རྣལ་འབྱོར་པ་རྒྱལ་མཚན་དམར་པོའི་རྣམ་ཐར།

༈ རྣལ་འབྱོར་པ་རྒྱལ་མཚན་དམར་པོ་ནི། ལྷོ་ཡུལ་ཀུར་སྟོད་སྨིན་རྒྱས་ནང༌། ཡབ་ངག་དབང་དང༌། ཡུམ་དངོས་གྲུབ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཤིང་ཕག་༼༡༨༧༥༽ལོར་འཁྲུངས།༼ཆུ་ཕག་ལ་འཁྲུངས་པར་བཤད་པ་ནི་ནོར།༽དགུང་གྲངས་བཅོ་བརྒྱད་བར་ཁྱིམ་ན་བཞུགས། བཅུ་དགུ་པར་རྐང་པ་ལ་སྟ་གྲིས་རྨས་རྐྱེན་ལོ་གཅིག་རིང་ཞ་བར་གྱུར་པས། དེའི་རིང་ཀློག་ཡིག་རང་སྦྱོང་གིས་ཤེས་པ་བྱུང༌། ཁྱིམ་པའི་བྱ་བར་ཡིད་སྐྱོ་ནས། དགོན་པ་བཀའ་བབ་ཆོས་གླིང་དུ་བླ་མ་ཆོས་ཉིད་རང་གྲོལ་གྱི་སྤྱན་སྔར་བཅར། དེར་སྔགས་བཙུན་བྱས་ནས་འབྲི་ཀློག་འཛིན་གསུམ་སོགས་སློབ་གཉེར་སྦྱོང་ཞོར་བླ་མའི་ཞབས་ཞུ་ཆུ་ལེན་ཤིང་འཐུ་སོགས་གང་དགོས་བསྒྲུབས། གཟུགས་སྟོབས་དང་རྐང་རྩལ་ལ་སུས་ཀྱང་འགྲན་པར་མི་ནུས། དེ་ནས་ཐུན་མོང་སྔོན་འགྲོ་རྣམས་གསན་ཏེ་ལོ་ཁ་ཡར་འདས་པའི་དུས་ཤིག་ན༑ བླ་མས་ཐུགས་བརྩེ་ཆེན་པོས་ཁོང་དང་ཆོས་གྲོགས་གསུམ་ཙམ་ལ་དམིགས་བསལ་དུ་ཀུན་བཟང་བླ་མའི་ཞལ་ལུང་ལྟར་སྔོན་འགྲོའི་བསགས་སྦྱང་རྣམས་རིམ་གྱིས་གཏོང་བཅུག་མཐར། རྫོགས་ཆེན་དངོས་གཞིའི་ཁྲིད་རིམ་རྣམས་ཉམས་ཁྲིད་མཛད་ནས་གནང༌། དེ་རྗེས་སེང་གེ་རྫོང་དང༌། རོང་མོ་སྟེང་ཕྱོགས་སུ་སྒོམ་སྒྲུབ་མཛད་ནས་བཞུགས་པའི་སྐབས་ཤིག་ལ་གྲུབ་དབང་ཤཱཀྱ་ཤྲཱིའི་སྙན་པ་ཐོས་པས་དད་པའི་སྤུ་ལོང་གཡོས་ཏེ། བོད་ཁམས་ཕྱོགས་སུ་ངལ་བ་ཁྱད་དུ་བསད་ནས་ལམ་དུ་ཞུགས། གདན་ས་གྲུ་གུ་གསོལ་སྡེར་ཁར་འབྱོར་ཚེ་གྲུབ་དབང་རིན་པོ་ཆེ་སྐུ་མཚམས་དང་ཁེལ་བས། བཀའ་བཞིན་རྫོགས་ཆེན་ཁྲིད་གཉེར་བླ་མ་ངག་དབང་ཐུབ་བསྟན་གྱི་དྲུང་དུ་ཟླ་བ་གསུམ་བཞུགས། མཐར་གྲུབ་དབང་མཆོག་གི་ཞལ་མཇལ། རིམ་གྱིས་ཕྱག་རྫོགས་ཀྱི་གདམས་པ་སྤྱི་དང༌། ཁྱད་པར་རྫོགས་ཆེན་སྙིང་ཐིག་ཐམས་ཅད་ཀྱི་བཅུད་བསྡུས་པའི་སྙིང་ཐིག་ཡིད་བཞིན་ནོར་བུ་ཞེས་གྲུབ་དབང་མཆོག་གི་དགོངས་པའི་ཟབ་ཆོས་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་ཁམས་པ་ཐུབ་བསྟན་དང༌། བོད་པ་རྡོ་རྗེ་རིན་ཆེན། འབྲུག་པ་རྒྱལ་མཚན་གསུམ་མ་གཏོགས་གཞན་ལ་གནང་བ་མེད་དོ་གསུངས་ནས། མན་ངག་ཁྱད་པར་ཅན་ཐམས་ཅད་བསྩལ། མཚན་ཡང་ཀུན་བཟང་པདྨ་བདེ་ཆེན་རྩལ་ཞེས་གསོལ། དེར་འཚོ་བ་བསོད་སྙོམས་ལ་བསྟེན་ནས་རྣམ་གཡེང་གི་དབང་དུ་ཅུང་ཟད་མ་སོང་བར་ལོ་གསུམ་གྱི་རིང་ཐོས་བསམ་སྒོམ་གསུམ་ཅིག་ཅར་མཛད། སྔ་ཕྱིར་ཁམས་སུ་ཐེངས་གསུམ་ཕེབས་ནས་གདམས་ངག་ལ་ཞུན་ཐར་བཅད། དེ་ནས་བླ་མའི་ཞལ་ནས། བླ་རྒན་རྒྱལ་མཚན་ཁྱོད་རང་ད་ནི་འདིར་ངའི་དྲུང་དུ་འོང་མི་དགོས། རང་ཡུལ་དུ་འབྱོར་ནས་མཉམ་བཞག་བྱེད་དེ་ཆེད་དུ་སྒྲུབ་པར་བརྩོན་མི་དགོས། ལག་ཏུ་ཕྲེང་བ་ཐོགས་མི་དགོས། ཉིན་མཚན་མེད་པར་ཉལ་སྡོད་པས་ཆོག །ཅེས་དང༌། ཡང་གཞན་ལ་ཆོས་བཤད་ནས་སློབ་མ་བརྒྱ་དང་བརྒྱད་ལས་མི་ཉུང་བ་སྤེལ་ཅིག་ཨང་གསུངས་ནས་དབུགས་དབྱུང་གཟེངས་བསྟོད་ཀྱི་བཀའ་ལུང་སྤྱི་བོར་བཅིང༌། རང་ཡུལ་དུ་བྱོན་རྗེས། གླིང་རྒྱས་རྩེར་བསམ་གཏན་གྱི་ཁང་ཆུང་ཞིག་བཅོས་ནས་ལོ་ཤས་བཞུགས། དེར་གྲོང་ཐག་ཉེ་བའི་སྐྱོན་བྱུང་བས་ཞམ་རི་ཁྲོད་དུ་ཕེབས་ཏེ། ས་སྡེ་བཙུགས་ནས་སྒྲུབ་པ་མཛད། རི་ཁྲོད་ཀྱི་མཚན་ཡང་འོད་གསལ་ཆོས་གླིང་ཞེས་གསོལ། དེ་ནས་ལྟག་དགོན་པ་དང་ཝག་དགོན་པ་གཉིས་སུ་ལོ་གསུམ་རེ་དང༌། གཞན་ཡང་ཞམ་པའི་རི་འགོ་ཙན་ཐོ་བྲག་སྟེང༌། དགོན་པ་རྙིང་པ། སྤང་བྲག །མོན་ཁ་ཤྲཱི་རྫོང༌། ཨ་བརྒྱ་དུང་དཀར་ཆོས་གླིང༌། ཕུ་རྙིང༌། བལ་ཡུལ་བྲག་ཕུག་མ་ར་ཏི་ཀ་སོགས་གནས་ངེས་མེད་ཀྱི་རི་ཁྲོད་དུ་སྤྲོས་མེད་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། ཐུན་མཚམས་རྣམས་སུ་གཞན་གྱི་མིག་ལྟོས་ངན་པའི་རྒྱུར་འགྱུར་བར་དགོངས་ནས། ཕྱག་བགྲང་ཕྲེང་དང་མི་འབྲལ་བར་བཛྲ་གུ་རུ་དུང་ཕྱུར་གསུམ་ཙམ་གསུངས་པས་མཚོན་ཞལ་འདོན་གྱིས་དུས་འདའ་བར་མཛད། བར་སྐབས་ཤིག་ལ་བླ་མའི་བཀའ་དང་རྨི་ལམ་གྱི་མཚན་མ་བཞིན་ཆོས་བཤད་པར་དགོངས་ཏེ། ཉེ་བར་གནས་པ་རྒད་པོ་འབྲི་ཀློག་ཤེས་མི་ཞིག་ལ་ཁྲིད་བཏབ་ཀྱང༌། དེས་སྒོམ་དུ་མ་འདོད་པར་སྔར་བཞིན་གཡེང་བའི་དབང་དུ་ཤོར་བས། ཐུགས་ཕམ་སྟེ་སྒྲུབ་པ་ཁོ་ནར་མཛད་པར་གྲགས། སྐུ་ཚེའི་སྨད་དུ་རིམ་གྱིས་ཕྱོགས་མཐའ་དག་ནས་འདུས་པའི་སློབ་མའི་ཚོགས་ལ་གྲུབ་དབང་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་རྫོགས་པ་ཆེན་པོའི་མན་ངག་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་རིམ་པ་མང་པོའི་ཆོས་ཆར་བསྙིལ། ཞལ་སློབ་ཀྱང་བླ་མའི་བཀའ་ལུང་བཞིན་བརྒྱ་དང་བརྒྱད་ལས་མི་ཉུང་བ་བྱུང༌། གཙོ་བོ་སྔགས་སྟོན་ཀ་ལོ་དང༌། ཡ་ལོ། སློབ་དཔོན་པདྨ་དབང་ཕྱུག།༼འདིས་བླ་མའི་རྣམ་ཐར་མཛད།༽ བཙུན་མ་འོད་གསལ་ཆོས་སྒྲོན། འཇིགས་མེད་སྒྲོལ་མ། ཡེ་ཤེས་བཟང་མོ་དང༌། གསང་ཡུམ་ཇོ་མོ་བསྟན་འཛིན་དཔལ་མོ་སོགས་ཚེ་དང་སྒྲུབ་པ་མཉམ་པའི་རྟོགས་ལྡན་དང་རྣལ་འབྱོར་པ་ཕོ་མོ་དུ་མ་ཞིག་བྱུང་འདུག །ལྷག་པར་གྲུབ་དབང་བསོད་ནམས་བཟང་པོས་ཀྱང་རྗེ་འདི་ལས་རྫོགས་ཆེན་སྙན་བརྒྱུད་ཀྱི་ཆོས་སྐོར་རྣམས་གསན་བཞེས་མཛད་ནས་འཆད་སྤེལ་གནང༌། སྐུ་དུས་དེར་གདན་སར་སྨྱུག་མའི་སྤྱིལ་བུ་ཙམ་ལས་ལྷ་ཁང་སོགས་ཀྱང་མ་བཞེངས་པར་སྤྲོས་མེད་གཉུག་མའི་རང་འགྲོས་བསྐྱངས་ནས་བཞུགས་པའི་མཐར། དགུང་ལོ་དོན་དྲུག་ལྕགས་སྟག་༼༡༩༥༠༽ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། །བདུན་ཕྲག་གཅིག་རྗེས་གདུང་མཇལ་ཞུས་པས། སྔར་སྐུ་བོངས་ཤིན་ཏུ་ཆེ་ཡང་བྱིས་པ་ལོ་བརྒྱད་ཙམ་གྱི་ཚད་དུ་གྱུར་ཅིང༌། ཞུགས་འབུལ་རྗེས་སྐུ་རུས་ལ་ཨ་ཡིག་གསལ་བ་སོགས་ངོ་མཚར་བ་བྱུང་ངོ༌། །འདིའི་ཡང་སྲིད་ནི། གྲུབ་དབང་བསོད་ནམས་བཟང་པོས་ངོས་འཛིན་གནང་བ་རྒྱལ་མཚན་སྤྲུལ་སྐུ་རིན་པོ་ཆེ་ཀུན་བཟང་བསྟན་པའི་རྒྱལ་མཚན་ཡིན་ནོ། །