ལྷ་རི་ཁ་བ་ཆོས་རྗེ་ནམ་མཁའ་བཟང་པོ་དང་གྲ་ཕུ་བ་སྐྱེས་མཆོག་སྨོན་ལམ་པའི་རྣམ་ཐར།

ལྷ་རི་ཁ་བ་ཆོས་རྗེ་ནམ་མཁའ་བཟང་པོ་དང༌། གྲ་ཕུ་བ་སྐྱེས་མཆོག་སྨོན་ལམ་པར་གྲགས་པ་གཉིས་ནི། ཆོས་རྗེ་ཤེས་རབ་དཔལ་ལས་རྟོགས་པ་ཐོབ། གཞན་ཆོས་ཀྱིས་འབྲེལ་བའི་བླ་མ་ནི་ཤིན་ཏུ་མང༌། བྱེ་བྲག་ཏུ་ཆོས་རྗེ་ཤེས་རབ་དཔལ་བས་ཕུ་བོ་ཤི་བའི་ཤུལ་ན་གསེར་མང་པོ་ཡོད་པར། ཉིན་གཅིག་དོལ་མདར་བསོད་སྙོམས་པ་བྱུང་ངོ་ཅོག་ལ་བཞི་ནམ་རེ་བཀྱེས། ལྷག་མ་གསེར་མང་པོ་ཡོད་པ་ནམ་མཁའ་བཟང་པོ་ལ་བསྐུར་ནས་སྒོམ་ཆེན་པ་སྒྲུབ་རྒྱགས་མེད་པ་དང༌། མཚན་ཉིད་པ་སློབ་གཉེར་གྱི་རྒྱགས་མེད་པ་རྣམས་ལ་དུམ་རེ་ཕུལ། བླ་མ་བཟང་པོ་རྣམས་ལ་འབྱོར་བ་ཆེ་ཡང་གསེར་འབུལ་བ་གྱིས་གསུངས་པས། གསུང་བཞིན་བསྒྲུབས་ཏེ། སྐྱི་ཤོད་ནས་ས་སྐྱའི་བར་གྱི་བླ་མ་རྣམས་ལ་གསེར་ཕུལ་ཞིང་གདམས་པ་ཞུས་པས། བླ་མ་དང་གདམས་པ་ཤིན་ཏུ་མང༌། ཆོས་རྗེ་ནམ་མཁའ་བཟང་པོ་བས་དང་པོར་གླང་ལུང་བཏབ། ཕྱིས་ཆབ་ཚན་ཁར་བླ་མའི་གདན་ས་མཛད། སྐྱེས་མཆོག་སྨོན་ལམ་པས་མུ་ཏིག་བཏབ། རྣམ་པ་གཉིས་ཀས་ཆོས་དོན་དུ་གཉེར་བའི་སློབ་མ་མང་དུ་བསྐྱངས། ལྷོ་བྲག་ཚུན་གཡོར་ཕྱོགས་འབྲོག་དང་བཅས་པར་འབྲུག་པའི་བསྟན་པ་གཟུང་བ་ཡིན་ནོ། །སྐྱེས་མཆོག་པའི་སློབ་མ་ལ་རྫ་སྣ་བ། རྒྱལ་དབང་རྗེས་ལུང་མང་བར་མཚན་གསོལ་བ་དེས། སྒྲུབ་སྐོར་གྱི་བཀའ་ལུང་ལའང་ཕན་ཤིན་ཏུ་ཐོགས་སོ། །དེ་དག་ལ་སོགས་པ་ཉིས་སྟོང་བརྒྱད་བརྒྱའི་སློབ་བརྒྱུད་ལ་བུ་ཆུང་བརྒྱུད། བུ་ཆེན་དང་བུ་ཆུང་བརྒྱུད་པ་དེ་གཉིས་ཀ་བསྡོམས་པ་ལ་བར་འབྲུག་ཅེས་གྲགས་ཤིང༌། བར་འབྲུག་ཉི་ཟེར་གྱི་རྡུལ་ཞེས་མང་བའི་དཔེར་གླེང་ངོ༌། །

འདིར་སྨྲས་པ།

ཐ་སྙད་ཚིག་ལོའི་སྤྲིན་པས་མ་བསྒྲིབས་པར། །

ངེས་དོན་སྙིང་པོའི་བསྟན་པ་ཉིན་བྱེད་དབང༌། །

གངས་ཅན་ཤར་རིའི་ཕྲག་ཏུ་འཕགས་པ་ལས། །

མཛད་ཕྲིན་འོད་སྟོང་འཛམ་གླིང་ཁྱབ་ཅིང་འབར། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། ཆོས་རྗེ་གཙང་པ་རྒྱ་རས་པ་ཆེན་པོ་ཡབ་སྲས་ལས་བརྒྱུད་པའི་བར་འབྲུག་གི་སྐབས་ཏེ་གསུམ་པའོ།། །།