སྐྱབས་མགོན་རྒྱལ་དབང་འབྲུག་པའི་གསུང་།(༣)

ཚིག་ལ་མ་བརྟེན་སྒྲོ་འདོགས་ནང་ནས་ཆོད། །
གནད་ལ་མ་བརྟེན་བྱིངས་རྒོད་རང་སལ་གྲོལ། །
ཐབས་ལ་མ་བརྟེན་བདེ་ཆེན་རྒྱུན་ཆད་མེད། །
ཉམས་མྱོང་མཐར་ཕྱིན་དཔལ་ལྡན་འབྲུག་པ་རྨད། །

འདིར་ཀློག་པ་པོ་ཡོངས་ལ་དོན་གྱི་གནད་ཅུང་ཟད་བཀྲལ་ཏེ་ཞུ་བ་ལ། སྟོན་པ་རྗེས་སུ་དྲན་པའི་སྒོ་ནས་ཉམས་སུ་བླང་བར་བགྱིའོ། །ཞེས་མདོ་ལས་ཇི་སྐད་གསུངས་པ་ལྟར། ཞི་བ་ཆོས་ཀྱི་དབྱིངས་སུ་རེ་ཞིག་མནལ་བའི་ཚུལ་བསྟན་པ་མཁན་ཆེན་ཡིད་བཞིན་ནོར་བུ་དོན་བརྒྱུད་ཉི་མའམ། དགེ་ལེགས་རྒྱ་མཚོ་ཞེས་མཚན་སྙན་གྱི་བ་དན་སྲིད་པ་གསུམ་ན་གྲགས་པ་གང་གི་གསང་གསུམ་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོར་རྟག་པར་རོལ་བའི་ཟློས་གར་གྱི་ཚུལ་མཐའ་དག་བརྗོད་ཀྱིས་ག་ནས་ལང་། འོན་ཏེ་ཚུལ་མཐོང་གདུལ་བྱ་རྣམས་ལ་བགོ་སྐལ་དུ་གྱུར་པའི་བཀའ་དྲིན་བླ་ན་མེད་པ་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་ཤིང་། མཁས་གྲུབ་ཡོངས་ཀྱི་དབུས་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁན་ཆེན་རྡོ་རྗེ་འཛིན་པའི་ཚུལ་བཞེངས་ཏེ། དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་སྒར་འཛི་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་གི་ཐོས་བསམ་སྒོམ་པའི་གྲྭ་ས་ཆེན་པོར་ཐུགས་རྗེས་གཟིགས་པ་མ་ལྷོད་པར་བསྐྱངས་ནས་མཁས་གྲུབ་ཀྱི་ཚང་བརྡོལ་ཅིང་། ས་སྟེང་ཡོངས་ལ་ཁྱབ་པར་མཛད་པའི་བཀའ་དྲིན་གྱིས་གཙོས་པའི་རྣམ་ཐར་མདོར་བསྡུས་ཕྱོགས་བསྡེབས་འདི་བཞིན་དད་ལྡན་ཀུན་ལ་གཟིགས་པ་དོན་ལྡན་དུ་འགྱུར་བར་སྨོན་ནོ། །
ཞེས་དཔལ་༧འབྲུག་པ་བཅུ་གཉིས་པ་ངོ་མས། བལ་པོ་འཕགས་ཤིང་གི་ཉེ་འདབས་རང་གནས་ཀྱི་རི་ཁྲོད་ཨཱ་མི་ཏ་བྷཱར་སུག་བྲིས་སུ་བགྱིས་པའོ།། །།

༼སྐྱབས་རྗེ་འཛི་སྒར་རིན་པོ་ཆེ་མཆོག་གི་གསུང་།༽

ཨོཾ་སྭསྟི། རབ་འབྱམས་རྒྱལ་བའི་གསང་གསུམ་གངྒཱའི་ཀླུང་། །མ་ལུས་གཅིག་ཏུ་འཁྱིལ་བ་ངག་གི་ལྷ། །རལ་པོད་ཕྱག་གི་དབུས་གནས་མཚམས་སྤྲིན་མདངས། །བླ་མ་འཇམ་དཔལ་དབྱངས་ལ་ཀུན་ནས་འདུད། །
དེ་ཡང་དམ་པ་གང་ཉིད་གྲངས་མེད་བསྐལ་པའི་སྔོན་ནས་ཟླ་དང་བྲལ་བའི་ཐུགས་བསྐྱེད་ཀྱི་ཁྱད་པར་ལ་བརྟེན། དེང་སྙིགས་ལྔ་བདོ་བའི་མུན་ཁྲོད་དུའང་ཞུམ་མེད་སྙིང་སྟོབས་ཀྱི་གོ་ཆ་བཞེས་ནས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་ཡོང་བར་འཕགས་ཆེན་དམ་པའི་རྣམ་ཐར་ལྷུར་མཛད་ཅིང་། བཤད་སྒྲུབ་བསྟན་པའི་སྐྱེད་ཚལ་འཛིན་མའི་ཁྱོན་ཐམས་ཅད་དོག་པོར་བཀང་ཞིང་། ལྷག་པར་དུ་རང་ལུགས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཆོས་ཀྱི་དར་ཆེན་ཕྱར་མཁའ་དབྱིངས་སུ་སྒྲེང་བ་ལ་གཞན་དྲིང་མི་འཇོག་པའི་ཐུགས་སྤོབས་དང་ལྡན་པ། འདྲེན་མཆོག་དམ་པ་མཁན་ཆེན་དོན་བརྒྱུད་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཤུལ་དུ་མོས་ལྡན་གྲྭ་སློབ་རྣམས་ཀྱིས་སྐུ་དྲིན་རྗེས་དྲན་གྱི་ཚུལ་དུ་༼དད་གསུམ་འདྲེན་པའི་ཕོ་ཉ་ཞེས་པ་༽རྣམ་ཐར་གཙོ་བོར་གནང་བའི་སྨྲེང་གསོལ་གྱི་སྙན་རྩོམ་ཕྱོགས་བསྒྲིགས་གནང་བ་ལ། ཁོ་བོས་ཀྱང་རྗེས་སུ་ཡི་རང་དང་འབྲེལ་བཀྲ་ཤིས་སྨོན་ལམ་བཟང་པོའི་མཚམས་སྦྱོར་དང་བཅས། འཕགས་ཡུལ་ཧི་མ་ལའི་ཆར་ཟ་ཧོར་མཚོ་པདྨ་འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་ནས། ཕྲན་འཛི་སྒར་མཆོག་སྤྲུལ་གྱི་མཚན་འཛིན་དགུ་པས་ཕུལ།

༼རྗེ་བཙུན་བླ་མ་སངས་རྒྱས་ཕྲིན་ལས།༽

༄༅། །ཡོན་ཏན་གཞི་མ་ཚུལ་ཁྲིམས་རིན་པོ་ཆེ། །ངེས་འབྱུང་རྒྱུད་བསྐུལ་མཁན་སློབ་གྲངས་ཚང་མདུན། །ལེགས་པར་ནོད་ནས་སྲོག་ལྟར་གཅེས་པར་བསྲུངས། །ཚུལ་ཁྲིམས་མཐར་ཕྱིན་ཁྱོད་ཉིད་ཕྱག་གི་གནས། །མདོ་རྒྱུད་བསྟན་བཅོས་རིག་པའི་གནས་རྣམས་ལ། །གཞོན་ནུའི་དུས་ནས་བརྩོན་འགྲུས་དྲག་པོ་ཡིས། །ལེགས་པར་སྦྱངས་ནས་ཕྱི་ཡི་སྒྲོ་འདོགས་ཆོད། །མཁས་པའི་ཕུལ་ཕྱིན་ཁྱོད་ཉིད་ཕྱག་གི་གནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་ཉིད། །ཆོས་ཀྱི་ཉིང་ཁུར་གོ་ནས་དུས་རྟག་ཏུ། །བློ་སྦྱོང་མཛད་ཅིང་རྒྱུད་ལ་འཁྲུངས་པ་ཡི། །སེམས་དཔའ་ཆེན་པོ་ཁྱོད་ཉིད་ཕྱག་གི་གནས། །རྡོ་རྗེ་ལུས་ལ་རླུང་སེམས་གནད་བསྣུན་པས། །ལྷན་སྐྱེས་ཡེ་ཤེས་དབང་མེད་སྐྱེ་བའི་ཐབས། །རྩ་རླུང་ཐིག་ལེའི་རྣལ་འབྱོར་མཆོག་མངའ་བའི། །གྲུབ་ཐོབ་ཆེན་པོ་ཁྱོད་ཉིད་ཕྱག་གི་གནས། །རང་དོན་སྤངས་དང་རྟོགས་པའི་ཡོན་ཏན་རྫོགས། །གཞན་དོན་གདུལ་བྱ་མཆོག་དམན་བར་མ་ལ། །བསྟུན་པའི་ཆོས་ཀྱི་ཆར་ཆེན་འབེབ་མཛད་པ། །འགྲོ་དོན་མཐར་ཕྱིན་ཁྱོད་ཉིད་ཡང་ཡང་དྲན། །
ཅེས་རྗེས་དྲན་ཆེད་དུ་སློབ་བུ་ཐ་ཤལ་བུདྡྷའི་མིང་གིས་རབ་རྒྱན་ས་གླང་ལོའི་ས་ཟླའི་ཚེས་བརྒྱད་ལ་བྲིས།། །།

༼གསེར་རྟ་མཁན་པོ་འཆི་མེད་རིག་འཛིན།༽

༈ མཁས་པའི་སློབ་ཚོགས་མང་དུ་བསྐྱངས་ནས་བཤད་དང་སྒྲུབ་པའི་བསྟན་པ་སྤེལ། །དབེན་པའི་རི་ནས་སྒྲུབ་ཚུགས་བཟུང་སྟེ་བཀའ་བརྒྱུད་གོང་མའི་རྣམ་ཐར་བསྙེགས། །ཚེ་ཆོས་སྒྲུབ་པ་མཐའ་རུ་ཕྱིན་ནས་དག་པའི་ཞིང་ལ་ལྟད་མོར་ཕེབས། །བཤེས་གཉེན་ཆེན་པོ་དོན་བརྒྱུད་ཉི་མ་བདག་སོགས་འགྲོ་བའི་གཙུག་གི་རྒྱན། །མདོ་སྔགས་ཆོས་ལ་བློ་གྲོས་ཡངས་ཤིང་བླུན་ལ་གཤེ་བའི་ཚིག་ཟུར་མེད། །བསྟན་པའི་ཡོན་ཏན་ཕུལ་དུ་ཕྱིན་ཅིང་དམན་པའི་འགྲོ་ལ་ལྷག་པར་བརྩེ། །བྱ་བྲལ་ཀུན་སྤངས་སྐྱོང་ཞིང་རང་བསྟོད་གཞན་སྨོད་གསུང་སྒྲོས་བྲལ། །བཀའ་གདམས་གོང་མའི་རྣམ་ཐར་འཛིན་པའི་བཤེས་གཉེན་དམ་པའི་ཆེ་བ་དྲན། །
ཞེས་པ་འདི་རྗེ་དགེ་རྒྱམ་རིན་པོ་ཆེའི་རྗེས་དྲན་དུ་གང་གི་ཞལ་སློབ་འཆི་མེད་རིག་འཛིན་གྱིས་གུས་ཕུལ།