སྟག་ཚང་རས་པ་སྐུ་ཕྲེང་གཉིས་པ་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར།

༈ སྟག་ཚང་རས་པ་སྐུ་ཕྲེང་གཉིས་པ་མཚོ་སྐྱེས་རྡོ་རྗེ་ནི། རྗེ་གོང་མའི་ཞལ་ཆེམས་སུ། ང་ཧེ་མི་ནས་ལྷོ་ཕྱོགས་ཆུ་བོ་ཆེན་པོ་བརྒལ་བའི་ལྗོངས་གནྡྷོ་ལ་དང་ཉེ་བའི་ཡུལ་དུ་འགྲོ་རྒྱུ་ཡིན་ཞེས་གསུངས་པ་ལྟར། ཆོས་རྒྱལ་བདེ་ལྡན་རྣམ་རྒྱལ་གྱི་དུས། གར་ཞ་གུ་རང་མཁར་གྱི་ལྷ་ལྕམ་གྱི་སྲས་སུ། ཡ་ནམ་མཚོ་འགྲམ་དུ་རབ་བྱུང་བཅུ་གཅིག་པའི་ཤིང་ལུག་༼༡༦༥༥༽ལོ་ཙམ་ལ་སྐུ་འཁྲུངས། དེའི་ཕྱིར་མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཞེས་གསོལ། དགོན་པ་གསར་བཞེངས་དང༌། མགོན་པོའི་དབང་ཆོག་བཙུགས། དངུལ་གྱི་གདུང་རྟེན་དང༌། གཞན་ཡང་མཆོད་རྫས་མང་དུ་བསྐྲུན། ཟངས་དཀར་ཨ་ཏིང་གྲུབ་ཆེན་གྱི་རྣམ་ཐར་ལས། ཟངས་དཀར་རྒྱལ་པོ་བདེ་མཆོག་དང་ཁྲི་རྒྱལ་མོ་གཉིས་ཀྱིས་ཡུལ་དེར་གདན་ཞུས་ལྟར་ཀ་ནི་ཀ་དང་རྫོང་ཁུལ་དུ་ཕེབས། རྒྱལ་བུ་རྣམས་ཀྱི་སྐྲ་ཕུད་དང་མི་མང་ལ་ཚེ་དབང་སོགས་བཀའ་ཆོས་མང་པོ་གནང༌། བརྒྱ་འབུལ་ཕུལ་བར་གསུངས། དགུང་ན་ཕྲ་མོ་ལ་ཞི་བར་གཤེགས་པར་གྲགས་སོ། །