞིས་ཀྱི་ཞེན་དང༌། ཨ་ཁུས་དཀྲུགས་རྐྱེན་ལས། ཡབ་སྣེལ་བ་ཕྱོགས་ཀྱིས་བསྐུམས་ཤིང༌། ཡུམ་ཨ་ཁུའི་ཆུང་མར་གྱུར། རིན་སྤུངས་ཀུན་བཟང་པའི་ཕྱག་ཕྱིར་ལོ་དྲུག་བཞུགས། ཐུགས་ལ་བཏགས་ཀྱང་ཆོས་ཤིག་མ་ནུས་ན་གང་ལའང་སྙིང་པོ་མི་འདུག་དགོངས་ནས་དབུས་སུ་བྱོན། སྡེ་པ་ཀུན་བཟང་པས་བྱིན་པའི་སྤོས་ཤེལ་ལྔ་བཅུའི་ཕྲེང་བ་དང༌། རྣ་གཡུ་ལེགས་པོ་ཡོད་པ་དེ་སྲིང་མོ་རྒན་པ་ལ་བྱིན། རྟ་ངང་པ་བཟང་བ་ཞིག་ཡོད་པ་ཨ་ནེའི་བཟའ་གྲོགས་གསོལ་ཇ་བ་བཟང་པོ་ལ་བྱིན་ནས། རྒྱལ་ཁམས་བསྐོར་བའི་ཐུགས་རྩེ་གཏད། ར་ལུང་དུ་ཐོག་ཅིག་བཞུགས། དེར་རྒྱལ་དབང་རྗེ་ཁུ་དབོན་ལས། འབྲུག་པའི་གདམས་ངག་མང་ཙམ་གསན་སྐད། གཙོ་བོར་རྒྱལ་དབང་རྗེའི་དངོས་སློབ་རྟོགས་ལྡན་ཆེན་པོ་ལྷ་བཙུན་པ་ཀུན་དགའ་ཆོས་རྒྱམ་ལས། བརྡ་རྩ་དང་སྙིང་པོའི་སྐོར་དང༌། དགེ་སློང་བསོད་མཆོག་པ་ལས། ཕྱག་ཆེན་དང་རོ་སྙོམས་ཆ་ཚང་དང་གཏུམ་མོའི་ཁྲིད་གསན། བླ་མ་གནས་རྙིང་ཆོས་རྗེ་ལས་དགེ་བསྙེན་དགེ་ཚུལ་གྱི་སྡོམ་པ། ཞྭ་ལུ་མཁྱེན་རབ་པ་ལས་དགེ་སློང་གི་སྡོམ་པ་བཞེས། གཞན་ཡང་ཀོང་པོ་སངས་རྒྱས་སོགས་རིས་མེད་ཀྱི་མཁས་གྲུབ་ཚད་མར་གྱུར་པ་བཞུགས་སོ་འཚལ་ནས་བསྟན་པ་ཡོངས་རྫོགས་ཀྱི་ཆོས་ལ་ཐོས་བསམ་མཐིལ་ཕྱིན་མཛད། སྤོས་སྐྱར་སོགས་དབེན་གནས་དུ་མར་བཞུགས་ཏེ། བཀའ་མདོ་རྒྱུད་རྣམས་གདམས་ངག་ཏུ་མཁྱེན་པའི་ངེས་ཤེས་བྱུང༌། དེ་ཡང་ཚིག་ཏུ་མ་ལུས་པར་དོན་ཐོག་ཏུ་བསྒྲིལ་ནས་རྟོགས་པའི་གདེང་ཆེན་བརྙེས། སྡོམ་པ་གསུམ་ཀ་སྔགས་ཀྱི་སྡོམ་པར་འདུས་ཤིང༌། དེ་ནི་ཡེ་སྲུང་སེམས་ཀྱི་དམ་ཚིག་རང་བཞིན་ཡོངས་ཤེས་འདི་གཅིག་པུར་འདུ་བར་དགོངས་ནས། ཆོས་གོས་གསུམ་དཀོན་མཆོག་ལ་ཕུལ། གང་ཤར་ལམ་དུ་ཁྱེར་ནས་མ་ངེས་བརྟུལ་ཞུགས་ཀྱི་སྤྱོད་པས་དགུང་ལོ་ཉེར་ལྔ་ནས་དབུས་དང་གཙང༌།…

ལྷ་བཙུན་ཀུན་དགའ་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར།

༈ རྒྱལ་དབང་རྗེའི་དངོས་སློབ་རྟོགས་ལྡན་རྣམ་གཉིས་ཀྱི་ཡ་གྱལ། ལྷ་བཙུན་ཀུན་དགའ་ཆོས་ཀྱི་རྒྱ་མཚོ་ནི། སྐྱིད་ཤོད་སྨད་ཀྱི་ས་ཆ་གནམ་ཞེས་བྱ་བར། འོད་གསལ་ལྷའི་གདུང་ལས་བྱོན་པའི་ཡབ་དཔོན་དོན་ལྡན་དང༌། ཡུམ་སྐྱིད་སྐྱིད་བྱ་བའི་སྲས་སུ། རབ་བྱུང་བདུན་པའི་ཆུ་བྱི་༼༡༤༣༢༽ལོར་བལྟམས། མིང་དོན་དབང་ལེགས་པར་བཏགས། དགུང་ལོ་བདུན་བརྒྱད་ནས་ཀློག་ཡིག་ཚེགས་མེད་དུ་མཁྱེན། རིམ་པས་སྐུའི་ཉེ་དུ་རྣམས་ཀྱིས་སྦྲན་ཏེ། གཞིས་ཀ་སྣེའུའི་ཕོ་བྲང་དུ་མི་བདག་དྲུང་ཆེ་དཔལ་འབྱོར་རྒྱལ་པོའི་དྲུང་འཁོར་མཛད། ཉེར་བདུན་ཙམ་ལ་ངེས་འབྱུང་སྐྱོ་ཤས་དྲག་པོ་ཐུགས་ལ་འཁྲུངས་ཀྱང༌། ཇོ་བོའི་དབང་ཤུགས་དང༌། ཉེ་དུ་རྣམས་ཀྱིས་བཤོལ་བཏབ་པས་རེ་ཞིག་བར་ཆོས་ལ་ཕེབས་མ་ཐུབ། མཐར་སྨྱོ་བརྫུ་མཛད་དེ། དགུང་ལོ་སུམ་བཅུ་པར་ཞབས་འབྲིང་གཉིས་ཁྲིད་དེ་ཇོ་མོ་ཁ་རག་གི་རི་རྒྱུད་མོན་མོ་རྫའི་རི་ཁྲོད་དུ། རྗེ་མོན་རྩེ་རྟོགས་ལྡན་ཁུ་དབོན་གྱི་སྤྱན་སྔར་བྱོན་ཏེ། ཞབས་ཕྱི་གཉིས་ཕྱིར་སློག །དེར་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ཀུན་དགའ་ཆོས་ཀྱི་རྒྱ་མཚོར་གསོལ། བྱང་སྡོམ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། ཕྱག་ཆེན་སྔོན་དངོས་ཀྱི་ཉམས་ཁྲིད་བསྐྱངས་པས་ཐུགས་དམ་བཟང་པོ་འཁྲུངས། ཁྲིད་ཆེན་བརྒྱད་སོགས་འབར་ཆོས་ཡོངས་རྫོགས་གསན། ལོ་གཉིས་ཙམ་བཞུགས། དེ་ནས་ཡབ་ཆོས་སྡིངས་སུ་རྗེ་སྒོ་མོ་བ་རྟོགས་ལྡན་སངས་རྒྱས་བཀྲ་ཤིས་ཀྱི་དྲུང་དུ་བྱོན། ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་ཆོས་སྐོར་ཕལ་ཆེ་བ་དང༌། ཁྱད་པར་སྒོ་མོ་བའི་ལུགས་ཀྱི་ཞི་བྱེད་དོན་བརྒྱུད་ཀྱི་ཁྲིད་ངོ་སྤྲོད་དང་བཅས་པ་ཐོབ། འཚོ་བ་དཀོན་ཡང་བློ་བདེ་བ་དང་ཐུགས་དམ་འཕེལ་བ་བྱུང༌། གཞན་ཡང་སྟག་ལུང་མཁས་གྲུབ་ངག་གི་དབང་པོ། གཅོད་ཆེན་སངས་རྒྱས་དཔའ་བ་སོགས་བླ་མ་དུ་མ་བསྟེན་ནས་ཟབ་ཆོས་རྒྱ་ཆེར་གསན། ཁྱད་པར་དུ་རྒྱལ་དབང་རྗེའི་སྙན་པ་གསན་ནས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། འབྲུག་ཏུ་ཕེབས། མཇལ་མ་ཐག་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཕྱོགས་འདུས་ཀྱི་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་ཐམས་ཅད་གསན། ལྐོག་ཆོས་སུའང་གདམས་པ་ཟབ་མོ་གྲངས་མེད་པ་གནང༌། ཁྱད་པར་ཕྱག་ཆེན་དང་ཆོས་དྲུག་ལ་མྱོང་ཁྲིད་མཛད་པར་ཉམས་སུ་བཞེས་པས། སྣང་སྲིད་ཆོས་སྐུའི་རང་ཞལ་མངོན་དུ་གྱུར། གཏུམ་མོའི་བདེ་དྲོད་ལ་དབང་འབྱོར་ཏེ་རྩ་མདུད་གྲོལ། རྨི་ལམ་དང་སྒྱུ་ལུས་ལ་བརྟན་པ་ཐོབ།…

ལྷ་བཙུན་རིན་ཆེན་རྣམ་རྒྱལ་གྱི་རྣམ་ཐར།

༈ དེའི་སྲས་ཀྱི་ཐུ་བོ་ལྷ་བཙུན་རིན་ཆེན་རྣམ་རྒྱལ་ནི། མངའ་རིས་གུང་ཐང་སྟོད་ཐང་པོ་ཆེར། ཡབ་ཁྲི་རྣམ་རྒྱལ་ལྡེའམ་ཆོས་རྒྱལ་ཤེས་རབ་དཔལ་བཟང་གི་སྲས་སུ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་༼༡༤༧༣༽ལོར་སྐུ་བལྟམས། དགུང་ལོ་གསུམ་པ་ནས་ཡུམ་ལ་མགུར་གསུང༌། ལྔ་པར་ཀློག་མཁྱེན། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་སློབ་སྒང་དཀར་མཁས་བཙུན་ཀུན་དགའ་རྒྱལ་མཚན་པའི་བག་ཆགས་གསལ་བར་སད། དྲུག་པར་གུང་ཐང་ཆོས་སྡེར་པཎ་ཆེན་ནགས་རིན་གྱི་སློབ་མ་ལོ་ཙཱ་བ་མཉྫུ་ཤྲཱི་ཛྙཱ་ནའི་སྤྱན་སྔར་རབ་ཏུ་བྱུང༌། མཚན་རིན་ཆེན་རྣམ་རྒྱལ་དུ་གསོལ། སྤྱོད་འཇུག །བཤེས་སྤྲིང༌། ཀཱ་རི་ཀ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ་སོགས་སྦྱངས། བཅུ་གསུམ་པར་ཤེལ་ཕུག་ཆུ་ཤིང་རྫོང་དུ་གྲུབ་ཐོབ་གཙང་སྨྱོན་པ་དང་ཐོག་མར་མཇལ། དེ་རྗེས་གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཡེ་ཤེས་རྩེ་མོ་དང༌། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་སོགས་མཁས་པ་དུ་མའི་ཞབས་ལ་གཏུགས་ཏེ། མདོ་ཕྱོགས་ཀྱི་གཞུང་ཆེན་དང༌། རྒྱུད་སྟོད་སྨད་དུ་དཔལ་གསང་བ་འདུས་པ་སོགས་སྔགས་ཕྱོགས་ལ་གསན་སྦྱང་མཛད། བོ་དོང་པཎ་ཆེན་གྱི་སློབ་མ་ཤངས་པ་བསོད་མཆོག་པ་ལས་བོ་དོང་སྐོར། ཕ་རྒོད་བསོད་ནམས་བཟང་པོའི་དངོས་སློབ་གྲགས་པ་བྱང་ཆུབ་ལས་འབར་ཆོས་སྐོར། འབྲི་གུང་པ་དཀོན་མཆོག་རིན་ཆེན་ལས་འབྲི་ཁུང་སྐོར། འབྲུག་པ་ལྷ་བཙུན་བདེ་ཆེན་རབ་རྒྱས་ལས་འབྲུག་སྐོར། ཆོས་རྗེ་རྒྱ་ཧོར་བ་ལས་སྒྲོན་མ་དྲུག་སྐོར་སོགས་གསར་རྙིང་རིས་མེད་ཀྱི་ཆོས་ཚུལ་མཐའ་ཡས་པར་གསན་བསམ་མཛད་དེ་མཁས་པ་ཆེན་པོར་གྱུར། དེ་ནས་སླར་ཡང་གྲུབ་ཐོབ་གཙང་པ་སྨྱོན་པའི་དྲུང་དུ་བྱོན། བཀའ་བརྒྱུད་ཀྱི་གདམས་པ་སྤྱི་དང༌། ཁྱད་པར་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་སྐོར་རྣམས་བུམ་པ་གང་བྱོར་མནོས་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་བྱིན་རླབས་འཕོ་བའི་དབང་ཐོབ། སྲས་ཀྱི་ཐུ་བོར་གྱུར། འབྲུག་རྒྱལ་དབང་ཆོས་རྗེ་ལས་ཀྱང་ཆོས་གསན་སྣང༌། རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོར་མཇལ་ནས་གནས་ཆེན་བྲག་དཀར་འཛིན་པར་ལུང་བསྟན། གྲུབ་གནས་འདིར་ཐོག་མར་ལོ་དྲུག་ཙམ་བཞུགས་ནས་དཀའ་སྤྱད་དྲག་པོས་སྒྲུབ་པ་མཛད། གཞན་ལིང་པ་བྲག་གོང་འོག །ཐང་པོ་ཆེའི་རི་ཁྲོད། བོན་གནས་བྲག་སོགས་བོད་རོང་གི་གནས་ཆེན་རི་ཁྲོད་མང་པོར་སྒྲུབ་པར་རྩེ་གཅིག་ཏུ་མཛད་པས། ལྐོག་གྱུར་གཟིགས་པ། རྡོ་ལ་ཞབས་རྗེས་འཇོག་པ། རྦབ་གྱེན་དུ་ཟློག་པ། སྐུ་ལ་དུག་མཚོན་གྱིས་གནོད་མི་ནུས་པ་སོགས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར། དག་པའི་གཟིགས་སྣང་བརྗོད་ལས་འདས། བལ་ཡུལ་འཕགས་པ་ཤིང་ཀུན་ཞིག་གསོས་ལན་བཞིའི་བར་དུ་མཛད། དེ་བཞིན་སྐྱིད་གྲོང་འཕགས་པའི་ལྷ་ཁང་ཉམས་གསོ་དང་གསར་བཞེངས་མང་དུ་གནང༌།…

གཙང་སྨྱོན་ཧེ་རུ་ཀའི་རྣམ་ཐར།

༈ རྒྱལ་དབང་རྗེའི་སློབ་རིགས་གཙང་སྨྱོན་ཧེ་རུ་ཀ་ནི། གཙང་ཉང་སྟོད་སྟག་ཚལ་མཁར་དཀར་དུ། ཡབ་ཉང་སྔགས་འཆང་དཔལ་ལྡན་དང༌། ཡུམ་སངས་རྒྱས་འདྲེན་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཆུ་སྤྲེལ་༼༡༤༥༢༽ ལོར་འཁྲུངས། བཅུ་གསུམ་པ་ལ་མཁན་ཆེན་ཀུན་དགའ་སངས་རྒྱས་པའི་དྲུང་དུ་རབ་ཏུ་བྱུང༌། མཚན་སངས་རྒྱས་རྒྱལ་མཚན་ཞེས་གསོལ། ཞེ་བཅད་ཤིན་ཏུ་ཆེ་བས། བཙན་དུག་ཞིབ་མོའི་ཐུམ་བུ་མགུལ་དུ་བཏགས་ཏེ། གལ་ཏེ་ཚུལ་ཁྲིམས་ཉམས་གྲབས་བྱུང་ན། འདི་འགམས་ནས་ཤི་མི་སྡོད་ན་གུར་གྱི་མགོན་པོས་སྙིང་ཁྲག་ཕྱུང་ཞིག་གསུང་དབུ་སྙུང་བཞེས། འདོད་སྲེད་ཀྱི་ཐུགས་འདུན་བྱུང་ཚེ་མགུལ་གྱི་ཐུམ་བུ་ལ་རེག་པ་རེ་མཛད་པས་ངན་རྟོག་རང་ཞི་ལ་སོང་གསུང༌། བཅོ་བརྒྱད་པར་རྨི་ལམ་དུ་བུད་མེད་བཅོ་ལྔས་ཡང་ཡང་སྐོར་ཞིང༌། ཁྱོད་མ་འདུག་པར་ཙ་རི་ལ་སོང་ཟེར་བ་བྱུང་བས་ཐུགས་བསྐུལ་ཏེ་ཆོས་ལ་བྲོས། དྭགས་པོ་སྐྱིད་ཚལ་དུ་ཤ་ར་རབ་འབྱམས་པ་ཆོས་རྗེ་སངས་རྒྱས་སེང་གེ་དང་མཇལ། ཞལ་མཇལ་བ་ཙམ་གྱིས་སྣང་བ་འགྱུར། ཐུགས་བརྩེ་བས་རྗེས་སུ་བཟུང༌། མཚན་ཆོས་ཀྱི་གྲགས་པར་གསོལ། ཟླ་བ་དགུའི་བར་ལ་ཞབས་ཕྱིར་འབྲངས་ཏེ། འཁོར་ལོ་སྡོམ་པའི་དབང་བསྐུར། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། ནཱ་རོ་ཆོས་དྲུག །རས་ཆུང་སྙན་རྒྱུད་སོགས་མྱོང་ཁྲིད་དུ་མཛད། གཞན་རི་ཆོས་སྐོར་གསུམ། ཐར་གྲུ་སྐོར་གསུམ་སོགས་མང་དུ་གནང༌། ཞག་རེ་ལའང་ལམ་རྟགས་དུ་མ་ཞིག་རྫོགས་པར་མཛད། གཏུམ་མོའི་སྐབས་སུ་བདེ་དྲོད་རང་འབར་ལ་སོང་ནས་རས་རྐྱང་ཐུབ་པ། གསང་རྡོར་སྦུབས་སུ་ནུབ་པ་སོགས་གཟིགས་སྣང་དང་རྟགས་སྣང་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་བུ་གཙང་པ་ཆོས་ཀྱི་གྲགས་པ་ཁྱོད་ཡི་དམ་དགྱེས་པ་རྡོ་རྗེ་ལ་གྱིས། བརྟག་གཉིས་སོགས་རྒྱུད་སྡེའི་སློབ་གཉེར་མཐར་ཕྱིན་པ་གྱིས། མ་འོངས་པ་ན་དགོས་པ་ཆེན་པོ་ཡོད། ཚེ་འདི་ལ་མིག་མ་ལྟ། འཇིག་རྟེན་གྱི་ཆོས་བརྒྱད་རྒྱབ་ཏུ་དོར་ལ། ཙ་རི་ཙ་གོང་དང༌། ལ་ཕྱི། ཆུ་དབར། ཏི་སེ་སོགས་བཀའ་བརྒྱུད་ཀྱི་སྒྲུབ་གནས་རྣམས་སུ་སྒྲུབ་པའི་རྒྱལ་མཚན་ཚུགས་ལ་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་ཁོད་ཅིག་གསུངས། ཙ་རི་ལ་སྐོར་ཙམ་ཕེབས་ནས་ཡུལ་དུ་བྱོན།…

གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་ཐར།

༈ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ནི། གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་ཞེས་པར། ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོའི་སྲས་སུ། རབ་བྱུང་དྲུག་པའི་ལྕགས་གླང་༼༡༣༦༡༽ལོར་འཁྲུངས། ཆུང་དུས་མཚན་ཁྲོ་བོ་དཔལ་ལྡན་ཞུ། བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ། རིག་པ་རྣོ་བས། ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། སྙིང་རུས་ཆེན་པོས་སློབ་གཉེར་མཛད་པས་རིང་པོར་མ་ཐོགས་པར་བོད་ཡིག་དང༌། ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་གནས་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་མ་ཡུམ་གྱི་རེ་བ་ལྟར་དགོན་པ་དེར་བཤེས་གཉེན་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང༌། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོར་བཏགས། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང༌། དཀོན་མཆོག་དར་མ་ལས་སྡེ་སྣོད་དང་རིགས་ལམ་མང་པོ་གསན། དེ་རྗེས་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན། དེ་ནས་གངས་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང༌། འབྲུག་རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་ལས་ཁྲིད་ཆེན་བརྒྱད་དང༌། གཞན་ཡང་སྔ་རྗེས་ཅི་རིགས་པར་རེད་མདའ་བ་གཞོན་ནུ་བློ་གྲོས། ལྷ་གདོང་པ་བསོད་ནམས་མཆོག །ཀུན་སྤངས་རིན་ཆེན་རྒྱལ་མཚན་སོགས་བླ་མ་དུ་མ་བསྟེན་ནས་གསར་རྙིང་གི་མན་ངག་མང་པོ་གསན། མ་ངེས་པའི་དབེན་གནས་རྣམས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། བལ་ཡུལ་དུ་ཕེབས་ནས་འཕགས་ཤིང་ལ་སྐུ་དཀར་དང༌། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པར་མཛད། རྡོ་རྗེ་གདན་དང་ཟངས་གླིང་སོགས་ལ་ཕེབས་ཤིང༌། ལོ་བཅོ་བརྒྱད་ཙམ་རིང་རྒྱ་བལ་ཕྱོགས་སུ་འབྱོན་བཞུད་མཛད། གྲུབ་ཐོབ་མང་པོ་ལ་ཆོས་གསན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་འགའ་ཞིག་གཏེར་དུ་སྦས། ཡུམ་འདས་པའི་སྐུ་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་དཔར་བཏབ་ནས་མཆོད་རྟེན་བརྩིགས་པ་དང༌། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མར་གྱུར། ཐང་སྟོང་རྒྱལ་པོ་ཞེས་མཚན་ཐོགས་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། །འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོགས། །ཞེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར། ཐེངས་ཤིག་ཚལ་གུང་ཐང་ནས་ལྷ་སར་འབྱོར་པའི་ལམ་བར་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས། གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་བཞུས་ཏེ་ཆུ་ནང་དུ་བསྐྱུར་བས། ཐུགས་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་གི་སྐྱེ་བ་བགྲང་ལས་འདས་པ་ཞིག་ཀྱང་འདི་འདྲ་བའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་གཏན་པོ་ཐུགས་ལ་བཀོད་དེ། ཀོང་ཕྱོགས་སུ་ལྕགས་ཟམ་འཛུགས་པའི་དགེ་མཚན་དྲིལ་བསྒྲགས་ཏེ་ལྕགས་ཀྱི་སློང་མོ་མཛད་པ་དང་དུས་མཚུངས་ལྕགས་ཀྱི་གཏེར་ཁ་མི་གཅིག་པ་མང་པོ་བརྡོལ།…