གདན་ས་འབྲུག་པའི་སྐབས།

ཡབ་རྗེ་བསྟན་པའི་ཉི་མའི་རྣམ་ཐར།

༈ དེའི་སྲས་མི་ཕམ་བསྟན་པའི་ཉི་མ་ནི། ཡབ་མི་ཕམ་ཆོས་ཀྱི་རྒྱལ་པོ་དང༌། ཡུམ་གཏེར་སྟོན་ཞིག་པོ་གླིང་པའི་སྲས་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔོན་ས་བདེ་ཆེན་རྒྱལ་མོའི་སྲས་སུ། རབ་བྱུང་བཅུ་པ་གསར་ཚེས་མེ་ཡོས་༼༡༥༦༧༽ ལོར་འཁྲུངས། སྤྲེལ་ལོ་ཧོར་ཟླ་བརྒྱད་པའི་ནང་དུ་གདན་སའི་ཁྲི་ཐོག་ཏུ་ཕེབས་ཞེས་འཁོད་པ་དགུང་གྲངས་མ་གསལ། ཡབ་རྗེ་དང༌། ཞིག་པོ་གླིང་པ། ཀུན་མཁྱེན་པད་དཀར་ཞབས། ས་སྐྱ་བདག་ཆེན་བསོད་ནམས་དབང་པོ་སོགས་ཡོངས་འཛིན་དུ་མ་བསྟེན། ལྷོ་ཁ་བཞི་ཤར་རྒྱུད་བུམ་ཐང་རྣམས་སུ་འགྲོ་དོན་ལ་བྱོན་ནས། བུམ་ཐང་མཆོད་རྟེན་གཉན་དང༌། གཞོང་སྒར་རྫོང་དང༌། གདུང་བསམ་དུང་དཀར་དགོན་སོགས་བཏབ་ནས་འགྲོ་དོན་བསྐྱངས། སླར་བྱོན་དུས་མང་འདུས་ཡུལ་གླིང་ཞེས་པའི་སར་རིགས་ལྡན་མ་ཞིག་ལ་གདུང་གི་ས་བོན་ཞིག་ཀྱང་འདེབས་པར་གནང་བས། ཕྱིས་ཟུར་སྲས་དེས་ཀྱང་མཐུ་ཆེན་ངག་དབང་རྣམ་རྒྱལ་གྱི་བསྟན་སྲིད་སྐྱོང་བའི་ཕྲིན་ལས་པར་གྱུར་ནས། ཆོས་རྒྱལ་བསྟན་འཛིན་འབྲུག་སྒྲ་ཞེས་གྲགས། དཔལ་ར་ལུང་དུ་བཞུགས་ཏེ། གསན་བསམ་ཉམས་བཞེས་དང་བསྟན་པ་སྤྱི་སྒོས་ཀྱི་དོན་མཛད་བཞིན་པར། གདན་ས་ར་ལུང་དུ། དགུང་གྲངས་ང་གསུམ་པ་ས་ལུག་༼༡༦༡༩༽ལོར་གཤེགས་སོ། །སྐུ་གདུང་གསང་ཐབས་སུ་ལྷོར་གདན་དྲངས་ནས། བྲག་རྟ་མགྲིན་རང་བྱོན་གྱི་ཁོང་གསེང་བར་མའི་ནང་དུ་ཞུགས་འབུལ་མཛད་ཅིང༌། ལྕགས་རིར་གདུང་རྟེན་བདུད་འདུལ་མཆོད་རྟེན་ཐོག་ཚད་གཉིས་ཡོད་པའང་བཞེངས་སོ། །རྗེ་འདིའི་སྲས་ཞབས་དྲུང་ངག་དབང་རྣམ་རྒྱལ་ལྷོར་ཕེབས་ནས་ཆོས་སྲིད་བསྐྱངས་པས། དེ་ནས་བཟུང་གདན་ས་ར་ལུང་གི་བསྟན་པ་འཛིན་སྐྱོང་རྣམས་རྒྱལ་དབང་དཔག་བསམ་དབང་པོའི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་མཛད་པ་འདི་བྱུང་བའོ། ། འདིར་སྨྲས་པ། རབ་དཀར་བསྟན་པའི་གངས་རི་ལས་བྱུང་བའི། ། ངེས་དོན་གདམས་པའི་ཆུ་ཕྲན་ཇི་སྙེད་ཀུན། ། འཛམ་གླིང་ཡངས་པའི་རྒྱལ་ཁམས་ཉུལ་བའི་མཐར། ། གདན་ས་བརྒྱུད་པའི་རྒྱ་མཚོར་གཅིག་ཏུ་འདྲེས། །   ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། དབོན་རས་དར་མ་སེང་གེ་ནས་བརྒྱུད་པའི་གདན་ས་འབྲུག་པའི་སྐབས་ཏེ་བརྒྱད་པའོ།། །།    

རྒྱལ་སྲས་མི་ཕམ་ཆོས་རྒྱལ་གྱི་རྣམ་ཐར།

༈ དེའི་སྲས་མི་ཕམ་ཆོས་རྒྱལ་ནི། ཡབ་གཅུང་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང༌། ཡུམ་ལྷ་གཅིག་དྲུང་དཀར་བྱ་བའི་སྲས་སུ། རབ་བྱུང་དགུ་པའི་ཆུ་ཡོས་༼༡༥༤༣༽ལོར་བལྟམས། རྗེ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྤྲུལ་པར་གྲགས། དགུང་ལོ་བདུན་པར། རྒྱལ་དབང་ཀུན་མཁྱེན་ཆེན་པོ་ལ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་མི་ཕམ་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་བཟང་པོར་གསོལ། རྗེ་དེ་ཉིད་དང་ཡབ་ལས་སྨིན་གྲོལ་གྱི་གདམས་པ་ཡོངས་སུ་རྫོགས་པ་གསན། གཞན་ཡང་རྒྱལ་དབང་གཉིས་པའི་སྲས་དཔལ་ཆེན་རྒྭ་ལོའི་སྤྲུལ་པ་གོང་མ་བསྟན་འཛིན་ནོར་བུ་དང༌། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་ལས་བཀའ་ཆོས་མང་པོ་གསན། མོག་པ་ལྷ་རྩེ་དང་སྤོས་སྐྱ་སོགས་སུ་སྐུ་མཚམས་ཡུན་རིང་བཞུགས་སྐབས། གཉེན་འབྲུམ་དང༌། ཤིག་ནད་དང༌། བུག་སྒོ་བརྡུང་བ་སོགས་ལྷོངས་ཀྱི་ཆོ་འཕྲུལ་དུ་མ་བྱུང་ནའང་ལམ་དུ་ཁྱེར་བས། ཐུགས་དམ་ལ་བོགས་ཐོན་ཅིང༌། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་བཅས་ཀྱི་ཞལ་གཟིགས། བཅུ་བདུན་བཞེས་པར་དཔལ་ལྡན་འབྲུག་པའི་གདན་སེང་གེའི་ཁྲིར་ཕེབས། རྗེ་ཉིད་སྐུ་འབྲས་ཤིན་ཏུ་མཚར་བ་དང༌། གསུང་ཚངས་པའི་དབྱངས་ལྟར་སྙན་ཞིང་མཐོ་བས། མི་ཐམས་ཅད་དད་པའི་སྤུ་ལོང་དབང་མེད་དུ་གཡོ་ནུས། རིན་སྤུངས་སྡེ་པ་ངག་དབང་འཇིགས་གྲགས་སོགས་ཆེན་པོ་དུ་མས་ཀྱང་ཞབས་ནས་བཏེགས་ཤིང༌། གང་དུ་ཕེབས་ཀྱང་གཞིས་ལེན་ཞབས་ཏོག་ཕུན་སུམ་ཚོགས། ལྷོ་གནས་ཐིམ་བུ། སྤ་གྲོ། རྡོ་དཀར། གཞན་ཀུ་རུ་ལུང༌། ལྷོ་བྲག །དབུས་གཙང་སྟོད་སྨད་སོགས་ཐམས་ཅད་ཞབས་ཀྱིས་བཅག་ནས། གདུལ་བྱར་གྱུར་པ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། གཙང་པ་སྐུ་མཆེད་དང༌། རིན་སྤུངས། རྒྱང་རྩེ་བྱང་པ་སོགས་སྡེ་སྲིད་རྣམས་ཀྱི་བར་ཆིངས་དང༌། གདན་སར་གཙུག་ལག་ཁང་ཆེན་བཞེངས་པ་སོགས་རྣམ་དཀར་མཛད་རྗེས་ཆེ། དགུང་ལོ་རེ་གཉིས་པ་ཤིང་འབྲུག་༼༡༦༠༤༽ལོར་ཞི་བར་གཤེགས་སོ། །

གཅུང་རྒྱལ་ཚབ་ངག་གི་དབང་ཕྱུག་གི་རྣམ་ཐར།

༈ གཅུང་རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ནི། རྗེ་ངག་དབང་ཆོས་རྒྱལ་ལ་སྲས་གཉིས་བྱུང་བའི་ཆུང་བར། རབ་བྱུང་དགུ་པའི་མེ་གླང་༼༡༥༡༧༽ལོར་སྐུ་འཁྲུངས།༼དེང་སང་ལོ་རྒྱུས་འགར་འདི་འཇམ་དབྱངས་ཆོས་གྲགས་ཀྱི་གདུང་སྲས་ཡིན་ཟེར་བྲིས་པ་ནི་ནོར་བའོ།༽དགུང་ལོ་ལྔ་པ་ལ་ཡབ་རྗེ་ངག་དབང་ཆོས་ཀྱི་རྒྱལ་པོ་ལས་སྡོམ་པ་གསུམ་གྱི་ནོར་བུས་ཐུགས་རྒྱུད་གཏམས་ནས་ཆོས་ཀྱི་ཁྲི་ལ་མངའ་གསོལ། གང་ལས་བཀའ་འགྱུར་རོ་འཚལ་དང༌། འབྲུག་པའི་ཡབ་ཆོས་སྨིན་གྲོལ་གདམས་པ་གྲངས་ལས་འདས་པ་གསན། རྒྱུད་སྡེ་ལ་སྦྱངས་པ་དང༌། སྐྱོག་ལོ་ཙཱ་བ་ལས་སྒྲ་སྙན་ངག་སྡེབ་སྦྱོར་མངོན་བརྗོད་སོགས་ཐུན་མོང་རིག་གནས་ལ་མཁས་པའི་ཕུལ་ཕྱིན་མཛད། ཉིད་ཀྱི་གཅེན་དང༌། བླ་མ་དམ་པ་ཨ་ཝ་དྷཱུ་ཏི་པ་སོགས་བསྟེན་ནས་མདོ་སྔགས་ཀྱི་ལུང་དང་མན་ངག་རྒྱ་མཚོའི་ཕ་རོལ་དུ་སོན། གདན་ས་ཆེན་པོ་དེ་ཉིད་དུ་ལོ་གསུམ་དང༌། རོང་རི་གྲ་མ་སྨུག་པོ་སོགས་སུ་ཡུན་རིང་དུ་སྒྲུབ་པ་མཛད་ཅིང༌། ལྷག་པའི་ལྷ་མང་པོས་ཞལ་མངོན་དུ་གཟིགས། ཡབ་རྗེའི་གདུང་རྟེན་བཀྲ་ཤིས་སྒོ་མང་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བསམ་ལས་བརྒལ་བ་དང༌། ནོར་བུའི་གླིང༌། སྤོས་སྐྱའི་གཙུག་ལག་ཁང་སོགས་ཕྱག་རྗེས་ཆེ་བར་མཛད། དབུས་གཙང༌། འཕན་ཡུལ། འབྲོག །ལྷོ་མོན་ཀུན་ཏུ་ཞབས་ཀྱིས་ལན་མང་བཅགས་ཤིང༌། སྡེ་སྲིད་ཕག་མོ་གྲུ་པས་ཀྱང་ཕུད་དུ་ཁུར། ཉིད་ཀྱི་སྲས་མི་ཕམ་ཆོས་ཀྱི་རྒྱལ་པོ་དང༌། སྐུ་ཞང་ཆོས་རྗེ་མཁྱེན་བརྩེ་བ། འབྲུག་སྨྱོན་ཀུན་ལེགས་ཀྱི་སྲས་ངག་དབང་བསྟན་འཛིན་སོགས་སྐལ་ལྡན་སློབ་མ་མང་པོ་སྨིན་གྲོལ་ལ་བཀོད། གཙོ་བོར་ཐམས་ཅད་མཁྱེན་པ་ངག་དབང་ནོར་བུའི་ཡོངས་འཛིན་མཛད་དེ་རྒྱལ་བའི་བཀའ་དང༌། བཀའ་བརྒྱུད་ཀྱི་བཀའ་འབུམ། སྒྲུབ་སྐོར་གདམས་ངག་ཟབ་ཅིང་རྒྱ་ཆེ་བ་བསྩལ་ནས་བསྟན་པའི་བདག་པོར་དབང་བསྐུར། དགུང་ལོ་སོ་བརྒྱད་པ་ཤིང་སྟག་༼༡༥༥༤༽ལོར་གཞན་གྱིས་ཕྲག་དོག་གི་དབང་གིས་སྦྱར་བའི་ཟས་སྐྱོན་གྱིས་ཟླ་བ་བཞི་པའི་ཚེས་ལྔའི་སྐྱ་རེངས་ཤར་དུས་སུ་གཤེགས་པའི་སྔ་དྲོར་འཇའ་ཁ་དོག་ལྔ་པ་རྩེ་མོ་གཉིས་པ་ཤར་ཕྱོགས་ནས་གདུང་གི་སྟེང་དུ་ཟུག་པ་དང༌། སྤུར་ཞུགས་ལ་ཕུལ་བའི་མཚན་རིལ་པོར་ཆར་ཆེན་པོ་དང་ལྷན་ཅིག་མེ་ཏོག་ཡལ་ག་དང་འདབ་མར་ལྡན་པའི་སྡོང་བུ་ཁ་དོག་སྣ་ཚོགས་པ་ཡོད་པ་ཅིའང་བབ་པར་གྱུར་ཏོ། །དེའི་ཚེའི་ཀུན་མཁྱེན་པདྨ་དཀར་པོས། ཆོས་ཀྱི་རྒྱལ་པོའི་ཉི་མ་ནུབ་རིར་བཞུད། །རྒྱལ་ཚབ་ཟླ་ཚེས་དེ་ཡང་དེར་རྗེས་བསྙེགས། །ད་ནི་སྙིགས་དུས་མཚན་མོར་འཁྱམས་རྣམས་ལ། །དབུགས་འབྱིན་ནུས་པའི་སྣང་བྱེད་སུ་ཞིག་ཡོད། །ངག་དབང་སྤྲིན་ཕྲེང་ཡོལ་ནས་ཡུན་རིང་ལོན། །སྐྱོབ་པའི་གཅུང་གི་འཁྲི་ཤིང་དེ་རིང་བསྐམས། །བསྐྱབ་སའི་གྲིབ་མ་གཞན་མེད་འབྲོག་དགོན་འདིར། །བདག་ལ་འཆི་བ་མིན་པའི་སྐྱབས་གཞན་སུ། །ཞེས་སོགས་ཀྱི་གདུང་དབྱངས་ཀྱང་གསུངས་སོ། །

གཅེན་ངག་དབང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར།

༈ དེའི་སྲས་ཆེ་བ་གཅེན་ངག་གི་དབང་པོ་བསྟན་པའི་རྒྱལ་མཚན་ནི། ཡབ་ངག་དབང་ཆོས་ཀྱི་རྒྱལ་པོ་དང༌། ཡུམ་ས་སྐྱའི་དབོན་མོ་རྡོ་རྗེ་སྒྲོལ་མ་བཟང་མོའི་སྲས་སུ། རབ་བྱུང་བརྒྱད་པའི་མེ་སྟག་༼༡༥༠༦༽ལོར་འཁྲུངས། དགུང་ལོ་དྲུག་ནས་ཀློག་བསླབས། བདུན་པར་རང་བྱུང་ཁ་སརྤ་ཎིའི་སྤྱན་སྔར་ཡབ་ཀྱིས་གཙུག་ཕུད་བཞེས། མཚན་ངག་གི་དབང་པོ་གྲགས་པ་དཔལ་བཟང་པོ་ཞེས་གསོལ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་མཻ་ཏྲི་ལུགས་ལྷ་བཅུ་གསུམ་མའི་སྨིན་བྱེད་དང༌། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་རྒྱལ་དབང་རྗེས་མཛད་པའི་ཁྲིད་ཡིག་དང༌། ཐབས་ལམ་ནཱ་རོའི་ཆོས་དྲུག །རོ་སྙོམས་སྐོར་དྲུག་གི་ཁྲིད་མྱོང་ཁྲིད་གསན་ཅིང་ཉམས་སུ་བཞེས། གཞན་ཡང་སོ་ཐར་གྱི་སྡོམ་ཆོག །སྡོམ་པ་ཉི་ཤུ་པ། རྩ་ལྟུང་གཞུང་བཤད། བླ་མ་ལྔ་བཅུ་པ། དམངས་དོ་ཧའི་གཞུང༌། རྟེན་འབྲེལ་ཕྲ་རྒྱས་གཞུང་འགྲེལ། བརྟག་གཉིས་སོགས་རྒྱ་ཆེར་གསན་སྦྱང་མཛད། རྡོ་རྗེ་འཛིན་པ་ཆེན་པོ་བསྟན་པ་རྒྱ་མཚོ་ལས་མཻ་ཏྲི་བརྒྱ་རྩའི་དབང༌། འབའ་རའི་ཆོས་དྲུག་གཞུང་ཁྲིད་ཞལ་གདམས་དང་བཅས་པ་དང༌། རྒྱལ་བའི་བཀའ་འགྱུར། རྙིང་རྒྱུད། མགོན་པོའི་རྒྱུད། བཀའ་གདམས་གླེགས་བམ་སོགས་ལུང་མང་དུ་གསན། བཅོ་ལྔ་ལ་དགའ་ལྡན་ཁང་གསར་དུ་ཞབས་དྲུང་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་བར་མ་རབ་བྱུང་བསྒྲུབས། མཚན་ངག་གི་དབང་པོ་བསྟན་པའི་རྒྱལ་མཚན་གྲགས་པ་དཔལ་བཟང་པོར་གསོལ། བཅུ་དྲུག་པ་ལྕགས་སྦྲུལ་ལོར་གདན་སར་མངའ་གསོལ། རྒྱལ་དབང་རྗེའི་ཞལ་སློབ་འགྲོ་མགོན་བསོད་ནམས་དབང་པོ་སློབ་དཔོན་དུ་བསྟེན་ཏེ། སྒྲུབ་དཀྱིལ་ཕྱག་ལེན་དག་ཐོན་པར་མཛད། གཞན་ཡང་ཆོས་རྗེ་རྣམ་རྒྱལ་གྲགས་པ། ཀུན་སྤངས་ཤེས་རབ་རྒྱ་མཚོ། ཆོས་རྗེ་ཀུན་དགའ་ལྷུན་གྲུབ་པ། ཆོས་ཀྱི་རྗེ་གཡུལ་རྒྱལ་བ་སོགས་བླ་མ་མང་པོ་བསྟེན། བཅོ་བརྒྱད་ཆོས་རྗེ་གཡུལ་རྒྱལ་བས་སྲས་མཁར་ཞིག་གསོའི་རབ་གནས་ལ་ལྷོ་བྲག་ཏུ་གདན་དྲངས། འབུལ་བསྙེན་དང་བཀའ་ཆོས་བཀའ་དྲིན་གྱིས་བསྐྱངས། ལྷོ་ཡུལ་དུ་ཐེངས་མང་ཕེབས། འཇམ་དབྱངས་ཀུན་དགའ་སེང་གེའི་བཀའ་འབུམ་སོགས་ཁྲིད་ལུང་མང་དུ་གནང༌། འབྲུག་རབ་བརྟན་སྒང་དང་ཕོ་བྲང་སྡིངས་གསར་འདེབས་མཛད། ཁྱད་པར་བདེ་ཆེན་ཕུག་ཏུ་སྐུ་མཚམས་ཞག་བདུན་མ་ཞིག་གནང༌།…

རྗེ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར།

༈ རྒྱལ་དབང་རྗེའི་དབོན་སྲས་དང་སློབ་མའི་གཙོ་བོར་གྱུར་པ་རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་ནི། ཡབ་རྒྱལ་དབང་རྗེའི་གཅུང་པོ་ལྷའི་དབང་པོ་དང༌། ཡུམ་ནམ་མཁའ་འཛོམ་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཤིང་བྱ་༼༡༤༦༥༽ལོར་འཁྲུངས། ཆུང་ངུ་ནས་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅུ་གཉིས་པ་ལ་རྒྱལ་དབང་རྗེ་དྭགས་ཀོང་ནས་ཡར་ཕེབས་པ་ལྷོ་བྲག་ཏུ་བསུར་བྱོན། ལྷོ་གྲོ་བོ་ལུང་དུ་རབ་ཏུ་བྱུང༌། མཚན་ངག་དབང་ཆོས་ཀྱི་རྒྱལ་པོར་གསོལ། དེ་ཉིན་ནས་བརྩམས་ཏེ་ལོ་གཅིག་གི་རིང་ལ་འབྲུག་རྔོག་གི་དབང་རྒྱུད་མན་ངག་བར་མེད་དུ་གནང༌། ར་ལུང་དུ་ཕེབས་ནས་མདོ་སྡེའི་ལུང་གསན། རྗེ་གཤེགས་ནས་གྲུབ་ཆེན་ཤཱཀྱ་འཕེལ་བ་ལ་འབྲུག་སྐོར་གྱི་ལྷག་མ་ལག་ལེན་ལ་དོགས་གཅོད་ཞིབ་མོ་མཛད། བཅུ་བཞི་ལ་གདན་སར་ཕེབས། མཆོད་རྟེན་ཆེན་མོའི་རབ་གནས་ཀྱི་སྐབས་སངས་རྒྱས་དབོན་གྱིས་མ་འོངས་པའི་དུས་འདི་ལ་ཞིག་གསོས་དགོས་པ་ཡོང༌། དེ་དུས་ཁོ་བོ་རང་བསླེབས་ནས་བྱེད་གསུངས་པས། མཆོད་རྟེན་ཕྱེད་ཞིག་པ་ཞིག་གསོས་མཛད་པས་དབོན་རས་ཀྱི་སྤྲུལ་པའི་སྐུར་ཤེས། གཞན་སྟག་ལུང་ངག་དབང་གྲགས་པ། སྐུ་ཞང་ཆོས་རྗེ་མཁྱེན་རབ་མཆོག་གྲུབ། ཆོས་རྗེ་ལྷུན་སྡེ་བ་སོགས་བླ་མ་མང་དུ་བསྟེན། བདེ་མཆོག་ལ་སོགས་པའི་རྒྱུད་མན་ངག་མང་དུ་གསན། གདན་སའི་འཛིན་སྤྲས་ཞར་ཆོས་ཙམ་དུ་མཛད་ནས། སྒྲུབ་པ་གཙོར་འདོན་གནང་བས། ར་ལུང་ཁ་རོ། མཁར་ཆུ། སྤ་གྲོ་སྟག་ཚང་སོགས་སུ་ལོ་དགུ་ཙམ་སྒྲུབ་པ་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར། ནང་དུ་ཐུགས་དམ་རྟོགས་པ་བརྟན་ཅིང༌། ཕྱི་རོལ་དུ་ལྷ་འདྲེ་མི་གསུམ་དབང་དུ་འདུས་ཤིང༌། ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་གིས་སྒྲུབ། ངོ་མཚར་བ་ཞལ་དུ་མི་གླེང་སྦེད་པ་ལ་དགྱེས། འོན་ཀྱང་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་མངའ་བའི་རང་རྟགས་སུ། ཉིད་ཀྱི་ཞབས་ཕྱག་གི་རྗེས་དང༌། ཆིབས་ཀྱི་རྨིག་རྗེས། གར་ཕེབས་སུ་འཇའ་འོད་ཀྱི་ལམ་སྣ་འདྲེན་ཞིང༌། ལྷག་པར་དབང་བསྐུར་རབ་གནས་སོགས་ཀྱི་དུས་ཕལ་ཆེར་ལ༑ མེ་ཏོག་གི་ཆར་དང༌། འཇའ་གུར་སོགས་ཀྱི་ལྟས་འབྱུང་ལ། སྐབས་ཞིག་ཏུ་རྗེ་དབོན་གཉིས་སོགས་ལས་ཅན་འགའ་རེར་བཀའ་ཆོས་གནང་ཚེ། ཞག་ཉི་ཤུ་རྩ་བདུན་གྱི་རིང་ཚང་མར་ཆོས་ཐུན་ཚུགས་ནས་མ་གྲོལ་གྱི་བར་ལ་མེ་ཏོག་ཁ་དོག་སྣ་ཚོགས་ཡོད་པའི་ཆར་ཉི་འོད་སྒྲིབ་ཐུབ་པ་ཙམ་རྒྱུན་ཆགས་སུ་བབས་པ་སོགས་ངོ་མཚར་བ་བསམ་གྱིས་མི་ཁྱབ། ཏིང་ངེ་འཛིན་མཐར་ཕྱིན་པས་འདི་ལྟར་འབྱུང་གསུང་བའི་མ་འོངས་ལུང་བསྟན་པ་རྣམས་ཐོག་ཏུ་མ་བབ་པ་མེད་པ་ཀུན་ལ་མངོན་དུ་གྱུར།…