ཀུན་མཁྱེན་འབྲུག་པའི་སྐབས།

ངག་དབང་རིན་ཆེན་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་ངག་དབང་རིན་ཆེན་བསྟན་པ་རྒྱལ་མཚན་ནམ་གཙང་བསམ་ཆོས་སྐུ་ཕྲེང་དང་པོ་ནི། གཙང་དུ་འཁྲུངས། ཀུན་མཁྱེན་རྒྱལ་བའི་དབང་པོའི་ཞབས་པད་བསྟེན་ཡུན་རིང་བས་གསུང་ངག་ལ་འདྲིས། བསྲེ་འཕོའི་རྣམ་བཤད་རྡོ་རྗེ་འཆང་གི་དགོངས་པ་གསལ་བར་བྱེད་པ་སོགས་བསྟན་བཅོས་ཕལ་ཆེ་བའི་ཡིག་མཁན་དང༌། དོ་དམ་པ་མཛད། ཕྱིས་ཀུན་མཁྱེན་གྱིས་པ་སྣམ་བསམ་གྲུབ་ཆོས་སྡིངས་ཀྱི་བླ་མར་བཀོད་པ་གནང་ཞིང༌། གནས་དེར་ཆོས་བརྒྱུད་དར་བའི་རྟེན་འབྲེལ་སྒྲིག་པར་མཛད། དེ་ཡང་རྗེ་འདི་ཉིད་ཐོག་མར་ཟུར་གསང་སྔགས་གླིང་ཞེས་པའི་གྲོང་ཚོའི་བྱང་ངོས་མ་ལུང་གི་བྲག་ཕུག་ཏུ་བཞུགས་སྐབས། དྷརྨ་ཞེས་པའི་ཆོས་དཔེ་ཞིག་རླུང་གིས་ཁྱེར་བྱུང་བས། ཐུགས་དགོངས་ལ་ངའི་དགོན་པ་འདེབས་སའི་གནས་དེར་ཡི་གེ་འདི་བབ་པར་ཤོག་ཅེས་སྨོན་ལམ་བཏབ་པས། ད་ལྟའི་དགོན་གནས་འདིར་བབས། ཐུགས་མཉེས་ཏེ་ང་རང་གི་བསམ་པ་ལྟར་གྲུབ་སོང་གསུངས་ནས་དགོན་པ་ཕྱག་བཏབ་ཅིང༌། མཚན་ཡང་དེ་ལྟར་ཐོགས་པར་བཤད། དེར་སློབ་ཚོགས་མང་པོ་བསྐྱངས། ཕྱག་ལེན་ལ་ངེས་པའི་དབང་གིས་གསེར་མདོག་ཅན་གྱི་དགེ་བཤེས་མང་པོས་ཞབས་ལ་གཏུགས། ཁྲིད་གདམས་ངག་གི་ཕྲིན་ལས་ཆེའོ། །དེའི་ཡང་སྲིད་བསམ་ཆོས་སྐུ་ཕྲེང་གཉིས་པ་ཆོས་རྗེ་དོན་གྲུབ་རྣམ་རྒྱལ། གསུམ་པ་ངག་དབང་དཔལ་བཟང་མཆོག་གྲུབ། བཞི་པ་དཔག་བསམ་ཕྲིན་ལས་ཡར་འཕེལ། ལྔ་པ་ངག་དབང་བསྟན་འཛིན་འགྱུར་མེད། དྲུག་པ་ངག་དབང་འགྱུར་མེད་ལྷུན་གྲུབ། བདུན་པ་ངག་དབང་འགྱུར་མེད་ཡོན་ཏན་རྒྱ་མཚོ། སྐུ་ཕྲེང་བརྒྱད་པ་མཆོག་སྤྲུལ་བློ་གྲོས་དཔལ་ལྡན་རྣམས་རིམ་བཞིན་བྱོན་པའོ། ། འདིར་སྨྲས་པ། མུན་སྒོམ་བརྒྱ་ཕྲག་དུ་མའི་ཡི་ཆད་བསལ། ། ལེགས་བཤད་པདྨོ་སྟོང་གི་ཞལ་འབྱེད་གནང༌། ། རྗེས་འཇུག་སྐལ་བཟང་བྱེ་བའི་ལམ་སྟོན་མཛད། ། ཀུན་མཁྱེན་བླ་མ་སྨྲ་བའི་ཉི་མ་དངོས། །   ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། ཀུན་མཁྱེན་པདྨ་དཀར་པོ་སྐུ་གོང་འོག་དང་དངོས་སློབ་ཕལ་ཆེ་བའི་སྐབས་ཏེ་དགུ་པའོ།། །།

བྱར་ཁྲི་དཔོན་མི་ཕམ་ཚེའི་དབང་ཕྱུག་གི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་བྱར་ཁྲི་དཔོན་མི་ཕམ་ཚེའི་དབང་ཕྱུག་ནི། སྔོན་གྱི་ཡབ་མེས་རྣམས་ཀྱི་མཛད་སྲོལ་བཟང་པོ་གཙུག་ལག་གཉིས་ཉམས་པ་མེད་པར་བསྐྱངས། རྟེན་མཛེས་པའི་ཕྱིར་དབུ་སྐྲའི་གཙུག་ཕུད་ཀྱང་ཀུན་མཁྱེན་རྒྱལ་བའི་དབང་པོ་ལ་ཕུལ་ལོ། ། བླ་མ་གྲགས་པ་ནི། ཕོ་བྲང་ཡང་རྩེའི་ཆེན་པོ་བ་བསྐོ་བ་གནང༌། རྗེ་ལ་མི་ཕྱེད་པའི་དད་པ་ཐོབ་པ། གཟིམས་དཔོན་ཡང་རྒྱུན་རིང་མཛད་པ་ཞིག་ཡིན་ནོ། །

ཁ་ཆེ་ཟངས་དཀར་གྱི་རྒྱལ་པོ་གཞན་ཕན་བཟང་པོའི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་ཁ་ཆེ་ཟངས་དཀར་གྱི་རྒྱལ་པོ་གཞན་ཕན་བཟང་པོ་ནི། ཀུན་མཁྱེན་རྒྱལ་བའི་དབང་པོ་ལ་མི་ཕྱེད་པའི་དད་པ་ཐོབ་ནས་ཞབས་དྲུང་དུ་བྱོན། འབུལ་བ་གཏོས་ཆེ་བ་ཕུལ་ནས། ཕྱག་ཆེན་དང་ཆོས་དྲུག་གི་ཟིན་བྲིས་བརྩམ་པར་བསྐུལ། དེར་རྐང་འབམ་གྱི་ནད་གཞི་བྱུང་བས། ད་སྟོད་དུ་ལོག་ནས་བསྟན་པའི་ཞབས་ཏོག་ཏུ་འགྱུར་བ་ཞིག་བྱེད་བསམ་སྟེ། ནད་འདིས་མི་གཏོང་བ་འདྲ། ང་རང་གི་ཐད་ནས་འཆི་བ་ལ་འཚེར་བ་མེད་ཟེར། དགུང་ལོ་སུམ་ཅུ་རྩ་བདུན་ལ་སྐུ་གཤེགས། ཕུང་པོར་འཇའ་ཟུག །མེ་ཏོག་གི་ཆར་དང༌། ནམ་མཁའ་གཡའ་དག་པ་སོགས་བྱུང༌། དགེ་སྦྱོར་ཀྱང་བར་དོར་ལམ་བགྲོད་པ་ཙམ་ཡིན་འདུག་ཅིང༌། ཀུན་མཁྱེན་གྱིས། ཁོ་བོའི་ཟླ་ལ་མི་བརྒྱ་ཚོགས་སྟོང་ཚོགས་ཏེ། ཁོང་ལས་སྙིང་རུས་ཆེ་བ་མ་བྱུང༌། ལོ་གསུམ་ཙམ་ལས་མ་སོང་སྟེ། སྒོམ་ཆེན་རབ་ལ་ཐེ་བ་བྱུང་གསུངས་ནས་ཐུགས་ཤིན་ཏུ་མཉེས་པ་ཞིག་ཡིན་ནོ། །  

དམར་སྟོན་ལུང་བསྟན་རྡོ་རྗེའི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་དམར་སྟོན་ལུང་བསྟན་རྡོ་རྗེ་ནི། མཐུ་སྟོབས་ཀྱི་དབང་ཕྱུག་དམར་ཌཱ་ཀི་རས་ཆེན་གྱི་ཐུགས་སྲས་ཡིན། ཀུན་མཁྱེན་རྒྱལ་བའི་དབང་པོའི་ཞལ་སློབ་ཏུའང་གྱུར་ནས། བཀྲ་ཤིས་མཐོང་སྨོན་དང༌། དཔལ་རི་རྡོ་རྗེ་གདན་གྱི་ཆེན་པོ་ཆོས་རྗེ་གྲགས་པ་བཤེས་གཉེན་གྱི་གདན་སའི་སྤྱི་བླར་བསྐོས། ཟང་ཟིང་གི་ཞབས་ཏོག་སྔ་ཕྱི་བར་གསུམ་དུ་བསྒྲུབས། དགོན་ཆེ་ཕྲ་ལྔ་བཅུ་ཙམ་བསྐྱངས། ཕྲིན་ལས་ཤིན་ཏུ་ཆེ་བ་ཞིག་གོ། །

ལྷ་སྡིངས་རབ་འབྱམས་པའི་རྣམ་ཐར།

༈ ཀུན་མཁྱེན་དངོས་སློབ་ལྷ་སྡིངས་རབ་འབྱམས་པ་ནི། ཐོག་མར་གསེར་མདོག་ཅན་དུ་མདོ་ཕྱོགས་ཀྱི་གསན་པ་མཐར་ཕྱིན། འཛིན་རམ་ནམ་མཁའ་རྦད་གཅོད་བསྟེན་ནས་བཀའ་འགྱུར་གྱི་ལུང་བཞུགས། དབང་ཁྲིད་གདམས་པ་མཐའ་དག་ཐམས་ཅད་མཁྱེན་པ་ཆེན་པོ་ལ་གསན། གངས་ཏི་སེའི་རྡོར་འཛིན་དུ་རབ་བྱུང་དགུ་པའི་མེ་སྦྲུལ་༼༡༥༥༧༽ལོར་བསྐོས། དེར་སྤུ་རངས་རྒྱལ་པོ་སྨོན་ལམ་གྲུབ་དང༌། མོན་རྒྱལ་པོ་རྣམས་ཀྱི་བླ་མར་གྱུར། ཁ་ཆར་གྱི་གཙུག་ལག་ཁང་གི་བདག་མཛད་པས་ལོ་ཆེན་རིན་ཆེན་བཟང་པོའི་ཁྲི་ཐོག་ཏུ་ཐོན། རྡོ་རྗེ་འཛིན་པ་མདོ་སྔགས་རབ་འབྱམས་པར་གྲགས། ཕྲིན་ལས་ཤིན་ཏུ་ཆེའོ། །