ཀུན་མཁྱེན་འབྲུག་པའི་སྐབས།

ལྷ་ལྔ་ཆོས་མཛད་ཀྱི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་ལྷ་ལྔ་ཆོས་མཛད་ནི། ཀུན་མཁྱེན་རྒྱལ་བའི་དབང་པོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས། སྔགས་ལ་སྦྱངས་པ་ཆེ་ཞིང༌། ཁྱད་པར་གསུང་ངག་རིན་པོ་ཆེ་བསྲེ་འཕོ་སོགས་ཁྲིད་ཆེན་ལ་ངེས། བཙུན་པའི་དཔེར་འོས། རིག་གནས་ཀྱང་མཁྱེན། ཁམས་རྒྱ་སྟོན་བསོད་ནམས་རིན་ཆེན་ནས་སློབ་དཔོན་སྔགས་ལ་སྐུ་ཡོན་ཆེ་བ་ཞིག་གནང་དགོས་ཞུས་པར། རྒྱལ་བའི་དབང་པོས་འདི་ཉིད་འོས་སུ་དགོངས་ནས་རྫོང་དར་གནང༌། རྒྱ་སྟོན་ཞལ་ངོས་བླ་མར་ཁུར། བསྟན་དང་འགྲོ་ལ་ཕན་ཞིང་ཕྲིན་ལས་རྒྱ་ཆེ་བ་ཞིག་བྱུང་ངོ༌།།

རབ་འབྱམས་བསྟན་འཛིན་ཆོས་གྲགས་ཀྱི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་རབ་འབྱམས་བསྟན་འཛིན་ཆོས་གྲགས་ནི། བླ་མ་དུ་མ་ལས་མདོ་ཕྱོགས་ཀྱི་གསན་པ་མཐར་ཕྱིན་མཛད། མདོ་རྒྱུད་ཀྱི་བཤད་པ། དབང་གདམས་ངག་མཐའ་ཡས་པ་ཞིག་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་ལས་ཐོབ། པད་དཀར་གྲྭ་ཚང་གི་སློབ་དཔོན་དུ་བསྐོས། བྱམས་པ་ཆོས་གླིང་གི་ཆོས་སྡེ་དང་གྲྭ་ཚང་གཉིས་ཀ་བསྐྱངས། འཆད་ཉན་སྨར་ཞིང་སྡེ་དར་རྒྱས་ལྷག་པར་ཆེ། དགེ་བཤེས་མང་དུ་ཐོན། ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་རྟེན་བཞེངས་རྒྱས་པ་མཛད། བསྟན་པ་ལ་ཕན་ཞིང་ཕྱག་རྗེས་བཟང་བ་ཞིག་བྱུང་ངོ༌། །

བཤེས་གཉེན་འཇམ་དཔལ་གྲགས་པའི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་བཤེས་གཉེན་འཇམ་དཔལ་གྲགས་པ་ནི། འཁྲུངས་ཡུལ་ལོ་གྲོ་དོལ། གཞོན་ནུ་ནས་རབ་ཏུ་བྱུང༌། ཀུན་མཁྱེན་རྒྱལ་བའི་དབང་པོ་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་ཆེན་པོར་བཞུགས་དུས་ཞབས་དྲུང་དུ་སླེབས། བྱང་སྟོན་གཞུང་བརྒྱ་སྨྲ་བ་ཆོས་ཀྱི་དཔལ་བཟང་བསྟེན་ནས་མདོ་ཕྱོགས་ཀྱི་གསན་པ་མཐར་ཕྱིན། དབང་ཁྲིད་རྒྱུད་བཤད་མ་ལུས་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྫོགས་པར་གསན། རྒྱལ་བྱེད་ཚལ་གྱི་མདོ་གྲྭའི་སློབ་དཔོན་དུ་བཀོད་པ་གནང༌། གཞི་གསུམ་གྱི་ཆོ་ག་ཕན་བདེའི་གཉེན་ཞེས་བྱ་བའང་འདི་ཉིད་ཀྱི་དོན་དུ་མཛད། མདོ་གྲྭ་གཉིས་སུ་འཆད་ཉན་ལེགས་པར་མཛད་པས། བཤེས་གཉེན་མང་དུ་ཐོན། ཀུན་སྤངས་མཛད་ནས་བཞུགས་སྒར་དུ་བསྙེན་རྫོགས་སྒྲུབ་པ་མང་པོའི་ལས་སློབ་དང༌། ཁྲིད་གཉེར་བ་མཐར་གྱི་བར་མཛད། ཁྲིད་གསར་པ་ཕལ་གྱིས་ཞབས་ལ་གཏུགས། དབེན་པ་བསྟེན་པར་བཞེད་ནས། རྗེ་བཙུན་རས་ཆུང་ཞབས་ཀྱི་གདན་ས་དཔལ་ཚེ་གོང་ལྷ་རྩེ་ཐེག་ཆེན་ཕོ་བྲང་དུ་སྒྲུབ་པ་དང་འགྲོ་ཕན་སྟབས་སུ་མཛད་ཅིང་།     ཕྱིས་རྒྱལ་དབང་དཔག་བསམ་དབང་པོའི་ཡོངས་འཛིན་དུ་ཕེབས།   དགུང་ལོ་དོན་གཉིས་བར་འབྲལ་མེད་དུ་བཞུགས།  ཞི་བར་གཤེགས་ནས་སྐུ་སྐྱེ་སྡེ་པ་གྲོན་པའི་སྲས་སུ་འཁྲུངས་པར་རྒྱྱལ་དབང་དཔག་བསམ་དབང་པོས་ངོས་འཛིན་ཏེ།   མཚན་ངག་དབང་ལེགས་བཤད་ཡོངས་འདུར་གསོལ་བར་བཤད་དོ། །

ནེའུ་རིང་གྲུབ་ཆེན་ཆོས་སྐྱོང་བདེ་ལེགས་ཀྱི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་ནེའུ་རིང་གྲུབ་ཆེན་ཆོས་སྐྱོང་བདེ་ལེགས་ནི། འཁྲུངས་ཡུལ་སེང་གེ་དོལ་པའི་སྤྲེ་པ། ཀུན་མཁྱེན་རྒྱལ་བའི་དབང་པོ་རྒྱལ་བྱེད་ཚལ་དུ་བཞུགས་དུས་ཞབས་ལ་གཏུགས། གདམས་པ་ཟབ་ཆོས་མཐའ་དག་གསན། ལ་སྟོད་བྱང༌། ནེ་རིང་སོགས་ཀྱི་རི་ཁྲོད་རྣམས་སུ་སྒྲུབ་པ་མཐར་ཕྱིན། ཐམས་ཅད་དུ་གྲུབ་ཐོབ་ཆེན་པོར་གྲགས། གཞན་ཚོགས་རྫོགས་པའི་ཆེད་དུ་གསེར་དངུལ་ནས་ཁབ་སྐུད་ཡན་བྱུང་ཐུབ་དབང་པདྨ་དཀར་པོའི་ཕྱག་རྫས་ཡིན་གསུང་གསོག །སྐབས་བསྟུན་གྱིས་འབུལ་དུ་བྱོན། འཇིག་རྟེན་ཆོས་བརྒྱད་ལས་གྲོལ། སྣང་བ་གཟའ་གཏད་མེད་པ་ཤར་བས། འགའ་ཞིག་གིས་སྨྱོན་པ་ལྟ་བུར་མཐོང༌། མ་ནམ་བཞི་སྐོར་ལ་ཐུགས་དམ་གྱི་རྩ་བར་འཛིན་ནས་མོས་གུས་ཁོ་ན་རྩལ་སྦྱོང་བས། ཀུན་མཁྱེན་པདྨ་དཀར་པོས། བྱང་དབེན་པའི་རི་བོའི་སྒོམ་ཆེན་པ། །ཚེ་བློས་བཏང་གི་སྒྲུབ་ཚུགས་མི་ལ་དང༌། །ནོར་ཟང་ཟིང་གི་འབུལ་སྐྱེལ་རྒོད་ཚང་པ། །ཆོས་ཕྱག་ཆེན་ལས་མི་གཡོ་དྭགས་པོ་བཞིན། །མི་ཁོ་བོའི་བློ་ཁ་རྫོགས་པར་མཆིས། །ཞེས་གསུངས་ནས་ཐུགས་ཟིན་པའི་སློབ་མ་ཞིག་ཡིན་ནོ། །

གནམ་མཚོ་དོ་པོ་ཆོས་གྲུབ་དཔལ་བཟང་གི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་གནམ་མཚོ་དོ་པ་ཆོས་གྲུབ་དཔལ་བཟང་ནི། འཕན་པོར་འཁྲུངས། ཐོག་མར་གསེར་མདོག་ཅན་དུ་མདོ་ཕྱོགས་ཀྱི་གསན་བསམ་མཐར་ཕྱིན། ཀུན་མཁྱེན་རྒྱལ་བའི་དབང་པོ་གཙང་རྒྱལ་བྱེད་ཚལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཞབས་པད་བསྙེན། དབང་ཁྲིད་གདམས་པ་མང་དུ་མནོས་ཏེ། ཙ་རིར་སྒྲུབ་པ་ལོ་གསུམ་མཛད། སླར་ཞབས་དྲུང་དུ་གདམས་པ་ལྷག་མ་ལུས་པར་གསན། ཁོང་གིས་ཞུས་ངོར། ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་བཤད་མཛད། བྱང་གནམ་མཚོ་སེན་མོ་དོར་ལོ་བཅུ་བཞིར་སྒྲུབ་པ་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། དེ་སྐབས་རླུང་ཟས་ལོ་གཅིག་མཛད་པས། ནམ་མཁའི་རླུང་ཟིན་རྟགས་སུ་བར་སྣང་ལ་སྐྱིལ་ཀྲུང་བཅའ་ནུས་པ་བྱུང་གསུང༌། གྲུབ་ཐོབ་ཀྱི་སྙན་པས་ཕྱོགས་ཀུན་ཁྱབ། རྒྱ་མ་ཁྲི་དཔོན་སོགས་མི་ཆེན་མང་པོས་ཞབས་ལ་གཏུགས། རྟོགས་ལྡན་གྱི་རྣལ་འབྱོར་པ་རྒྱུན་དུ་ཚོགས། ཕྲིན་ལས་བསམ་གྱིས་མི་ཁྱབ། སྒྲུབ་ཚུགས་འཛིན་ལུགས་འདི་ལྟ་བུ་དཀོན་ཞེས་རྒྱལ་བའི་དབང་པོ་ཉིད་ཤིན་ཏུ་དགྱེས་ནས་འདི་ཉིད་ལ་གནང་བའི་ཞལ་གདམས་ཀྱང་མང་ངོ༌། །