ལྷོ་འབྲུག་མཁས་གྲུབ་བསྟན་འཛིན་རྒྱ་མཚོའི་རྣམ་ཐར།

༈ ལྷོ་འབྲུག་མཁས་གྲུབ་བསྟན་འཛིན་རྒྱ་མཚོ་ནི། ལྷོ་ཁ་བཞི་སྨན་ལྗོངས་ཀྱི་ཤར་སྟོད་ཀྱི་ཡུལ་ཀ་བཞི་ལུང་ཆེན་དུ། ཡབ་བསོད་ནམས་དོན་གྲུབ་དང་ཡུམ་བཀྲ་ཤིས་དཔལ་མོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་༼༡༨༨༣༽ ལོར་སྐུ་བལྟམས། ཡབ་ཀྱིས་སངས་རྒྱས་ནོར་བུར་བཏགས། དགུང་གྲངས་བདུན་པར་སྤུངས་ཐང་བདེ་བ་ཅན་དུ། མཁན་དམ་ཆོས་རྒྱལ་མཚན་གྱི་དྲུང་དུ་གཙུག་ཕུད་ཕུལ་ཏེ། ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ངག་དབང་བསྟན་འཛིན་རྒྱ་མཚོར་གསོལ། བཅུ་གཅིག་པར་མཁན་འཇམ་དབྱངས་རིན་ཆེན་ལ་དགེ་ཚུལ་གྱི་སྡོམ་པ་ཞུས། སྐྱབས་མགོན་འཇིགས་མེད་ཆོས་རྒྱལ་གྱི་ཞབས་དྲུང་ནས་འབྲུག་ལུགས་བསྐྱེད་རྫོགས་ཀྱི་ཆོས་སྐོར་མང་པོ་གསན། བཅུ་དྲུག་ནས་འབྲི་གུང་རྡོར་འཛིན་ལྔ་རིག་སྨྲ་བའི་དབང་ཕྱུག་གི་ཞབས་གཏུགས་ཏེ་སྒྲ་དང་དབུ་མའི་སྐོར་སོགས་གཙུག་ལག་རིག་གཞུང་མང་པོ་གསན་སྦྱོང་གནང་བཞིན་པའི་སྐབས། གྲུབ་དབང་ཤཱཀྱ་ཤྲཱིའི་སྙན་པ་ཐོས་པའི་མོད་ལ་སྐུ་ལུས་བ་སྤུ་ལྡང་བའི་དད་པ་བྱུང་ཞིང༌། ཆོས་རྒྱལ་རིན་པོ་ཆེར་ཁམས་ལ་འགྲོ་འདུན་ཡོད་པའི་སྙན་འབུལ་ཞུས་པ་ལྟར་བཀའི་གནང་བ་ཐོབ། བཅོ་བརྒྱད་པར་ཨ་རྩ་བླ་མ་དང་གྲྭ་མཆེད་དངོས་གྲུབ་ལྷན་ར་ལུང་བརྒྱུད་རིམ་བཞིན་ལྷ་སར་ཕེབས། དེར་གནས་མཇལ་དང༌། གོང་ས་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་བསྙེན་པར་རྫོགས། དེ་ནས་བཟུང་སྐུ་ཚེར་འདུལ་བ་འཛིན་པའི་མཆོག་ཏུ་བཞུགས། དེ་ནས་ཨ་རྩ་བླ་མའི་ཞབས་རྗེས་བསྙེགས་ཏེ་བྱང་ཐང་དང་ལ་ལུང་མང་པོ་དཀའ་ངལ་བརྒྱ་སྟོང་གིས་བསྒྲོད་དེ་མདོ་ཁམས་གྲུ་གུའི་རི་ཁྲོད་དུ་ཕེབས། གྲུབ་དབང་རིན་པོ་ཆེ་ཤཱཀྱ་ཤྲཱིའི་ཞལ་མཇལ། ཐུགས་བརྩེ་བ་ཆེན་པོའི་སྒོ་ནས། ཐོག་མར་ལམ་ཟབ་བླ་མཆོད་ཀྱི་བཀའ་དབང་བསྩལ་ཅིང༌། ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་སོགས་ཉམས་ཁྲིད་དུ་བསྩལ། གཞན་ཡང་བདེ་མཆོག་པདྨ་བཛྲ་གྱི་དབང་དང་བདེ་མཆོག་བཅུ་གསུམ་མ་སོགས་གསར་རྙིང་དབང་ཆོས་གང་གནང་བ་ཐམས་ཅད་གསན། དབྱར་སྟོན་ཟླ་རེར་བསོད་སྙོམས་མཛད་དེ་གང་བྱུང་དེས་ཆོག་གིས་དཀའ་སྤྱད་ཆེན་པོས་གསན་སྒོམ་ཕྲུགས་མར་མཛད་བཞིན་བཞུགས། སྐབས་དེར་གཏུམ་མོའི་དྲོད་ཀྱི་བོགས་འདོན་ཆུ་རས་གཏོང་ཉིན་ཐོ་རངས་ནས་ནམ་ལངས་ཀྱི་བར་དུ་ཆུ་རས་ཐེངས་བཅུ་དྲུག་རེ་སྐེམ་པ་དང༌། ཉེ་འགྲམ་གྱི་འཁྱག་རོམ་ཆུར་ཞུ་བ་དང༌། དབྱར་དགུན་མེད་པར་རས་གོས་རྐྱང་པས་ཆོག་པ་སོགས་བདེ་དྲོད་ཀྱི་རྟགས་དང༌། ཐུར་མའི་ཕྱག་ལེན་མཛད་དུས་འདྲེན་ཐེངས་རེས་ཆུ་ཐོད་ཕོར་གང་ལྷག་ཙམ་རེ་དྲངས་ཐུབ་པ་སོགས་རྩ་ཐིག་རླུང་གསུམ་འབྱོངས་པའི་ལམ་རྟགས་ཀྱི་ཡོན་ཏན་བརྗོད་ལས་འདས་པ་འཁྲུངས། འཇམ་མགོན་མི་ཕམ་རིན་པོ་ཆེ་ལས་ཀྱང༌། ཚིག་བདུན་རྣམ་བཤད་དང་རྟོགས་ལྡན་རྒན་པོའི་མཛུབ་ཁྲིད་སོགས་ཐོབ། དེ་ནས་ཉམས་ཁྲིད་ཕལ་ཆེར་ཚར་བ་རྣམས་རི་ཁྲོད་སོ་སོར་གཏོང་མཛད་པར་བརྟེན། བླ་མ་དང་འབྲལ་མི་ཕོད་བཞིན་དུ་རིམ་པར་མདོ་དབུས་བརྒྱུད་འབྲུག་བུམ་ཐང་དུ་ཕེབས། ཆོས་རྒྱལ་ཆེན་པོས་དགྱེས་འཛུམ་དང་བཅས་ལེགས་སོའི་གནང་ཆ་བསྩལ། བོད་དུ་ལོ་བཅུ་གྲངས་འགོར་བའི་རིང་ཡབ་དང་མིང་སྲིང་འགའ་ཞིག་མི་རྟག་པར་གྱུར་པ་དང༌། ཡུལ་དུས་གནས་སྐབས་ཀྱང་སྔར་ལས་གཞན་དུ་འགྱུར་བའི་སྣང་ཚུལ་རྣམས་གཟིགས་རྐྱེན་གྱིས་ངེས་འབྱུང་གི་གསོས་སུ་སྨིན་ཏེ། ཟླ་ཤས་ནས་སྦས་ཡུལ་གླང་མོ་བྲག་ཏུ། དགུང་གྲངས་སོ་གཉིས་ནས་བཟུང་ལོ་གསུམ་གྱི་བཅད་རྒྱར་གཞོལ། ཐོག་མར་ལམ་ཟབ་བླ་སྒྲུབ་དང༌། དེ་རྗེས་བདེ་ཕག་གི་ལྗགས་བསྙེན། མཐར་མཚན་བཅས་མཚན་མེད་རྫོགས་རིམ་རྣམས་ཐུགས་ཉམས་སུ་བསྟར་ཞིང༌། དབུ་སྔས་ལ་མི་འཇོག་པར་སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད། དབྱར་དགུན་མེད་པར་ན་བཟའ་རས་རྐྱང་ཁོ་ན་དང༌། ཟླ་རེ་བཞིན་འབྲུ་དང་སྨན་གྱི་བཅུད་ལེན་ཕྱག་ལེན་དུ་བསྟར་བ་སོགས་སྔོན་བྱོན་དཀར་བརྒྱུད་གོང་མའི་རྣམ་ཐར་རྗེས་སུ་བསྐྱངས། རྗེ་གྲུབ་དབང་ཤཱཀྱ་ཤྲཱི་ཙ་རི་སྐྱིད་ཕུག་ཏུ་ཞབས་སོར་འཁོད་སྐབས། སླར་ཡང་ཞབས་པད་དུ་བཅར་ནས། གྲུབ་རྗེ་ཉིད་ཀྱི་དགོངས་གཏེར་དང་སྙན་བརྒྱུད་གསང་བའི་མཐར་ཐུག་གི་ཆོས་སྐོར་དང༌། གཞན་ཡང་གསང་སྔགས་གསར་རྙིང་གི་དབང་དང་མན་ངག་ཟབ་ཁྲིད་དཔག་མེད་གནང་བ་ཐམས་ཅད་གསན། སྐུ་གཤེགས་རྗེས་སུའང་དགོངས་རྫོགས་གང་དགོས་སྒྲུབ་པའི་མཐར་ལྷོ་ལྗོངས་སུ་ཕེབས། ཞེ་གསུམ་སྐབས་སྦས་ཡུལ་གླང་མོ་བྲག་ཏུ་ལོ་གསུམ་ཐེངས་གཉིས་པ་དང༌། གཞན་ཡང་ཀུར་སྟོད་སེང་གེ་རྫོང་སོགས་དབེན་གནས་ངེས་མེད་དུ་བཞུགས་ཤིང་སྒྲུབ་པའི་རྒྱལ་མཚན་བཙུགས། བྱ་བཏང་གི་བརྟུལ་ཞུགས་བདག་གིར་མཛད་ནས་རྒྱ་གར་སོགས་གནས་ཆེན་གང་སར་ཞབས་ཀྱིས་བཅགས། སྤུངས་ཐང་བདེ་བ་ཅན་གྱི་ཆོས་སྡེར་རྡོ་རྗེའི་སློབ་དཔོན་གྱི་ཐུགས་འགན་ལོ་མང་བཞེས། དད་ལྡན་གྱི་སློབ་མ་པདྨའི་མཚོ་ལ་ངང་པ་འདུ་བ་བཞིན་དུ་ལྷགས་པ་རྣམས་ལ། གང་ལ་གང་འོས་ཀྱི་ཆོས་ཀྱི་བདུད་རྩི་ཆར་དུ་བསྙིལ་བས་ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པ་མང་དུ་བྱུང༌། མཐར་དགུང་ལོ་གྱ་བཞི་པ་མེ་རྟ་༼༡༩༦༦༽ལོར་མྱ་ངན་ལས་འདའ་ཚུལ་བསྟན་ཏོ། །སློབ་མའི་གཙོ་བོ་ནི། རྗེ་ཉི་སྤྲུལ་ཕྲིན་ལས་ལྷུན་གྲུབ། རྗེ་ཡེ་ཤེས་སེངྒེ། རྗེ་བསྟན་འཛིན་དོན་གྲུབ། གྱད་གླིང་པ་སངས་རྒྱས་རྡོ་རྗེ། ལུང་ནག་པ་རིན་ཆེན་གྲགས། སྟོད་པ་རིན་ཆེན་དར་རྒྱས་སོགས་མཁས་གྲུབ་མང་དུ་བྱུང་ངོ༌།།