སྟག་རྩེ་བྱ་བྲལ་མི་ཕམ་ཕུན་ཚོགས་ཤེས་རབ་ཀྱི་རྣམ་ཐར།

༈ དེའི་སློབ་མའི་གཙོ་བོ་སྟག་རྩེ་བྱ་བྲལ་མི་ཕམ་ཕུན་ཚོགས་ཤེས་རབ་ནི། སྐུ་ཕྲེང་དང་པོ་ཆོས་གྲགས་བསྟན་པ་རབ་འཕེལ་ཞེས་པ་དེ། བྱ་པཎྜི་ཏ་མི་ཕམ་ཆོས་ཀྱི་བླ་མ་དང༌། ཀུན་མཁྱེན་ཆེན་པོས་ས་ཐོབ་ཀྱི་སྐྱེས་བུར་ལུང་བསྟན། སྐུ་ཕྲེང་གཉིས་པ་ཀུན་མཁྱེན་དང་སེམས་དཔའ་རིན་ཆེན་དཔལ་བཟང་གཉིས་ཀྱི་དངོས་སློབ་བྱར་སྟག་རྩེ་སྐུ་སྐྱེ་ངག་དབང་བསོད་ནམས་དཔལ་བཟང༌། དེའི་སྐུ་སྐྱེ་དམ་པ་འདི་ཉིད་བྱོན་པ་སྟེ། བོད་དབུས་གཙང་དུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་༼༡༦༤༢༽ ལོར་འཁྲུངས། རྒྱལ་དབང་མི་ཕམ་དབང་པོ་དང་དགུང་མཉམ། ཆུང་ནས་ཆོས་འཆད་ཚུལ་སོགས་དམ་པའི་བག་ཆགས་མངའ། དགུང་ལོ་ལྔ་དྲུག་ཙམ་ལོན་པའི་སྐབས་རྗེ་ཅོག་གྲྭ་སྙན་གྲགས་དཔལ་བཟང་ཐོག་མར་བྱར་དུ་མཇལ་ཏེ། ཚེ་རྟའི་བཀའ་དབང་ཐོབ། ཞལ་མཇལ་བའི་མོད་ལ་ཟིལ་བུན་པ་དང་བཅས་འདིར་སྣང་གི་ཞེན་པ་ཡུད་ཅིག་འགགས། དེ་ནས་བཟུང་དད་པའི་དབང་པོ་ཕྲོགས། དགུང་ལོ་བརྒྱད་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་གདན་ས་བྱར་ཡུལ་སྟག་རྩེ་པད་དཀར་འབྲུག་རྒྱས་སུ་ཁྲི་འདོན་དང༌། མཚན་མི་ཕམ་ཕུན་ཚོགས་ཤེས་རབ་ཅེས་གསོལ། རྗེ་ཅོག་གྲྭ་སྐུ་ཞབས་རིགས་ཀྱི་ཅོད་པན་དུ་བསྟེན་ཏེ། རིམ་བཞིན་ཚིགས་བར་མ་དགེ་ཚུལ་གྱི་བསླབ་པ་དང༌། ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་གསན་བསམ་རྒྱ་ཆེར་གནང༌། ཁྱད་པར་ཆོས་རྗེ་གཙང་པ་རྒྱ་རས་གདན་ས་རིམ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་གཙང་མ་གཞན་གྱིས་བསྲེ་བསླད་མེད་པའི་སྒོམ་ཁྲིད་དང༌། གཞན་ཡང་ནཱ་རོ་ཆོས་དྲུག །ལམ་ཟབ་བླ་སྒྲུབ། རྟེན་འབྲེལ། རོ་སྙོམས། སྦྱོར་དྲུག་གསར་མ། བསྲེ་བ་འབུམ་ནག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོགས་ཁྲིད་ལུང་དབང་མཐའ་ཡས་པ་གསན། གཞན་ཡང་བླ་མ་མང་པོར་བསྟེན། འཆད་རྩོམ་ལ་ཐོགས་པ་མེད་པར་གྱུར། གདན་སར་ཀུན་མཁྱེན་འབྲུག་པའི་འཁྲུངས་རབས་ཕུན་སུམ་ཚོགས་པའི་སྐུ་བརྙན་འབུར་སྐུ་བཅུ་གསུམ་དང༌། མི་འཁྲུགས་པའི་སྟོང་རྩ་སོགས་བཞེངས་ཏེ། དེའི་དཀར་ཆག་སྙན་ངག་གིས་སྤྲས་པ་བརྩམས། སོ་གཉིས་ལ་ངེས་མེད་བྱ་བྲལ་ལ་འབྱོན་པའི་བློ་ཁོངས་ནས། བདོག་པའི་དངོས་པོ་སྤོང་ཐག་མཛད་དེ་ཅོག་གྲྭའི་སྐུ་ཞབས་སུ་ཕུལ་ཅིང༌། ཆོས་ཀྱི་བདུད་རྩིའི་མྱང་འཕྲོ་རྣམས་ལེགས་པར་གསན་ནས་སླར་བྱོན་པའི་ཚེ། སྐུ་ཞབས་ནས་བྱང་ཆུབ་ལྗོན་ཤིང་གི་ཕྱག་ཕྲེང་ཕྱག་ནས་ཕུད་དེ་སྐེ་ལ་བསྐོན། ལག་པ་གཡས་སུ་བྱིན་རླབས་ཀྱི་ཐུམ་བུ་དང༌། གཡོན་དུ་ཀ་ར་རྡོག་པོ་ཆེན་པོ་ཞིག་གཏད། རྒོད་ཚང་པའི་དམ་བཅའ་གསུམ་མའི་དཔེ་དང༌། རས་གཟན་དཀར་པོ་དྲི་མ་མེད་པ་ཞིག་དང༌། ཞྭ་དཀར་ལེགས་པོ་ཞིག་དང་བཅས་གནང་བྱུང་བས། བདག་མྱུར་དུ་བྱ་བཏང་བྱེད་པའི་ལྐོག་གྱུར་གྱི་བསམ་པ་དེ་དངོས་སུ་མཁྱེན་ནས་ངེས་གསང་རྟེན་འབྲེལ་གྱི་བརྡ་ཐབས་མཛད་པར་འདུག །གཞན་རྒྱུད་མཁྱེན་པའི་སངས་རྒྱས་མི་གཟུགས་དེ་དང་དངོས་སུ་མཇལ་བའི་མཐའ་མ་ནི་དེར་གྱུར་ཏོ་གསུངས། དེ་ནས་སོ་གསུམ་པ་ཤིང་ཕོ་སྟག་གི་སྟོན་ཟླ་ར་བའི་ནང་༼ཧོར་ཟླ་བརྒྱད་པའི་ཚེས་དགུ་ཟེར་བའང་འདུག༽འཁོར་ངན་པའི་རྐྱེན་གྱིས་ཐུགས་རྒྱུད་བསྐུལ་ཏེ། སྙིགས་དུས་ཀྱི་སྡེ་དགོན་སྡུག་བསྔལ་གྱི་རང་བཞིན་མེ་འོབས་དང༌། ཚེར་དོང་ལྟ་བུ་ལས་ཐར་བའི་སྐབས་རྙེད་དེ། གཉེན་འཁོར་དང་ཆེ་ཐབས་སོགས་ཚེ་འདིའི་བྱ་བཞག་ཐམས་ཅད་ལིང་གིས་བོར། བཤོལ་འདེབས་སྐྱ་སེར་མང་པོའི་དབུས་ནས་གཅིག་པུར་བྲོས་ཏེ། བྱར་དགའ་ཞེས་པའི་ཡུལ་གྲོང་རྣམས་བརྒལ་ནས། སྤོས་རོང་སྨད་ཀྱི་ཆུ་རབ་ཞིག་ཐོན་ནས་ཅུང་ཟད་འཛེགས་པའི་ས་ན་ཕུག་པ་སྐམ་པོ་ཞིག་གི་འདུག་པ་ལ་ཕེབས་པའི་ཚེ། སྔོན་མ་ལས་སྐྱེས་ནས་ད་ལྟའི་བར། །དོ་ནུབ་ལས་དགའ་བ་ཡོང་མ་མྱོང༌། །ཞེས་སོགས་ཀྱི་མགུར་གསུང༌། དེ་ནས་ཕོ་མ་བྱང་ཐང་དང༌། གཙང་གཞིས་ཀ་རྩེ་བརྒྱུད། ལ་ཕྱི་སྙན་གཡོན་གོ་དཱ་ཝ་རིར་སླེབས། དེར་རྗེ་རང་རིག་རས་པ་དང་མཇལ། སྔར་ནས་ཐུགས་འདྲིས་ཡོད་པ་དང་བཅས་ཐུགས་བརྩེ་བས་བཟུང༌། ཆོས་འབྲེལ་ཅི་རིགས་བསྩལ། བཀའ་དྲིན་ཅན་གྱི་ཡོངས་འཛིན་གཉིས་པར་གྱུར། གནས་དེ་ཉིད་དུ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་བཞུགས། ཐོག་མར་རྣམ་རྟོག་ལམ་དུ་འཁྱེར་མ་ཤེས་པས། ང་ལས་སྡུག་པ་ཞིག་ས་ཐོག་འདི་ན་མེད་སྙམ་པ་བྱུང་ཡང་བླ་མ་ལ་མོས་གུས་ལྟེམ་རྐྱང་མ་ཤོར་བས། མི་རིང་བར་རྣམ་རྟོག་སྒོམ་དུ་ཤར། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་གདེང་རྙེད། སླར་གངས་ཏི་སེར་ལོ་གསུམ། ཡོལ་མོ་གངས་རར་ལོ་ངོ་གཉིས། གཉའ་ནང་བདེ་ཆེན་སྟེང་དུ་ལོ་གསུམ་ཐེངས་གཉིས། ཙ་རི་ནང་དུ་ལོ་གསུམ་ཕྱོགས་གསུམ། ལ་ཕྱི་ལ་ཡང་ལོ་གསུམ། གཞན་ཡང་ཀོང་གནས་དང༌། མང་ཡུལ་སྟོད་སྨད། ལ་སྟོད་ཕྱོགས་ཀྱི་སྒྲུབ་གནས་མང་པོར་ལོ་ཟླ་དུ་མར་བཅད་རྒྱར་བཞུགས་ཏེ། སྒྲུབ་པའི་རྒྱལ་མཚན་བཙུགས། ཉམས་རྟོགས་ལ་བརྟན་པ་ཐོབ་ཅིང༌། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། ནུབ་གངས་དཀར་ཏི་སེ་ནས་ཤར་ཀོང་སྨད་རྒྱ་ལ་སེང་གཏམ་ཡན་དང༌། བྱང་རྭ་སྒྲེང་ནས་ལྷོ་བལ་ཡུལ་ཨ་སུ་རའི་བྲག་ཚུན་ཆོད་དུ་ཡོད་པའི་གནས་དང་དུར་ཁྲོད་ཕལ་ཆེར་ཕེབས་ཏེ། ལོ་གསུམ་དུ་ལྷམ་རྡོར་གྱི་རྣམ་ཐར་བསྐྱངས། མདོར་ན་གཉན་ས་བརྒྱ་དང་ཉི་ཤུ་རྩ་བརྒྱད་ལ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པར་གྲགས། ཕྱི་ཆ་ལུགས་རྣལ་འབྱོར་རས་པར་བཞུགས་ཀྱང༌། ནང་ཚངས་སྤྱོད་འདུལ་བ་འཛིན་པའི་དཔེར་འོས། ཕྱིས་གློ་བོའི་ཆོས་རྒྱལ་སོགས་ཀྱིས་ཞབས་ནས་བཏེགས་ཏེ། ཐུགས་ལ་མི་འདོད་བཞིན་དུའང་གསེར་དངུལ་སོགས་ཟང་ཟིང་ཆར་ལྟར་བབས་པ་ཞིག་བྱུང་བར། སྡིངས་པོ་ཆེར་སྒྲུབ་སྡེ་གསར་འཛུགས་ལ་འཕྲལ་གྱི་ཕོགས། ཕུགས་སུ་མཆོད་ཐེབས་སྦྱོར་འཇགས་དང༌། ཙ་རིའི་རོང་སྐོར་ལ་ཇ་ཚུས། བལ་བོད་ཀྱི་གནས་རྟེན་རྣམས་ལ་མཆོད་འབུལ། གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་འདུས་སྡེར་འབུལ་འགྱེད་སོགས་མཆོད་སྦྱིན་མཛད་པ་ནི་གྲངས་དང་མུ་མ་མཆིས། བཀའ་ལས་ཀྱང༌། ཚོགས་གཉིས་རྫོགས་ཀྱི་དགེ་བ་གོང་འཕེལ་དུ་བཏང་བ་མ་གཏོགས་རང་འདོད་ཀྱིས་གསོག་འཇོག་ཊམ་ཁ་གཅིག་ཀྱང་བྱས་པ་མེད་གསུངས། བསྟན་འགྲོའི་དོན་དུ་དགུང་ལོ་དྲུག་ཅུ་ལྷག་བཞུགས་པར་ངེས་ཀྱང་གཤེགས་ལོ་མ་རྙེད། རྗེ་འདིས་མཛད་པའི་ལེགས་པར་བཤད་པའི་གསུང་རྩོམ་ཡང༌། ཕྱག་རྒྱ་ཆེན་པོའི་ཡིན་ལུགས་ཞིབ་མོར་འབྱེད་པའི་ལེགས་བཤད་ངེས་དོན་རྒྱ་མཚོའི་འཇུག་ངོགས། རི་ཆོས་ཟབ་མོ་གྲུབ་པའི་བཅུད་ལེན་སྦྲང་རྩིའི་སྙིང་པོ། རྗེ་བཙུན་རྡོ་རྗེ་འཆང་དངོས་མི་ཕམ་སྙན་གྲགས་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོའི་ཟློས་གར། རང་གི་རྟོགས་བརྗོད་མེད་སྣང་ཆུ་ཟླའི་ཟློས་གར། གཞན་ཡང་དྲིས་ལན། ཞལ་གདམས། གསུང་མགུར་སོགས་པོད་གཉིས་བཞུགས། གསུང་གི་བདུད་རྩིས་བསྐྱངས་པའི་སློབ་མ་ནི། བུ་ཆེན་ཕུན་ཚོགས་སྙན་གྲགས། ཆོས་འཕེལ་རྒྱ་མཚོ། བྱ་བཏང་འབྲུག་ཕྲིན་ལས། ཚུལ་ཁྲིམས་མཐར་ཕྱིན། ཕུན་ཚོགས་ཡོངས་འདུས། ཕུན་ཚོགས་དབང་ཕྱུག །ཕུན་ཚོགས་དངོས་གྲུབ། ཕུན་ཚོགས་ནོར་བུ། སྡིངས་ཆེ་དགེ་སློང་བྱང་ཆུབ་རྒྱ་མཚོ། པདྨ་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཉི་མ་རྒྱལ་མཚན། འབྲུག་བདེ་ལེགས། གློ་བོ་ལྷ་བཙུན་མཆེད་གཉིས་སོགས་ཤིན་ཏུ་མང་ངོ༌། །