སྟག་ཚང་རས་པ་ངག་དབང་རྒྱ་མཚོའི་རྣམ་ཐར།

སྤངས་རྟོགས་ཡོན་ཏན་རྩལ་དྲུག་ཁོང་ནས་རྫོགས། །

མཛད་ཕྲིན་སྙན་གྲགས་མཆེ་སྡེར་མཐའ་ནས་རྒྱས། །

ཡབ་རྗེ་གྲུབ་པའི་དཔའ་བོ་སྟག་འདྲ་བ། །

ཤྭ་མོ་ནཱ་ཐ་བརྒྱུད་པ་བཅས་ལ་འདུད། །

 

༈ རྗེ་སྟག་ཚང་རས་པ་ངག་དབང་རྒྱ་མཚོའི་རྣམ་ཐར་ནི། མྱང་སྟོད་རྒྱལ་མཁར་རྩེའི་ཕོ་བྲང་གི་ཉེ་འདབས་སུ། འཁོན་མཐུ་བོ་ཆེའི་རྒྱུད་པ་ཡབ་མགོན་པོ་ཚེ་རིང་དང༌། ཡུམ་རིགས་བཟང་མོར་བྱེད་པ་ཞིག་གི་སྲས་སུ། རབ་བྱུང་བཅུ་པའི་ཤིང་ཁྱི་༼༡༥༧༤༽ལོར་སྐུ་བལྟམས། མིང་ཚེ་དབང་ལྷུན་གྲུབ་ཏུ་བཏགས། ལོ་བདུན་ལ་ཡི་གེའི་འབྲི་ཀློག་ཚེགས་མེད་དུ་མཁྱེན། ཀུན་མཁྱེན་པདྨ་དཀར་པོ་ལས་ཚོགས་མཆོད་དང་ཁྲོམ་དབང་བསྩལ་བའང་གསན། དགུང་ལོ་བཅུ་བཞི་ལ་འབྲུམ་ནད་ཀྱིས་སྙུང་བར། མཚན་རྨི་ལམ་དུ་བུད་མེད་གཅིག་གིས་ཁྱོད་འདིར་མ་སྡོད་པར་ཉི་མ་ཤར་ཕྱོགས་སུ་སོང་ཟེར་བ་ཡང་ཡང་བྱུང༌། མོ་རྩིས་ལྷ་བབ་རྣམས་ཀྱིས་བུ་འདི་ཆོས་བྱས་ན་འཕྲོད་པར་འདུག །དེ་མིན་ཚེ་རིང་པོ་མི་ཡོང་བ་འདུག་ཟེར་བས། གཉེན་འདུན་རྣམས་ཀྱིས་ཡབ་ཀྱིས་ཞལ་ཆེམས་ལྟར་ས་སྐྱར་ཆོས་སྒོར་འཇུག་རྩིས་ལ༑ ཐུགས་ལ་དེ་ཙམ་བབ་པ་མ་བྱུང་བས་རེ་ཞིག་དེ་གར་ལུས། གཞན་གྱིས་བརྙས་པ་མི་ཁྱེར་བའི་བློ་ཤེད་ཆེ་བས། ཡུལ་པ་ཀུན་གྱིས་ཡང་ན་སུས་ཀྱང་མི་ཐུབ་པའི་ཕོ་རྒོད་ཅིག་དང༌། དེ་མིན་ཉེ་དུ་རྣམས་ཕུང་བར་འདུག་གླེང༌། ཡུམ་དང་གཉེན་བཤེས་རྣམས་ནས་ཀྱང་ཁྱོད་ཀྱི་རྩུབ་སྤྱོད་འདིས་ངེད་རྣམས་རླུང་ལ་བསྐུར་བའམ། ཁྱེད་རང་འགུམ་པ་གང་འོས་ལས་མ་མཆིས་ཟེར་བས། ཆོས་ལ་འབྱོན་བཞེད་ཀྱི་འདོད་ཐོག་ཏུ་ཁེལ་ཏེ། དགུང་ལོ་ཉི་ཤུ་པར་རྗེ་ལྷ་རྩེ་བའི་དྲུང་དུ་བྱོན། ལ་ཁ་ཞིག་ནས་གཟིམ་སྤྱིལ་མཐོང་བ་ཙམ་གྱི་མོད་ལ་དགའ་སྤྲོ་ཚད་མེད་པའི་རྐྱེན་བྱས་ཉམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་དུ་མ་བརྙེས། མི་ཕྱེད་པའི་དད་པས་རྐྱང་ཕྱག་མང་པོ་མཛད་པས། དེ་དུས་ནས་བྱིན་རླབས་འཕོ་བའི་དབང་ཐོབ། ཞལ་མཇལ་ཏེ་གཙུག་ཕུད་ཕུལ། མཚན་ངག་དབང་རྒྱ་མཚོར་བཏགས། ལོ་གསུམ་ལྷག་ཙམ་རྣམ་རྒྱལ་ལྷུན་པོར་གྲྭ་ཚང་གི་སྒྲིགས་སུ་ཞུགས་ནས་སློབ་གཉེར་ཐོས་བསམ་གྱི་སྦྱངས་པའང་ཚད་མེད་མཛད། སྙན་བརྒྱུད་ཡུམ་བཀའ་རྒྱས་པ། རྡོར་ཕྲེང༌། བདེ་དགྱེས་གསང་གསུམ་སོགས་དབང་ཁྲིད་མན་ངག་གི་ཆོས་མཐའ་ཡས་པ་ཐོབ། ཁྱད་པར་ཕྱག་ཆེན་གྱི་ཉམས་ཁྲིད་བསྐྱངས་པས། དམིགས་རྟེན་ལ་སངས་རྒྱས་ཀྱི་སྐུ་རང་བསྒོམ་བདེ་བས་རེས་འགའ་རེག་ཏུ་རུང་བ་ཙམ་དང་ཉམས་ཀྱི་གསལ་སྣང་སྣ་ཚོགས་སྐྱེས། ལྕོག་མོའི་གཟིམས་ཕུག་ཐེས་བརྐོས་མར་ཟླ་བ་བརྒྱད་ལྷག་ཉིན་མཚན་བར་མེད་དུ་བསྒོམས་པས། དགེ་སྦྱོར་ལ་བྲོད་པ་སྐྱེས་ཏེ་ཞག་དུ་སོང་མི་ཚོར་བ་དང༌། རྟོག་པ་ཡང་ཆེར་མི་འགྱུ་བ། ལུས་ཀྱང་ཡོད་དུ་མི་ཚོར་བ་གསལ་དྭངས་ནམ་མཁའི་དཀྱིལ་ལྟ་བུ་ཕྱག་རྒྱ་ཆེན་པོ་འདི་ཡིན་པ་འདྲ་བསམ་པ་སོགས་བྱུང༌། དེ་ནས་རྗེའི་གསུང་ལྟར་གོང་དཀར་དུ་བྱོན། ངོ་སྤྲོད་མཛུབ་ཚུགས་སུ་མཛད་པས། སྔར་གྱི་ཉམས་བཟང་པོ་ཧྲུལ་གྱིས་ཞིག་སྟེ་གནས་ལུགས་ཀྱི་རྟོགས་པ་ཤར། ད་གསང་སྤྱོད་ལ་སོང་གསུངས། ཆུ་བོ་རི། གནམ་འབྲུག །ཡེར་པ་ལྷ་རི་སྙིང་པོ། དུར་ཁྲོད་བློ་མོས་རྒྱས། རྭ་སྒྲེང༌། འབྲི་གུང་སོགས་གནས་ཆེན་དང་གཉན་ས་རྣམས་སུ་ཕེབས་ཏེ་ཚར་ཚད་ལེགས་པར་འགྲིགས། སྟག་ལུང་དུ་རྗེ་ངག་དབང་རྣམ་རྒྱལ་ལ་ནཱ་རོ་ཆོས་དྲུག་དང་བཀའ་གདམས་བློ་སྦྱོང་གི་ཆོས་སྐོར་འགའ་ཞིག་གསན། ཁ་རག་ཤར་གྱི་བྲག་ཕུག་སེ་བ་ཅན་དུ་བཞུགས་སྐབས་ཤིག་སྙིམ་པ་གང་རེ་ཙམ་མལ་ནས་བྱུང་ཡང་སེལ་ཐབས་མ་མཛད་པར་བྱང་ཆུབ་སེམས་ཀྱིས་ལམ་དུ་ཁྱེར་བས་ཞག་བདུན་བརྒྱད་ནས་ཤིག་རྣམས་གར་སོང་ཆ་མེད་པར་ཟོ་མདོག་བདེ་བ་དང་སྡིག་པ་དག་པའི་རྟགས་མང་པོ་བྱུང༌། དེ་ནས་ལ་སྟོད་དུ་འབྱོན་པར་དགོངས་ནས་ལམ་བར་སྔར་གྱི་གཟིམས་ཁང་གི་ནང་དུ་ཐལ་གྱིས་བྱོན་པས། དར་ཅིག་ནས་ངོ་ཤེས་ཏེ། ནང་མི་ཀུན་གྱིས་ན་བཟའ་ལ་འཇུས་ནས་ངུས་པའི་ཚེ། ཕཊ་དྲག་པོ་གསུམ་བསྟུད་དེ་བརྗོད་པས་ཀུན་བཞད་གད་དུ་གྱུར། དེར་ཉེ་དྲུང་རྣམས་ཀྱིས་འདི་རུ་སྡོད་རིང་བཙུན་གཟུགས་བྱས་པ་ལེགས་ཟེར་བས། ཁྱེད་ཅག་དགའ་བའི་ཆོས་བརྒྱད་འདོར་ལེན་དེ་སྤང་བྱ་ཡིན། ཨེ་བདེན་ཕྱིས་ནས་ཤེས་ཡོང་གསུངས་ནས། དེར་ཡུན་རིང་མ་བཞུགས་པར་རྩེ་ཆེན་རྫ་མོ་དུར་ཁྲོད་དུ་ཟླ་བ་དགུ་བར་བླ་མ་སྒྲུབ་པའི་བཅད་རྒྱ་མཛད། དེ་ནས་ལ་སྟོད་རྒྱལ་གྱི་ཤྲཱི། ཆུ་དབར། ཏི་སེ། གློ་ཆུ་མིག་བརྒྱ་རྩ་སོགས་སུ་བྱོན་བཞུགས་ཀྱིས་མི་མ་ཡིན་གྱི་འགྲོ་བ་དུ་མ་སྨིན་གྲོལ་ལ་བཀོད། སླར་འཕྱོང་རྒྱས་སྟག་རྩེར་རྗེ་བླ་མའི་སྤྱན་སྔར་བྱོན། རྟོགས་པ་ཕུལ་བས། ཁྱོད་རང་ད་ལྟའི་དགེ་སྦྱོར་འདི་མ་འགྱུར་ན་མི་རིང་བར་མཉམ་རྗེས་འདྲེས་ངེས་ཤིག་ཡོང་བར་འདུག་གསུང༌། དེ་ནས་བླ་མའི་བཀའ་བཞིན་ཀོང་པོ་ཤེ་ལའི་སྒྲུབ་སྡེའི་དབུ་མཛད་ཀྱི་འགན་བཞེས་ཏེ། དཀའ་སྤྱད་སྙིང་རུས་བསྐྱེད་དེ་ལོ་བརྒྱད་ཀྱི་བར་བཞུགས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། ཙ་རི་སྟག་ཚང་རོང་དུ་ལོ་གཅིག་ལྷག་བཅད་རྒྱར་བཞུགས། གདོན་བགེགས་དབང་དུ་འདུས། ཐུགས་དམ་ལ་བོགས་ཐོན། དེ་ཕྱིན་སྟག་ཚང་རས་པ་གྲགས། རྗེའི་དྲུང་དུ་བྱོན། སྔར་མ་གནང་བའི་མཁའ་འགྲོ་སྙན་རྒྱུད་གྱི་ཆོས་སྐོར་བསྩལ་ནས་སྙན་རྒྱུད་ཀྱི་བཀའ་བབ་གཏད། ལས་འབྲེལ་འཇོག་ཕྱིར་རྒྱ་ནག་གླང་ཆེན་འགྱིང་རི་ཚུན་ཆད་ཕེབས། ལྷ་འདྲེ་མི་གསུམ་གྱི་འགྲོ་དོན་ཅི་ཡང་མཛད། སླར་འཁོར་ཏེ་ཐུགས་བསམ་ལ་ཙ་རི་རང་ལ་རྟག་བཞུགས་མཛད་བཞེད་ལ། བླ་མས་ཙ་རི་ལ་དེ་ཙམ་གྱིས་ཆོག །ཁྱོད་རང་རྐང་པ་མགྱོགས་པ་དང་བློ་སྟོབས་ཀྱང་མི་ཆུང་བ་འདུག་པས། སྟོད་གནས་རྣམས་དང་པུཥྤ་ཧ་རི་མཇོལ། གཙོ་བོ་བློ་རྩེ་ཨོ་རྒྱན་ལ་གཏད་ནས་སོང་གསུང༌། དེ་ནས་བླ་མ་དང་འབྲལ་མི་ཕོད་པའི་སྤྱན་ཆབ་བསིལ་བཞིན་དགུང་ལོ་བཞི་བཅུ་པར་ལམ་དུ་ཞུགས། བྱ་བཏང་གི་རྣམ་ཐར་བཟང་པོས་སྐྱེ་བོ་ཀུན་ཡིད་ཕྲོགས་ཏེ་མི་ཕྱེད་པའི་དད་པ་ལ་སྦྱོར་བཞིན་ས་སྐྱ། དིང་རི། གུ་གེ་གཞུང་ནས་ཤ་རམ་ལ་བརྒལ་ཏེ། ཡུལ་ཉེར་བཞིའི་ཛ་ལནྡྷ་ར་དང༌། ཁ་ཆེའི་ཡུལ་པུཥྤ་ཧ་རི་སོགས་མཇལ། མངའ་རིས་ཟངས་དཀར་དང་གར་ཞ་བརྒྱུད་དགུང་ལོ་ཞེ་གཉིས་པར་ཨོ་རྒྱན་ཡུལ་དུ་རང་ཉིད་གཅིག་པུར་བྱོན། དེར་ཛོ་ཀིའི་ཆས་སུ་བསྒྱུར་བས་མཚན་ཤྭ་མོ་ནཱ་ཐར་གྲགས། དེ་དག་གི་སྐབས་སུ་རོ་སྙོམས་ཀྱི་སྤྱོད་པས་རྐྱེན་ཀུན་ལམ་དུ་ཁྱེར་ཞིང་གང་སྣང་བདེ་སྟོང་ཤར་བའི་ཉམས་རྟོགས་ཀྱི་རྩལ་རྫོགས། དེ་ནས་མང་ཡུལ་དང་དབུས་གཙང་ཕྱོགས་སུ་ཕེབས་ནས་དབང་ཆོས་གང་འདོད་བསྩལ། རྒྱལ་དབང་དཔག་བསམ་དབང་པོའི་བཀའ་ལྟར། སྐུ་ཚེའི་སྨད་དུ་ལ་དྭགས་རྒྱལ་པོའི་མཆོད་གནས་སུ་བཞུགས་ཏེ། རྒྱལ་ཁབ་ཕྱི་ནང་ཞི་སྒྲིག་དང་ཡུལ་ཁམས་ཆོས་ལ་བསྒྱུར། ལ་དྭགས་སྐྱབས་མགོན་ཞེས་ཡོངས་སུ་གྲགས། དགུང་གྲངས་ང་གཅིག་པར་ཝཾ་ལེར་བདེ་ཆེན་རྣམ་རྒྱལ་གླིང་དང༌། ང་བདུན་པར་ཧེ་མི་བྱང་ཆུབ་ཆོས་གླིང༌། དོན་གཅིག་པར་ལྕེ་བདེ་ཐེག་མཆོག་དགོན་པ་ཕྱག་བཏབ། ལ་དྭགས་རྒྱལ་སྲས་འབྲིང་པོ་རབ་ཏུ་བྱུང་ཞིང༌། རབ་ཏུ་བྱུང་བའི་དགེ་འདུན་ལྔ་བརྒྱ་ཙམ་ཚོགས། དེ་དུས་བླ་མ་སྟག་ཚང་རས་པ་དང༌། རྒྱལ་པོ་སེང་གེ་རྣམ་རྒྱལ་ཏེ། མཆོད་ཡོན་སྟག་སེང་ཞལ་སྤྲོད་ཅེས་ལ་དྭགས་ཀྱི་ཆོས་སྲིད་དར་བའི་ཚད་དུ་རྩི། དེ་ནས་ཤེལ་མཁར་ཕོ་བྲང་དུ་ཐུབ་ཆེན་ལ་རབ་གནས་ལེགས་པར་མཛད་ཅིང༌། ཕྱག་ན་ཡོད་པའི་དངོས་པོ་ཐམས་ཅད་རིས་སུ་མ་ཆད་པའི་བཤད་སྒྲུབ་ཀྱི་སྡེ་ཆེ་ཕྲ་ཀུན་ལ་འབུལ་འགྱེད་གནང་སྟེ། རྒྱལ་པོ་སེང་གེ་རྣམ་རྒྱལ་གྱི་སྲས་རྒྱལ་པོ་བདེ་ལྡན་རྣམ་རྒྱལ་ལ་རྒྱལ་སྲིད་ཆོས་བཞིན་སྐྱོང་དགོས་པའི་ཞལ་བཀོད་བཅས། དགུང་ལོ་དོན་བརྒྱད་པ་ལྕགས་ཡོས་༼༡༦༥༡༽ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཉིན་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །སློབ་མ་ནི། ལ་དྭགས་ལྷ་བཙུན་དབང་པོའི་བྱང་ཆུབ། ལྷ་བཙུན་འཛམ་གླིང་གྲགས་པ། སློབ་དཔོན་དབོན་ཐར་པའི་ལམ་སྟོན། འབྲུག་པ་རྡོ་རྗེ། ཆོས་རྗེ་ངག་དབང་དོན་གྲུབ། བླ་མ་རིན་ཆེན་དོན་གྲུབ། དགེ་སློང་བསྟན་པ་དར་རྒྱས། བློ་གྲོས་རྣམ་རྒྱལ། ངག་དབང་ཡེ་ཤེས། བཛྲ་ཀྲོ་དྷ། ཧི་མ་ལ་སོགས་མང་པོ་དང༌། ཁྱད་པར་ཡོངས་འཛིན་གཉིས་པ་ཀུན་དགའ་ལྷུན་གྲུབ་ཀྱིས་བཀའ་ཆོས་གསན་ཞིང་རྣམ་ཐར་བཻཌཱུརྻ་དཀར་པོའི་རྒྱུད་མང་ཞེས་པའང་མཛད་དོ། །