ལྷོ་འབྲུག་སློབ་དཔོན་བསོད་ནམས་བཟང་པོའི་རྣམ་ཐར།

༈ གྲུབ་དབང་བསོད་ནམས་བཟང་པོ་ནི། ཤར་ཕྱོགས་ཀུར་སྟོད་དུང་དཀར་ཉེ་འདབས་གླིང་བྱ་བར། ཡབ་ལྷུན་རྫོང་པ་ཕུན་ཚོགས་དབང་འདུས་དང༌། ཡུམ་བསོད་ནམས་སྒྲོལ་མའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་༼༡༨༩༣༽ ལོར་འཁྲུངས། དགུང་གྲངས་གསུམ་ཙམ་ལ་ཞབས་དྲུང་སྐུ་ཕྲེང་ལྔ་པ་འཇིགས་མེད་ཆོས་རྒྱལ་ལ་གཙུག་ཕུད་ཕུལ་ཏེ། མཚན་བསོད་ནམས་བཟང་པོར་བཏགས། བདུན་པར་ཀུར་སྟོད་ལྷུན་གྲུབ་རྩེ་རབ་སྡེར་ཆོས་སྒོར་ཞུགས། རིམ་བཞིན་གནས་བརྟན་པད་དཀར་དང་དོན་ཡོད་རྡོ་རྗེ་ལས་ཡི་གེ་འབྲི་ཀློག་དང༌། འབྲུག་ལུགས་ཆོས་སྤྱོད་རིམ་པ་ལ་སྦྱངས་གོམས་ཕུལ་དུ་གྱུར། དབུ་ཅན་དབུ་མེད་སོགས་ཡིག་རིགས། གསེར་བཟོ་ཤིང་བཟོ་སོགས་བཟོ་རིགས། མཆོད་རྟེན་ཐིག་རྩ་དང་དཀྱིལ་འཁོར་བྲི་ཐིག་སོགས་ལས་རབ་འབྱམས་ཀུན་ཐོགས་པ་མེད་པར་མཁྱེན། བཅུ་དྲུག་ལ་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གི་བཀའ་ལྟར་ངལ་བ་ཁྱད་བསད་ཀྱིས་བོད་ཁམས་ཆབ་མདོ་གྲུ་གུ་གསོལ་སྡེར་ཁར་གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་དྲུང་དུ་ཕེབས་ནས། ཕྱག་ཆེན། ཆོས་དྲུག །རོ་སྙོམས་སོགས་དང༌། ཁྱད་པར་ཐུན་མིན་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་གསན་བསམ་མཐར་ཕྱིན་མཛད་དེ། གྲུབ་དབང་མཆོག་ཞི་བར་གཤེགས་ཀྱི་བར་ཕལ་ཆེར་འབྲལ་མེད་དུ་བཞུགས་ནས་ཚུལ་བཞིན་བསྙེན། རྟོགས་ལྡན་སྨིན་གྲོལ་ལས་ལུས་སྦྱོང་འཁྲུལ་འཁོར་སྐོར་དང༌། རོ་སྙོམས་དང་བླ་སྒྲུབ་ཀྱང་གསན་པར་མཛད། གཞན་ཡང་རྒྱལ་དབང་འབྲུག་ཆེན་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོ། འཛི་སྒར་བདུན་པ་བསྟན་འཛིན་དཔལ་བཟང༌། གྲུབ་སྲས་འཕགས་མཆོག་རྡོ་རྗེ། ལྷོ་འབྲུག་རྗེ་མཁན་པོ་སྲིད་ཞི་རྣམ་རྒྱལ། སྤ་གྲོ་རྗེ་ཤེས་རབ་རྒྱལ་མཚན་གྱི་སྐུ་སྐྱེ་གནས་བརྟན་ཤེས་རབ་རྣམ་རྒྱལ་སོགས་ལས་འབྲུག་ལུགས་ཀྱི་དབང་ལུང་ཁྲིད་གསུམ་དང༌། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། གཏེར་ཆེན་མཆོག་གླིང་གི་སྲས་མོའི་སྲས་བསམ་གཏན། བདུད་འཇོམས་ཡེ་ཤེས་རྡོ་རྗེ་སོགས་ལས་རྙིང་མའི་དབང་ལུང་ཁྲིད་མན་ངག་བཅས་གསན་བསམ་རྒྱ་ཆེར་མཛད། ལྷོ་བྲག་མཁར་ཆུར་ལོ་གསུམ་དང༌། སྦས་ཡུལ་འཁན་པ་ལྗོངས་སུ་ལོ་གསུམ་བཅད་རྒྱར་བཞུགས། སྐབས་དེར་གྲུབ་ཆེན་ངག་དབང་བསམ་གཏན་གྱི་སྐྱེས་རབས་རྨི་ལམ་དུ་གསལ། གཞན་བོད་ཁམས་དང་དབུས་གཙང༌། འབྲུག་ཤར་ནུབ་སོགས་ངེས་མེད་ཀྱི་དབེན་གནས་རྣམས་སུ་སྤོང་བའི་བརྟུལ་ཞུགས་ལྷུར་བཞེས་ཏེ་རིམ་གཉིས་ལ་བརྩོན་པས་ཉམས་རྟོགས་མཐོན་པོར་ཕེབས་ཤིང༌། སྐྱེས་ཆེན་དུ་མས་བསྔགས་པའི་ཡུལ་དུ་གྱུར། གསང་བའི་ལས་རྒྱར་པདྨ་ལྷ་སྒྲོན་དང་དོན་གྲུབ་པདྨོ་གཉིས་བཞེས་པ་ལས་སྲས་མོ་གཉིས་འཁྲུངས། ཕྱོགས་མཐར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ལས། བོད་ཙ་རི་སྐྱིད་ཕུག་གི་གདན་སར་གུ་རུ་ལྷ་ཁང་དང་སྒྲུབ་སྡེ། དེ་བཞིན་བལ་ཡུལ་འཕགས་ཤིང་ཉམས་གསོའི་འགན་བཞེས། གཞན་ཡང་རྡོར་གླིང་ཁར་ཤང་རི་ཁྲོད་ཀྱི་ཁང་བཟང་མཆོད་རྟེན། ཀུར་སྟོད་གསེར་གཞོང་ལྷ་ཁང༌། ཕ་ཇོ་སྡིངས་ལྷ་ཁང་དང་འབྲེལ་སྒྲུབ་སྡེ། ལྷོང་མཚོ་བཀྲ་ཤིས་སྒང་དུ་སྒྲུབ་སྡེ། རླུང་ཅུ་ཟེ་ལྷ་ཁང་ཉམས་གསོ། སྤུང་ཐིམ་རྫོང་ནང་མགོན་མང་ཡོངས་རྫོགས་ཀྱི་ཐང་ནག་གསར་བཞེངས་སོགས་འབྲུག་ཡུལ་གཙོ་བོར་གྱུར་པའི་རྒྱ་བོད་རྣམས་སུ་སྒྲུབ་སྡེ། ལྷ་ཁང༌། མཆོད་རྟེན། གསུང་རབ་སོགས་གསར་བཞེངས་དང་ཉམས་གསོ་ཞལ་བཀོད་བསམ་གྱིས་མི་ཁྱབ་པ་མཛད། ཁྱད་པར་འཁན་པ་ལྗོངས་སུ་སྒྲུབ་པ་དང་འབྲེལ་ཟངས་མདོག་དཔལ་རིའི་བློས་བསླངས་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཛད་པ་ནི། རིག་འཛིན་པད་གླིང་གཏེར་བྱོན་སྦས་ཡུལ་འཁན་པ་ལུང་གི་གནས་ཡིག་ལས། བསོད་ནམས་མིང་ཅན་བྱང་གི་ཕྱོགས་ནས་ཡོང༌། །ཞེས་ལུང་བསྟན་པ་དང་མཐུན་པའོ། །དེ་དག་ཀྱང་བསོད་ནམས་གསོག་པའི་ཆེད་ཙམ་ལས། རང་དོན་སྐད་གྲགས་དང་ཡོང་སྒོ་བསྡུ་ཐབས་སོགས་མི་ཆོས་ཀྱི་བདག་འཛིན་གདན་སྐྱོང་གནང་སྲོལ་མེད། ལོ་བསྟར་བཞིན་གཤིན་གསོན་གྱི་འབུལ་དངོས་ཅི་འབྱོར་སྤོང་དག་གནང་སྟེ། སྒྲུབ་ཆེན་དང་ཚོགས་མཆོད་བཅས་རང་གཞན་བསོད་ནམས་སྤེལ་བའི་གཞིར་སྨིན་པར་མཛད། གདན་ས་དཔལ་སེང་ཕུག །སྐུར་སྟོད་གསེར་གཞོང༌། ལྷ་རྫོང་དགོན། དཔལ་འབྱོར་ཆོས་གླིང་དགོན་གཙོ་བོར་གྱུར་པའི་ཡུལ་ཕྱོགས་གང་སར་ཕེབས་བཞུགས་གནང་སྟེ། ཟབ་ཆོས་དོན་གཉེར་ཅན་རྣམས་ལ་ཕྱག་རྫོགས་ཀྱི་ཁྲིད་སྤྱི་དང༌། བྱེ་བྲག་ཏུ་སྐལ་ལྡན་རྣམས་ལ་སྙན་རྒྱུད་ཀྱི་ཕ་ཕོགས་ཡིད་བཞིན་དུ་བསྩལ་བ་སོགས་གང་ལ་གང་འཚམས་ཀྱི་སྨིན་གྲོལ་རྒྱབ་རྟེན་བཅས་པའི་ཆོས་འཁོར་ཡང་ཡང་བསྐོར་བས། ཞལ་སློབ་བསྟན་པ་འཛིན་སྐྱོང་ནུས་པ་མང་པོ་ཞིག་བྱུང༌། དམ་པའི་སྐྱེ་སྤྲུལ་དུ་མ་ཞིག་ཀྱང་ངོས་འཛིན་གནང་ཞིང་རྗེས་སུ་བཟུང་བའི་མཐར། དགུང་ལོ་དགུ་བཅུ་ཐམ་པ་ཆུ་ཁྱི་༼༡༩༨༢༽ལོའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ། །སྐུ་གདུང་ལ་རིང་བསྲེལ་ངོ་མཚར་ཅན་བྱོན་ཅིང༌། ཞལ་གདམས་དང་གསུང་མགུར་སྐོར་འགའ་ཙམ་བཞུགས། ཕྱག་རྫོགས་ཀྱི་བཀའ་ཆོས་གསན་པའི་ཞལ་སློབ་གཙོ་བོ་ནི། བདུད་འཇོམས་གདུང་སྲས་ཕྲིན་ལས་ནོར་བུ། སྲས་མོ་འཇམ་དབྱངས་ཆོས་སྒྲོན་གྱི་སྲས་རྫོང་སར་མཁྱེན་སྤྲུལ། གཏེར་སྟོན་ངག་དབང་ཕུན་ཚོགས། རྗེ་མཁན་པོ་ཉི་ཟེར་སྤྲུལ་སྐུ་ཕྲིན་ལས་ལྷུན་གྲུབ། རྗེ་དགེ་འདུན་རིན་ཆེན། རྗེ་ཡོན་ཏན་འོད། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་ངག་དབང་འགྱུར་མེད། གྲུབ་སྲས་ངག་དབང་ཡེ་ཤེས་རང་གྲོལ། རྒྱལ་མཚན་སྤྲུལ་སྐུ་ཀུན་བཟང་བསྟན་པའི་རྒྱལ་མཚན། སྲས་རིན་པོ་ཆེ་དགེ་ལེགས་རྣམ་རྒྱལ། འཛི་སྒར་མཁན་ཆེན་ནོར་གཡང༌། བླ་མ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ། ཡོ་བྲག་རིག་འཛིན་རྡོ་རྗེའི་སྤྲུལ་སྐུ། སེ་བ་ལ་བྱམས་སྤྲུལ། བལ་པོ་ཤེར་རྡོར་སྤྲུལ་སྐུ། ཉེ་གནས་བསོད་ནམས་ཆོས་འཕེལ་སོགས་ཡིན་ནོ། །

འདིར་སྨྲས་པ།

ལུགས་བཟང་སྤྲིན་དཀར་གཡོས་པའི་གུར་ཁང་དུ། །

ཆོས་ཚུལ་དབྱར་སྐྱེས་རྔ་བོ་ཆེ་བརྡུངས་པས། །

མཁས་དང་གྲུབ་པའི་སྦྲང་ཆར་སིལ་མར་བབས། །

ཕན་དང་བདེ་བའི་ལོ་འདབ་རབ་ཏུ་རྒྱས། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། སྔོན་ཞབས་དྲུང་དང་ཕྱིས་ཤཱཀྱ་ཤྲཱི་གཉིས་ནས་བརྒྱུད་པའི་ལྷོ་འབྲུག་མཁས་གྲུབ་ཐོར་བུའི་སྐབས་ཏེ་བཅུ་གཉིས་པའོ།། །།