ལ་དྭགས་རྒྱལ་སྲས་ཚེ་དབང་མཐུ་སྟོབས་རྡོ་རྗེའི་རྣམ་ཐར།

 

༈ ལ་དྭགས་རྒྱལ་སྲས་རིན་པོ་ཆེ་མི་ཕམ་ཚེ་དབང་མཐུ་སྟོབས་རྡོ་རྗེ་ནི། ཡབ་ཆོས་རྒྱལ་བདེ་སྐྱོང་རྣམ་རྒྱལ་དང༌། ཡུམ་རྒྱལ་མོ་ཀུན་འཛོམས་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་༼༡༧༣༠༽ལོར་འཁྲུངས། ཁབ་ཏུ་བཞུགས་དུས་མཚན་ས་སྐྱོང་རྣམ་རྒྱལ་ཡིན། གཞོན་ནུ་ནས་དགེ་བའི་བྱ་བར་ཐུགས་སྟོབས་ཤིན་ཏུ་ཆེ་ཞིང༌། ཧེ་མིར་ཆོས་ཞུགས་མཛད། དགོན་པའི་སློབ་གཉེར་མཐར་ཕྱིན་ནས་དགེ་འདུན་སྤྱིའི་ལས་སྣེ་རྣམས་རིམ་བཞིན་བཞེས། རྗེ་སྟག་ཚང་རས་པའི་གདན་ཚབ་ཀྱང་མཛད། འདི་སྐབས་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལ་དྭགས་སུ་ཕེབས་པའི་དྲུང་དུ། རྒྱལ་སྲས་རིན་པོ་ཆེ་དང༌། ཕྱག་མཛོད་བཀྲ་ཤིས་གཉིས་ཀྱིས་བསྙེན་པར་རྫོགས་པས། མཚན་རིམ་བཞིན་རྒྱལ་སྲས་མི་ཕམ་ཚེ་དབང་མཐུ་སྟོབས་རྡོ་རྗེ་དང༌། མི་ཕམ་ཚེ་དབང་ཕྲིན་ལས་ཞེས་གསོལ། རྒྱལ་སྲས་རིན་པོ་ཆེས་དགོན་པ་རྒྱ་སྐྱེད་དང༌། ཧེ་མིའི་ཚེས་བཅུ་སོགས་ཀྱི་སྒྲུབ་མཆོད་དང་གར་འཆམས་གསར་དུ་བཙུགས། རྟེན་གསུམ་རིན་ཐང་བྲལ་བ་དུ་མ་བསྐྲུན་ཏེ་ཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང༌། སྐབས་དེར་གུ་རུ་རིན་པོ་ཆེའི་གོས་ཐང་ཐོག་ཚད་ལྔ་པ་དང༌། སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ། སྟག་ཚང་རས་པ། རྒྱལ་པོ་པེ་ཧར། ལྷ་ཇག་མགོན་གསུམ་གྱི་གོས་ཐང་ཐོག་ཚད་རེ་ལྷག་པ། རིན་ཆེན་སྣ་ལྔའི་རྒྱན་གྱིས་སྤྲས་པ་སྙན་གྲགས་དང་ལྡན་པ་འདི་རྣམས་དང༌། གཞན་ཡང་ཧེ་མིའི་ཕྱི་ནང་བར་གསུམ་གྱི་མཆོད་རྫས་ཁྱད་པར་ཅན་ཀུན་གྲུབ། དེ་དུས་རྒྱལ་སྲས་རིན་པོ་ཆེ་དང༌། ཕྱག་མཛོད་བཀྲ་ཤིས་དང༌། བཟོད་པ་དཔལ་ལེགས་གསུམ་ལ་ཧེ་མིའི་ཛམ་ལྷའི་སྤྲུལ་པ་གསུམ་ཟེར་བ་བྱུང༌། དེ་ལྟར་མཛད་པ་མཐར་ཕྱིན་ཏེ་ཧེ་མི་རང་དུ་སྐུ་གཤེགས་སོ། །ཡང་སྐབས་དེ་དུས་ཙམ་ལ་བྱོན་པའི་རྒྱལ་དབང་བདུན་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟའི་རྣམ་ཐར་ལས། རྒྱལ་སྲས་རིན་པོ་ཆེ་བོད་དུ་ཕེབས་ནས་རྒྱལ་དབང་བདུན་པའི་ཕྱག་མཛོད་ཀུན་སྤང་བ་ལས་ཚིགས་གསུམ་རིམ་གྱིས་ནོད་ཚུལ་དང༌། སྐྱབས་མགོན་མཆོག་གི་ཞལ་སྔ་ནས། སྨིན་གྲོལ་དཔག་ཏུ་མེད་པ་གསན་པར་གསུངས་པས། རྒྱལ་སྲས་རིན་པོ་ཆེ་གཞན་ཞིག་ཀྱང་ཡོད་པར་གསལ་ཞིང༌། དེང་སང་ལོ་རྒྱུས་ཞིབ་འཇུག་པ་ཁ་ཅིག་གིས་ཀྱང་རྒྱལ་སྲས་གཉིས་བྱུང་བར་བཤད་པ་དང་མཐུན་ནོ། །དེ་ལྟར་ན་རྒྱལ་སྲས་འདིའི་མཚན་ལ་འཇམ་དཔལ་མཐུ་སྟོབས་རྡོ་རྗེ་ཞུ་བ་མིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །