ལྷོ་འབྲུག་ཡོ་བྲག་བླ་མ་རིག་འཛིན་རྡོ་རྗེའི་རྣམ་ཐར།

༈ གྲུབ་དབང་ཤཱཀྱ་ཤྲཱིའི་ཞལ་སློབ་འབྲུག་ཡོ་བྲག་བླ་མ་རིག་འཛིན་རྡོ་རྗེ་ནི། འབྲུག་ལྷུན་གྲུབ་རྩེའི་རྫོང་ཁོངས་ཀུར་སྟོད་སྒང་གཟུང་ངར་ཞེས་པར། ཡབ་སངས་རྒྱས་དཔལ་འབྱོར་དང༌། ཡུམ་ཚེ་རིང་ཆོས་འཛོམས་ཟུང་གི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ས་བྱི་༼༡༨༨༨༽ལོར་སྐུ་བལྟམས། ཆོས་ཀྱི་བག་ཆགས་བཟང༌། ཆོས་རྗེ་པད་དཀར་རྒྱ་མཚོའི་རྣམ་འཕྲུལ་དུ་གྲགས། དགུང་ལོ་དྲུག་ནས་ལྷུན་རྩེའི་རྫོང་གྲྭ་ཚང་བླ་མ་གནས་བརྟན་ལ་གཙུག་ཕུད་ཕུལ་ནས་མཚན་རིག་འཛིན་རྡོ་རྗེར་གསོལ། འབྲི་ཀློག་དང་ཆོ་ག་སྦྱངས། ནར་སོན་པ་དང་དཀའ་བ་དང་དུ་བླངས་ཏེ། བོད་མདོ་ཁམས་སུ་ཆོས་འཚོལ་དུ་ཕེབས། དེར་གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་ལ་གཏུགས་ཤིང༌། ཕྱག་ཆེན་དང་ཆོས་དྲུག་སོགས་བཀའ་གཏེར་སྨིན་གྲོལ་གྱི་རིམ་པ་རྣམས་རྫོགས་པར་ཞུས། མཉེས་པ་གསུམ་གྱིས་སྲི་ཞུ་སྒྲུབ་པར་མཛད། དེ་ནས་བླ་མའི་བཀའ་བཞིན་ལྷོ་ཡུལ་དུ་ཕེབས་ནས་གནས་ཆེན་སེང་གེ་རྫོང་སོགས་དབེན་གནས་དུ་མར་སྒྲུབ་པར་མཛད་ཅིང༌། ཁྱད་པར་ཡོ་བྲག་དགོན་གནས་སུ་རྒྱུན་རིང་བཞུགས་ཏེ། གནས་ཁང་སྨྱུག་མ་ལས་བྱས་པ་དང༌། འཚོ་བའང་བསོད་སྙོམས་ཙམ་ལ་བསྟེན་ནས་ཉམས་བཞེས་ཐུན་བཞིའི་རིམ་པ་མ་ཆག་པར་བརྩོན་པར་མཛད། སྐབས་དེར་ཉམས་ལ་རྗེ་གྲུབ་པའི་དབང་ཕྱུག་མཇལ་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་སྣང་བ་ཞིག་བྱུང་བས། སྔར་དང་མི་འདྲ་བའི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། རིམ་པས་རྫོང་དཔོན་ཀུན་བཟང་རྣམ་རྒྱལ་གྱིས་སྦྱིན་བདག་མཛད་དེ། ཡོ་བྲག་དབེན་གནས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང༌། སྐལ་བཟང་འདུས་པ་རྣམས་ལ་ཁམས་དབང་མོས་པ་དང་འཚམས་པའི་མདོ་རྒྱུད་མན་ངག་གསར་རྙིང་གི་ཆོས་ཚུལ་རྣམས་བསྟན་ནས་རྗེས་སུ་འཛིན་པར་མཛད་པས། ཞལ་སློབ་ཀྱང་བླ་མ་ཆོས་བཟང༌། ཚེ་མཚམས་པ་ཚེ་དབང༌། གནས་བགྲེས་ཚེ་རིང༌། སློབ་ཟླ་བ་དཔལ་འབྱོར། སློབ་རྒྱ་མཚོ། དྲག་ཤོས་ཀུན་བཟང་རྣམ་རྒྱལ་སོགས་ངུར་སྨྲིག་འཆང་བ་དང་གོས་དཀར་འཆང་བ་བཟང་ལ་མང་བ་བྱུང༌། དེ་ནས་དགུང་གྲངས་ང་ལྔ་པ་ཆུ་རྟ་༼༡༩༤༢༽ལོའི་ཆོ་འཕྲུལ་ཟླ་བའི་ནང་བདུད་རྩི་སྨན་སྒྲུབ་འཚོགས་བཞིན་པར། ཚེས་བཅུ་གསུམ་ཉིན་ངོ་མཚར་བའི་ལྟས་བཅས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ། །རྫོང་དཔོན་གྱིས་བདག་རྐྱེན་དང་འབྲེལ་གྲུབ་དབང་བསོད་ནམས་བཟང་པོས་དབུ་འདྲེན་མཛད་དེ། སྐུ་གདུང་ལས་རིང་བསྲེལ་འཁྲུངས་པ་རྣམས་བཞུགས་པའི་གདུང་རྟེན་ཡང་གནས་དེར་ལེགས་པར་བཞེངས་སོ། །