ལོ་རས་སྐུ་སྐྱེ་གཙང་ཆེན་ཆོས་ཀྱི་དབང་ཕྱུག་གི་རྣམ་ཐར།

༈        རྒྱལ་བ་ལོ་རས་པའི་སྐུ་སྐྱེར་གྲགས་པ་གཙང་ཆེན་ཆོས་ཀྱི་དབང་ཕྱུག་ནི། རབ་བྱུང་བདུན་པའི་ནང་རོང་སྤང་ཆེན་དུ་འཁྲུངས། མཁས་བཙུན་གཟི་བརྗིད་པ་ལས་རས་ཆུང་སྙན་རྒྱུད་སྐོར་གསན། རིན་ཕུག་དང༌། ཡོམ་ཆོས་སྡིངས་སོགས་དྭགས་ཀོང་ལྷོ་རྒྱུད་ཕྱོགས་སུ་དགོན་གནས་དུ་མ་བཏབ། འདི་རྒྱལ་དབང་རྗེ་དང་དུས་མཉམ་པས། རྒྱལ་དབང་རྗེའི་རྣམ་ཐར་དུ། དགུང་ལོ་སོ་གསུམ་ལ་ནུབ་ཅིག་རྨི་ལམ་དུ་བུད་མེད་དཀར་མོ་ཞིག་གིས་དར་ཆེན་ཡུག་ཚང་མ་ཞིག་ཕུལ་ནས། ལྷོ་ཕྱོགས་ཀྱི་རྒྱུད་འདི་ལ་ཕེབས་པ་ཞིག་ཞུ་ཟེར་བ་ཞིག་བྱུང་ནས། དེ་ནས་རིང་པོར་མ་ལོན་པར་ཆོས་རྗེ་གཙང་ཆེན་པས་ལྷ་སར་གདན་དྲངས་ནས། གསེར་གྱི་འཁོར་ལོ་ཞིག་གིས་གཙོ་བྱས་པའི་འབུལ་བ་དཔག་ཏུ་མེད་པ་བྱས་ཏེ། རྗེའི་དྲུང་ནས་ཙ་རི་ལ་ཅིས་ཀྱང་ཕེབས་པ་ཞུ་ཞེས་ཞུ་བ་ནན་ཆེར་མཛད་པ་ལ་བརྟེན་ནས་མྱུར་དུ་ཕེབས་པའི་ཞལ་བཞེས་མཛད། སོ་བདུན་ལ་ཙ་རིར་ཐེགས་སྐབས། ཀོང་པོ་ང་ལར་ཕེབས་དུས་ཆོས་རྗེ་གཙང་ཆེན་པའི་ཇ་འདྲེན་པས་སླེབས། ཐབ་འཛིན་པས་དགོན་དུ་སླེབས་སོ། །དགོན། རྫོང༌། ང་ལ། སྤྲོག་པ་རྣམས་ཀྱིས་རྟ་ཕྱུགས་དང་ནས་ཀྱི་བརྒྱ་འབུལ་མང་དུ་བྱས། དེ་ནས་ཆོས་ར་བ་རྣམས་ཀྱིས་གདན་དྲངས། དེར་ཕ་བོང་ཞིག་ལ་ཕྱག་རྗེས་ཤིན་ཏུ་གསལ་བ་ཞིག་བྱོན། དེར་ཞག་པོ་ཁ་ཡར་བཞུགས། དགུང་ལོ་ཞེ་གསུམ་ལ་ཆོས་རྗེ་གཙང་ཆེན་པ་སྐུ་གཤེགས་ནས་ཡོམ་ཆོས་སྡིངས་སུ་ཕེབས། གནང་སྦྱིན་དཔག་ཏུ་མེད་པ་མཛད་ཅེས་བྱུང་བས་ཕན་ཚུན་འབྲེལ་བ་ཤིན་ཏུ་ཟབ་པར་སྣང་ངོ༌། །དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ། ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པའི་རྣམ་ཐར་སྐབས། རྒྱལ་བ་ལོ་རས་ཀྱི་སྐུ་སྐྱེ་བ་གཙང་ཆེན་ཆོས་ཀྱི་དབང་ཕྱུག་མཁས་གྲུབ་ཆེན་པོ་དེས། སྔོན་ཅིག་ཆར་དུ་དབུ་རི་བའི་འགྲོ་མགོན་མཛད་པ་ན་ལས་ཚན་གྱི་ཆགས་སྡང་ཆེས་པས་ཐུགས་སྐྱོ་བ་སྐྱེས་ཏེ། དབུ་རི་པང་མོ་རྒོད་པ་ལ་གཏད་ནས། ཅིག་ཆར་ཤར་མའི་གནས་སྒོ་འབྱེད་དུ་བྱོན་པར་རྟེན་འབྲེལ་མ་འགྲིག་པས་མཚོ་དཀར་ཁྱུང་རྫོང་དུ་ལོ་གསུམ་སྒྲུབ་པ་མཛད་པས། སྒམ་པོ་ལྷ་རྗེས། སླེབས་རོམ་དང༌། རིན་ཕུག་གི་གནས་ཕུལ་བར་གཟིགས་ནས་རིན་ཕུག་ཏུ་སྒྲུབ་སྡེ་མཛད། ཕྱིས་ཡོམ་ལ་སོགས་པ་མང་དུ་བཏབ་སྟེ་ཕྲིན་ལས་ཤིན་ཏུ་ཆེ་ཞིང༌། ཆོས་རྗེ་ཉིད་ཞ་ལུ་བའི་དགེ་བཤེས་ཡིན་པའི་དབང་གིས་བུ་ལུགས་ཀྱི་ཀུན་རིག་དུས་འཁོར་སོགས་དང༌། གླིང་ལུགས་ཀྱི་བདེ་མཆོག་དང༌། ཁྲིད་ཆེན་བརྒྱད་སོགས་དར་ཞིང་བསྟན་པ་ལ་ཆེས་ཕན་པ་བྱུང་སྐབས། ར་ལུང་ནས་རྒྱལ་དབང་ཆོས་རྗེ་དགུང་ལོ་ཉི་ཤུ་རྩ་གྲངས་པ་ཞིག་སྤྱན་དྲངས་ནས་དགོན་པ་རྣམས་ཕུལ་ཅིང༌། རྒྱལ་དབང་ཆོས་རྗེ་རང་ཡང་གསུང་ཆོས་རྣམས་གསན་པར་བཞེད་པ་ལ། སྒར་ལ་བུད་མེད་མང་དུ་འདུག་པ་གཟིགས་པས་འདི་མི་མཛད་པ་ཞུ་ཞེས་ཡང་ཡང་ཞུས་ཀྱང་གསན་དུ་མ་བཞེད་པས། གཙང་ཆེན་ཆོས་རྗེ་ཐུགས་མ་རངས་ཏེ། གསུང་ཆོས་ཀྱང་མ་ཕུལ། ངའི་དགོན་རྣམས་ཁོང་ལ་ཕུལ་ན་སེར་ཁྱིམ་པར་འགྲོ་བ་འདུག་གསུངས་ནས་མ་ཕུལ། ཕྱིས་མི་འབྱོན་པའི་རྟེན་འབྲེལ་ཡང་མཛད། རྗེས་སུ་སྤྲུལ་སྐུ་རིན་པོ་ཆེ་འདི་པ་སྤྱན་དྲངས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་ཐུགས་གུས་པ་མཐའ་ཡས་པ་སྐྱེས་ཏེ། སྔོན་རྗེ་རོལ་བའི་རྡོ་རྗེ་ལ་སྒམ་པོ་ལྷ་རྗེས་གནས་ཕུལ་བའི་རྟེན་འབྲེལ་བཞིན་དབུ་རི་བའི་དགོན་གནས་ཐམས་ཅད་ཕུལ་ཅེས་གསུངས་སོ། །དེ་ལྟར་གཙང་ཆེན་ཆོས་རྗེའི་རྣམ་ཐར་རགས་ཙམ་དེ་དག་ལས་རྟོགས་པར་ནུས་ཤིང༌། གཤེགས་ལོ་ཡང་རབ་བྱུང་བདུན་པའི་ལྕགས་སྟག་༼༡༤༧༠༽ལོར་ཡིན་པར་ངེས་སོ། །འོན་ཀྱང་དཔའ་བོའི་ཆོས་འབྱུང་དེར། རྒྱལ་དབང་རྗེ་དགུང་ལོ་ཉི་ཤུའི་ནང་ཙམ་ལ་སྤྱན་དྲངས་པར་གསུངས་པ་ནི། གོང་གི་རྣམ་ཐར་ལས་ལོ་ཚིགས་མཐར་ཆགས་སུ་གསལ་བར་བསྟན་པ་དང་མི་མཐུན་པས་མི་འཐད་ཅིང༌། དེ་བཞིན་རྒྱལ་དབང་རྗེ་ལ་མ་དད་པ་སྐྱེ་ཚུལ་གསུངས་པ་སོགས་ལ་རྒྱུ་མཚན་ཡང་དག་མི་འདུག་སྟེ། རྒྱལ་དབང་རྗེ་ནི་དགུང་ལོ་ཉི་ཤུ་པར་ཇོ་གདན་ཚོགས་པའི་མཁན་པོ་དོན་གྲུབ་དཔལ་བ་ལ་བསྙེན་པར་རྫོགས། དེ་ནས་ཐེམ་སྤངས་རྡོར་དཀར་མཛད་ཅིང༌། ཅོག་པུ་ཁོ་ན་ལ་བརྟེན་ནས་ཅོག་སྒར་གྱི་སྲོལ་བཏོད་དེ། མཉམ་མེད་ཐུབ་པའི་དབང་པོ་འཁོར་བཅས་སླར་ཡང་བྱོན་པ་ལྟ་བུར་དད་ལྡན་དང་བ་འདྲེན་པ་ཞིག་ཡིན་གྱི། དེང་སང་གི་སྤྲུལ་མིང་ཅན་གྱི་བླ་ཆེན་ཕལ་ཆེ་བ་ལྟ་བུ་འཁོར་དུ་བུ་སྨད་ཀྱིས་བསྐོར་ཞིང༌། དགོན་པ་སེར་ཁྱིམ་ཅན་དུ་བསྒྱུར་བ་དེ་འདྲ་བ་ཞིག་ག་ལ་ཡིན། དེས་ན་ཀུན་མཁྱེན་ཆོས་འབྱུང་ལས། རྒྱལ་དབང་རྗེ་ལ་སྦྱོར་གཏོད་ཞུས་ཀྱང་དེ་ཉིད་རིང་པོར་མ་ལོན་པར་གཤེགས་ནས། སྦྲུམ་པ་ལ་བདེ་གཟར་གྱི་ས་ཁག་པའི་སྐབས་སུ་སྦྲུམ་པས་སྤྲུལ་སྐུ་ཞྭ་དམར་བ་ལ་སྦྱོར་གཏོད་བྱས་ཏེ་ཆོས་བརྒྱུད་དེ་ཁར་འདུག་པའི་ལུགས་སོ། །ཞེས་གསུངས་པ་ལྟར་རྒྱལ་དབང་རྗེ་ལ་སྦྱོར་འཇགས་ཞུས་ཀྱང་གཙང་ཆེན་གཤེགས་སྔ་བ་དང༌། སྡེ་གཟར་གྱི་དབང་གིས་དེ་བཞིན་བྱུང་བ་ཡིན་ནོ། །གཙང་ཆེན་གྱི་རྣམ་འཕྲུལ་རྒྱལ་སྲས་དམ་པ་ཆོས་ཉིད་ཀློང་གྲོལ་ལམ། མཚན་གཞན་འཛམ་གླིང་དཔལ་འབར་བསྟན་པའི་རྒྱལ་མཚན་ཞེས་པ་ཞིག་བྱོན་པར་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་དུ་གསལ་ལོ། །དེ་ལྟར་རྒྱལ་བ་ལོ་རས་ཁུ་དབོན་གཉིས་ལས་བརྒྱུད་པ་ལ་སྨད་འབྲུག་ཅེས་བྱ་ཞིང༌། གཏོས་སའི་དྲེག་པ་ཙམ་ཀུན་ལ་གྲགས་སོ། །

          འདིར་སྨྲས་པ།

རྣམ་དག་ངེས་འབྱུང་ཚུལ་ཁྲིམས་ས་གཞི་བརྟན། །

ཉམས་རྟོགས་ཡོན་ཏན་རི་དབང་ཤིན་ཏུ་མཐོ། །

ཕྲིན་ལས་ཚད་མེད་ནོར་འཛིན་རྡུལ་དང་མཉམ། །

སྨད་འབྲུག་ས་ཡི་དྲེག་པའི་རྗེས་སུ་འགྲོ། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། རྒྱལ་བ་ལོ་རས་པ་ནས་བརྒྱུད་པའི་སྨད་འབྲུག་གི་སྐབས་ཏེ་བཞི་པའོ།། །།