ལྷོ་འབྲུག་སློབ་དཔོན་སྨོན་ལས་རབ་བཟང་གི་རྣམ་ཐར།

༈ སློབ་དཔོན་སྨོན་ལམ་རབ་བཟང་ནི། འབྲུག་ཀྲོང་གསར་མང་སྡེ་སྟང་སྦིས་ཚང་ཁ་ཞེས་པར། རབ་བྱུང་བཅོ་ལྔ་པ་ས་སྟག་༼༡༨༧༨༽ལོར་འཁྲུངས། སློབ་དཔོན་ཚུལ་ཁྲིམས་མཐར་ཕྱིན་གྱི་སྐྱེ་བར་གྲགས། ཞབས་དྲུང་ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་ནས་ཆོས་མིང་སྨོན་ལམ་རབ་བཟང་ཞེས་བཏགས། སྐུ་ན་ཕྲ་དུས་ནས་ཀྲོང་གསར་གྲྭ་ཚང་དང༌། དབང་འདུས་གྲྭ་ཚང་གཉིས་སུ་རེ་མོས་སུ་བཞུགས་ཏེ། གར་ཐིག་དབྱངས་གསུམ་སོགས་གྲྭ་ཚང་གི་སློབ་གཉེར་སྤྱི་དང༌། ཁྱད་པར་ལྷ་བྲིས་པ་བསྟན་འཛིན་དབང་དྲག་བསྟེན་ནས་ལྷ་བྲིས་དང་འཇིམ་བཟོ་སོགས་ལ་སྦྱོང་བརྩོན་མཐར་ཕྱིན་མཛད་དེ་མཁས་པར་གྱུར། ཀྲོང་གསར་རྫོང་གི་སྒྲོལ་མ་ལྷ་ཁང་ནང་གི་ལྡེབས་རིས་སྒྲོལ་མ་ཉེར་གཅིག་དང་རྣམ་རྒྱལ་མ་དང༌། ཕྱག་ན་རྡོ་རྗེའི་འཇིམ་སྐུ་སོགས་སྐུ་བརྙན་མང་པོ་ཞིག་རྗེ་འདིའི་ཕྱག་རྩལ་ལས་གྲུབ་པ་ཡིན་འདུག །གཞན་ཡང་ཁྱད་ཆོས་དུ་མས་ཕྱུག་པའི་སོར་མོའི་སྒྱུ་རྩལ་གྱི་ཕྱག་ཤུལ་ཧ་ཅང་མང༌། རྗེ་མཁན་རབས་ཞེ་གསུམ་པ་བསྟན་འཛིན་ལྷུན་གྲུབ་སོགས་ལས་འབྲུག་ལུགས་ཀྱི་དབང་ལུང་ཁྲིད་མང་པོ་གསན། རིག་གནས་སྐོར་མང་པོ་ཞིག་ནི་གསན་མ་དགོས་པར་གཟིགས་པ་ཙམ་གྱིས་མཁྱེན་པའང་བྱུང༌། དེ་ནས་གོང་ས་ཨོ་རྒྱན་དབང་ཕྱུག་གིས་ཤིང་རྟ་༼༡༨༩༤༽ལོར་བུམ་ཐང་སྐུ་རྗེ་ལྷ་ཁང་གསར་བཞེངས་མཛད་སྐབས་སུ་ཁོང་ལྷ་བཟོའི་ཁྲོད་ན་ཡོད་པས། གོང་ས་རྒྱལ་བཙུན་ཟུང་གི་ཐུགས་ལ་མ་བབ་པའི་རྐྱེན་ཞིག་གིས་བསྐུལ་ཏེ། བུམ་ཐང་མཚམས་པ་ལ་དང༌། མོན་ལ་དཀར་ཆུང་རྣམས་བརྒལ་ནས་བོད་ཕྱོགས་སུ་བྱོན། ཐོག་མར་ལྷ་སར་ལོ་གཅིག་ཙམ་རིང་གནས་སྐོར་དང་ལྷ་བྲི་བ་སོགས་མཛད་ཅིང་བཞུགས། སྐབས་དེ་དུས་མདོ་ཁམས་ཕྱོགས་ན་གྲུབ་དབང་ཤཱཀྱ་ཤྲཱི་མཚན་གྲགས་ཤིན་ཏུ་ཆེ་བར་བརྟེན། ཞབས་དྲུང་དུ་བཅར་འདོད་ཆེན་པོ་བྱུང་ཏེ། ལྷ་ཡོན་ཅུང་ཟད་བྱུང་བ་རྣམས་བསྣམས་ནས་ཁམས་སུ་ཕེབས། སྔ་མའི་ལས་འཕྲོ་བཟང་པོ་དུས་སུ་སྨིན་ཏེ་ཞལ་མཇལ་བ་ཙམ་གྱིས་དད་པ་ཐོབ་ཅིང༌། རིམ་བཞིན་གདམས་ངག་བཀའ་རྒྱ་ལྔ་དང༌། སྙན་རྒྱུད་ཟབ་པའི་མཐར་ཐུག་སོགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཚང་རྫོགས་སུ་གསན་བསམ་ལྷུར་བཞེས། ལྷག་པར་ཆོས་དྲུག་ལ་བཀའ་བབ་ཅིང་ཉམས་བཞེས་རྩལ་དུ་བཏོན་པས། ནམ་ཐོ་རངས་ཙམ་ནས་ནམ་ལང་བར་ཆུ་རས་བཅུ་དྲུག་ཙམ་བསྐམས་ནུས་པ་དང༌། དབྱར་དགུན་མེད་པར་རས་རྐྱང་ཐུབ་པ། ཐུར་མའི་ཕྱག་བཞེས་ལ་རྟགས་དངོས་སུ་ཐོན་པ་སོགས་ཉམས་རྟོགས་བཟང་པོ་འཁྲུངས། གྲུབ་དབང་གི་རྣམ་ཐར་དུའང་སྒོམ་པ་ནཱ་རོ་ཆོས་དྲུག་ཉམས་སུ་ལེན་པའི་སློབ་གྲས་སུ་བཞག་པར་མཛད་དོ། །ཆོས་མགོན་བརྒྱད་པ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་ལས་ཀྱང་སྔ་རྗེས་སུ་འབྲུག་ལུགས་ཀྱི་དབང་ལུང་དཔག་མེད་གསན་པས་གདམས་པའི་མཛོད་དུ་གྱུར། དེ་ནས་གྲུབ་དབང་རིན་པོ་ཆེ་ཙ་རི་སྐྱིད་ཕུག་ཏུ་ཕེབས་པའི་སྐབས་ཕྱག་ཕྱི་མཛད་ཅིང༌། གནས་དེར་ལོ་ངོ་གསུམ་ཙམ་ལ་དཔོན་སློབ་འབྲལ་མེད་དུ་བཞུགས་པའི་མཐར། སོ་བཞི་ལྕགས་ཕག་ལོར་འབྲུག་ཏུ་འབྱོན་ཁར་བླ་མས་སྐུ་རྟེན་གསེར་ཟངས་ཀྱི་ཚེ་དཔག་མེད། གསུང་རྟེན་རྡོར་གཅོད་གསེར་བྲིས། ཐུགས་རྟེན་རྡོར་དྲིལ་དང་གནས་ཀྱི་ལུང་བསྟན་བཅས་གནང་ནས། ཐོག་མར་བུམ་ཐང་ཐར་པ་གླིང་གི་ལྟག་ཆོས་བྲག་དབེན་གནས་སུ་བྱོན་ནས་ཐུགས་དམ་ལ་རེ་ཞིག་བཞུགས། དེར་སྔར་ནས་ཞལ་ཤེས་ཟིན་བྲིས་བཏབ་པ་རྣམས་ཕྱོགས་བསྒྲིགས་ཀྱིས་ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་སོགས་བརྩམས། དེ་ནས་བླ་མའི་ལུང་བསྟན་བཞིན་འབྲུག་ཤར་ཕྱོགས་བཀྲ་ཤིས་སྒང་དུ་མཁའ་གླིང་དགེ་བགྲེས་བཀྲ་ཤིས་ཚེ་རིང་གིས་གདན་ཞུས་ལྟར་ཕེབས་ཤིང༌། ལས་དང་སྨོན་ལམ་གྱི་མཐུས་རྫོང་དཔོན་སྲས་རྡོ་པོའམ་ཕྲིན་ལས་སྟོབས་རྒྱལ་གྱིས་དབུ་བླར་བཟུང་ནས་མཆོད་ཡོན་ཐུགས་ནང་གཤིན་པ་ཞིག་ཏུ་གྱུར། ཕྱིས་དགོན་གནས་འདེབས་པ་རྣམས་ཀྱི་མཐུན་འགྱུར་རོགས་རམ་ཐམས་ཅད་འདིས་གནང་བ་ཡིན། རྫོང་དཔོན་འདིས་སྦྱིན་བདག་མཛད་ནས་རོང་ཐུང་ཡུལ་སྟོད་མོང་ལེན་ཟེར་བའི་དབེན་རིར་སྒྲུབ་པ་མཛད་ཅིང་བཞུགས། བར་སྐབས་ཤིག་ལ་གྲུབ་དབང་ཞི་བར་གཤེགས་པའི་ཚེ་སླར་ཙ་རི་བྱར་སྐྱིད་ཕུག་ཏུ་སྐོར་ཙམ་ཕེབས་ནས་དགོངས་རྫོགས་མཆོད་འབུལ་དང་གདུང་རྟེན་བཅས་བཞེངས་པའི་ཕྱག་རོགས་ཞུས། གཙོ་བོར་བཞུགས་གནས་སྔར་བཞིན་རོང་ཐུང་མོང་ལེན་དུ་མཛད། གནས་དེ་ཡང་དབེན་ཞིང་ཉམས་དགའ་ལ་དགེ་སྦྱོར་ཡང་འཕེལ་བར་བྱུང་བས། མཚན་ཡང་བཀྲ་ཤིས་ཆོས་དུང་དགོན་ཞེས་གསོལ་ཅིང༌། སྐལ་ལྡན་གྱི་ཨ་ནི་དད་པ་ཅན་སོགས་སྒྲུབ་པ་བ་ཕོ་མོ་མང་ཙམ་འདུས། གསུང་སྐད་ཤིན་ཏུ་སྙན་པས་དགྱེས་པའི་ཉམས་མགུར་དང་ཆོས་གཞས་མང་པོ་གསུངས། གནས་དེར་ལོ་བཅུ་གཉིས་ཙམ་བཞུགས་པར་བཤད། གཞན་ཡང་ཤིང་ཅན་དགོན་པ་དང༌། མཁའ་གླིང་བར་གཤོང་དགོན་པ་རྣམས་སུ་བར་འགའ་བཞུགས་པའི་མཐར། རྐང་པར་དགོན་པར་བྱོན་ནས་ལྷ་ཁང་གསར་བཞེངས་ལ་རབ་གནས་དང་སྨྱུང་གནས་དཀར་པོ་ཆ་བརྒྱད་ཅིག་བཙུགས་ཤིང༌། སྐྱ་སེར་མང་དུ་འདུས་པ་རྣམས་ལ་གསེར་ཕྲེང་གི་ལུང་ཡང་བསྩལ། སྔ་ཕྱི་དགོན་གནས་ཐམས་ཅད་དུ་ལོ་ལྟར་ཆོ་འཕྲུལ་ཟླ་བ་ལ་དཀར་པོ་ཆ་བརྒྱད་དང་མ་ཎི་འདྲེན་པའི་སྲོལ་བཟང་པོ་བཙུགས་པས། ད་ལྟ་ཡང་སྲོལ་མ་ཉམས་པར་ཡོད། དེ་ནས་བླ་མས་ལུང་བསྟན་པའི་གནས་བཙལ་བའི་ཕྱིར་ས་ཕྱོགས་གང་སར་བྱོན་བཞུགས་མཛད་དེ། བཀྲ་ཤིས་སྒང་རྐང་པར་ཡུར་གནས་ཚེ་ཕུ་ཟེར་བར་མཚན་བཀྲ་ལེགས་པ་དང་རྟེན་འབྲེལ་འགྲིག་པ་བྱུང་བས་ལུང་བསྟན་པའི་གནས་སུ་དགོངས་ནས། དགུང་ལོ་ང་གཅིག་ས་འབྲུག་༼༡༩༢༨༽ལོར་གནས་དེར་བླ་མ་དགོན་པའི་གཙུག་ལག་ཁང་བཞེངས་པའི་དབུ་བཙུགས། མཐུ་ཆེན་ཆོས་མགོན་བརྒྱད་པ་ནས་དགོན་པའི་མཚན་བྱང་ལྷུན་གྲུབ་བསམ་གཏན་ཆོས་གླིང་ཞེས་བསྩལ། རིམ་པས་འགལ་རྐྱེན་བར་ཆད་ཅི་ཡང་མེད་པར་ཕྱི་ནང་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང༌། ཞོར་དུ་བཀྲ་ཤིས་སྒང་རྫོང་ཉམས་གསོ་དང་རྒྱ་བསྐྱེད་ཀྱི་བཀོད་རྒྱ་སོགས་ཀྱི་ཐུགས་འགན་བཞེས། རང་གི་གདན་སར་ལོ་གསུམ་ཕྱོགས་གསུམ་ལ་སྐུ་མཚམས་བཞུགས་ཤིང༌། བཅད་རྒྱ་གྲོལ་རྗེས་དད་ཅན་ཨ་ནི་སྒོམ་ཆེན་མ་སོགས་འདུས་པ་རྣམས་ལ་ཕྱག་ཆེན་སྔོན་འགྲོ་ནས་བཟུང་ཟབ་ཆོས་ཀྱི་ཆར་པ་ཕབ་ཅིང་ཉམས་རྟོགས་ཀྱི་མྱུ་གུ་ཁ་འབུས་པར་མཛད། ཨ་སྦི་སྤང་སྐྱིད་ཞུ་བའི་ཉ་མ་དད་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེས། ཕྱག་འཚལ་བའི་པང་ལེབ་ངོས་སུ་འདམ་ལ་རྫིས་པ་ལྟ་བུའི་ཞབས་རྗེས་བཞི་ཙམ་གསལ་བར་བྱུང་འདུག་པ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད། བླ་སློབ་ཐམས་ཅད་ཉིན་ལྟར་རྟེན་གསུམ་མཆོད་འབུལ་ལ་ཞིབ་པར་བརྩོན་ཅིང༌། མཆོད་པ་འབུལ་ལུགས་ཀྱི་ཕྱག་སྲོལ་དེ་ཤིན་ཏུ་ངོ་མཚར་བ་ཡོད་སྐད། གཞན་ཡང་བྱར་སྐྱིད་ཕུག་གི་གདན་སའི་རྟེན་གསུམ་ཉམས་གསོའི་མཐུན་རྐྱེན་ཕུལ་བ་སོགས་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེར་གནང་བ་དང༌། བོད་དང་བལ་ཡུལ་སོགས་ཡུལ་རིས་དུ་མར་ཞབས་ཀྱིས་བཅགས་ནས་གང་ལ་གང་འདུལ་གྱི་བསྟན་འགྲོའི་དོན་ཅི་ཡང་མཛད་ཅིང༌། ཞབས་དྲུང་ཐུགས་སྤྲུལ་བདུན་པ་འཇིགས་མེད་བསྟན་འཛིན་གྱི་ཡོངས་འཛིན་ཡང་རེ་ཞིག་གནང་བའི་མཐར། དགུང་ལོ་རེ་བརྒྱད་ཤིང་བྱ་༼༡༩༤༥༽ལོའི་བོད་ཟླ་དང་པོའི་ཚེས་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །གསུང་རྩོམ་ནི་ཕྱག་ཆེན། ཆོས་དྲུག །ཉམས་མགུར། ཆོས་གཞས། ཞུ་འཕྲིན། གསོལ་མཆོད་སོགས་མང་པོ་ཞིག་བཞུགས་པ་ལས། ད་ལྟ་ཕྲིན་ལས་རྒྱས་པར་གྱུར་པ་ནི་ཆོས་དྲུག་གི་ཁྲིད་ཡིག་ཞལ་ཤེས་ཟབ་མོ་འདི་ཉིད་ཡིན་ནོ། །ཡང་སྲིད་ཀརྨ་བསྟན་འཛིན་ཆོས་ཀྱི་སྙིང་པོ་ཞེས་པ་བྱོན་ཡང་ཁྲིར་མ་ཕེབས་ཤིང་བསྟན་དོན་ཆེར་མ་དམིགས། གདན་སར་བླ་ཚབ་དང་པོ་བསོད་ནམས་སྟོབས་རྒྱལ་གྱིས་ལོ་བཅུ་གཉིས་དང༌། བླ་ཚབ་གཉིས་པ་དཀོན་མཆོག་རྡོ་རྗེས་ལོ་ངོ་ཉེར་གཅིག་དང༌། ད་ལྟར་བླ་ཚབ་གསུམ་པ་རྒྱལ་མཚན་སྤྲུལ་སྐུ་ཀུན་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེས་གནང་བཞིན་པའོ། །