རྗེ་མཁན་པོ་དགེ་འདུན་རིན་ཆེན་གྱི་རྣམ་ཐར།

༈ རྗེ་མཁན་ཁྲི་རེ་དགུ་པ་དགེ་འདུན་རིན་ཆེན་ནི། ལྷོ་ཡུལ་སྤ་གྲོར། ཡབ་ཀུན་བཟང་རྡོ་རྗེ་དང༌། ཡུམ་བཀྲིས་ཆོས་སྐྱིད་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་༼༡༩༢༦༽ལོར་ཕུག་པ་ཞིག་གི་ནང་དུ་ཡུམ་ལ་བསྙུན་ཟུག་མེད་པར་བལྟམས། མཚན་ཡང་བྲག་ཕུག་པ་ཞེས་བཏགས། གཏེར་ཆེན་ལས་རབ་གླིང་པའི་ཡང་སྤྲུལ་དུ་གྲགས། དགུང་ལོ་བདུན་པར་ཐིམ་རྫོང་གི་འདུས་སྡེར་ཞུགས་ཏེ། མཁན་ཆེན་ཆོས་ཀྱི་དབང་ཕྱུག་ལ་གཙུག་ཕུད་ཕུལ། དགེ་འདུན་རིན་ཆེན་ཞེས་མཚན་གསོལ། དེ་ནས་འབྲུག་ལུགས་འདོན་ཆ་དང༌། རྒྱུད་བརྟག་གཉིས། སྡོམ་གསུམ་རྒྱན་སོགས་བློར་འཛིན་གནང༌། གར་ཐིག་དབྱངས་སོགས་དཀྱིལ་ཆོག་གི་ཕྱག་ལེན་ལ་མཁས་པའི་ཚད་དུ་ཕྱིན། བཅུ་བདུན་ལ་སྤུངས་ཐང་དུ་གཏེར་ཁུངས་ཆོས་རྗེ་ངག་དབང་ཕྲིན་ལས་ཕྱི་མ་རིགས་བདག་ཏུ་བསྙེན་ནས། ཐར་རྒྱན་དང༌། ཕྱག་ཆེན་སྔོན་འགྲོའི་ཟབ་ཁྲིད། ལམ་ཟབ་སོགས་སྨིན་བཀའ། ཁྱད་པར་གདམས་ངག་རྒྱ་ཅན་ལྔ་སོགས་ལ་གསན་བསམ་མཛད། དབེན་གནས་ལྷ་རྫོང་བཀྲ་ཤིས་སྒང་དུ་སྔོན་འགྲོ་དང་ལམ་ཟབ་ཀྱི་བཅད་རྒྱར་ཟླ་བ་མང་ཙམ་བཞུགས། དེའི་མུར་འཇམ་དཀར་གྱི་བསྙེན་མཚམས་སྐབས་རྨི་ལམ་དུ་ཐོས་པས་སྒྲོ་འདོགས་ཆོད་པ་གལ་ཆེ་བར་བསྐུལ་ཏེ། ཉེར་གསུམ་པར་བཤེས་གཉེན་རྣམ་རྒྱལ་ལས། སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་སྦྱངས་བརྩོན་མཛད་པས། ཐུགས་རིག་རྣོ་བའི་ཚད་དུ་བྱུང༌། དེ་རྗེས་བུམ་ཐང་ཉི་མ་ལུང་གི་བཤད་གྲྭར་དགེ་བཤེས་པདྨའི་དྲུང་དུ་སྤྱོད་འཇུག་སོགས་ལ་གསན་སྦྱངས་མཛད་ཀྱང་ཐུགས་ཀྱི་རེ་བ་མ་རྫོགས་པར་བོད་དུ་ཕེབས་འདུན་ཤར་ཏེ། ཐོག་མར་ལྷོ་བྲག་ལྷ་ལུང་དུ་ཀཿཐོག་མཁན་པོ་ངག་དབང་ཕྲིན་ལས་མདུན། ལོ་ངོ་གསུམ་ཙམ་གྱི་རིང་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་ལ་གསན་སྦྱངས་གནང༌། མཚན་མོ་ཕལ་ཆེར་དབུ་སྔས་ལ་འཇོག་པ་དང་སྐུ་འཆིང་འགྲོལ་བ་སྤོང་བ་ཙམ་གྱི་བརྩོན་འགྲུས་མཛད། སླར་འབྲི་གུང་དུ་བྱོན། མཁས་གྲུབ་རྭ་ཧོར་ཆོས་གྲགས་ཀྱི་དྲུང་ནས་མདོ་ཕྱོགས་གཞུང་འགྲེལ་སྐོར་དང༌། རྒྱུད་གསང་སྙིང༌། མཚན་བརྗོད། སྣང་གསུམ་སོགས་རྒྱུད་སྡེ་དུ་མའི་སློབ་བཤད། ཁྱད་པར་དུ་ཡེ་ཤེས་བླ་མའི་དམར་ཁྲིད་ཐུན་མོང་མ་ཡིན་པ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། དེར་བློ་སྐྱེད་ཤིན་ཏུ་ཆེ་བ་བྱུང༌། བླ་མས་ཀྱང་ཁྱོད་ཀྱི་མིང་ལ་འབྲུག་ཐམས་ཅད་མཁྱེན་པ་ཞེས་བརྗོད་ཆོག་ཅེས་བསྟོད་བསྔགས་ཀྱིས་དབུགས་དབྱུང༌། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལས་རིན་ཆེན་གཏེར་མཛོད། སྙིང་ཐིག་ཡ་བཞི། མཛོད་བདུན་གྱི་ལྗགས་ལུང༌། གཞན་ཡང་བཤེས་གཉེན་དུ་མ་ལས་སྒྲ་དང་སྙན་ངག་སོགས་སྦྱངས་པ་མཛད་རྗེས། སོ་གཅིག་པར་རང་ཡུལ་དུ་ཕྱིར་ཕེབས། ལྕགས་རིར་བདེ་མཆོག་གི་བསྙེན་མཚམས་དང༌། སྟག་ཚང་དཔལ་ཕུག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་ཤིང༌། ཞར་དུ་མདོ་སྔགས་ཀྱི་གཞུང་ལ་ལྟ་རྟོག་མཛད་པས་སྔར་དང་མི་འདྲ་བའི་གོ་བ་བཟང་པོ་རྙེད་པ་བྱུང༌། ཐུན་མཚམས་སུ་བསྟན་བཅོས་ཀྱང་ཁ་ཡར་བརྩམས། ཨུ་རྒྱན་སངས་རྒྱས་གཉིས་པའི་བཀའ་དྲིན་ཡང་ཡང་དྲན་ཏེ། ན་མར་གདུང་ཤུགས་ཀྱི་གསོལ་བ་བཏབ་པས། དངོས་ཉམས་སུ་བྱིན་གྱིས་བརླབས་པའི་མཚན་མ་མཐོང༌། སོ་ལྔ་ལ་སྤུངས་ཐང་དུ་བཤད་གྲྭ་བཙུགས་པའི་མཁན་པོར་ཕེབས་ཏེ། བློ་གསལ་འདུས་པ་རྣམས་ལ་གཞུང་དང་རིག་གནས་ཀྱི་བཤད་ཁྲིད་ལོ་ངོ་གསུམ་ཙམ་མཛད། དེར་འཆད་རྩོད་རྩོམ་གསུམ་གནང་བཞིན་པའི་དུས་ཆོས་མཐུན་གྱི་སློབ་སྟོན་གནང་བར་གོང་སའི་མིག་ལམ་དུ་མ་བབ་པར་བརྟེན། རྐྱེན་ངན་གྲོགས་སུ་ཤར་ནས་སྟག་ཚང་འོད་གསལ་སྒང་སོགས་དབེན་གནས་རྣམས་སུ་ཐུགས་དམ་ལ་བཞུགས་ཆོག་པ་བྱུང༌། དེ་ནས་མ་རྒན་མོ་ཡང་དུས་ལས་ཡོལ་བའི་རྐྱེན་དང༌། གཞན་དོན་ལྟར་སྣང་ཆོས་ལྟར་བཅོས་པའི་རྣམ་གཡེང་བྲེལ་ཟིང་ལ་ཐུགས་གཏིང་ནས་སུན་ཏེ། སླར་ཡང་བཞི་བཅུ་པར་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་དམ་པོར་བཞུགས། སྐབས་དེར། ཕྱི་ནས་དམ་དམ་འདྲ་བའི་སྒོ་བསྡམས་ནས། །ནང་དུ་སེམས་ཀྱིས་རྒྱལ་ཁམས་མ་བསྐོར་བར། །ཐུན་དང་ཐུན་མཚམས་མཉམ་རྗེས་ཡེངས་མེད་ཀྱི། །ཉམས་ལེན་སྙིང་པོ་ལོན་ཅིག་བྲག་ཕུག་པ། །ཞེས་སོགས་རང་གིས་རང་ལ་བསྐུལ་མ་གནང་ནས། གཙོ་བོར་རྫོགས་རིམ་མཚན་མེད་མཉམ་བཞག་བསྐྱངས་ཤིང༌། ཞར་དུ་བླ་མ་དྲག་པོ། མི་འཁྲུགས་པ། མགོན་པོ་ཕྱི་ནང་གསང་སྒྲུབ་སོགས་ཉམས་བཞེས་མཛད་དེ། རིམ་གཉིས་ལམ་ལ་ངེས་པ་རྙེད།

ཞེ་ལྔ་པར་རང་ལུགས་ཀུན་མཁྱེན་ཞབས་ནས་བརྒྱུད་པའི་སྡོམ་རྒྱུན་ལྟར་མཁན་པོ་སངས་རྒྱས་བསྟན་འཕེལ་ཞལ་སྔ་ནས། བསྙེན་པར་རྫོགས། སྔོན་རྗེས་རྣམས་སུ་གྲུབ་དབང་བསོད་ནམས་བཟང་པོ་དང རྡོ་རྗེ་འཛིན་པ་ཤཱཀྱ་བཛྲ། མཁན་ཆེན་བསྟན་འཛིན་དོན་གྲུབ་རྣམས་ཀྱི་དྲུང་ནས་རང་ལུགས་ཀྱི་སྨིན་གྲོལ་རིམ་པ་མང་པོ་གསན་ནས་དོན་བརྒྱུད་གདམས་པའི་མཛོད་དུ་གྱུར། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་ལས་ཀྱང་རྙིང་མའི་ཆོས་སྐོར་མང་པོ་གསན། རྟ་མགོ་དང་ལྕགས་རིའི་ཆོས་སྡེ། དབེན་གནས་ལྟོ་ཅུང་སོགས་སུ་བྱོན་བཞུགས་ཀྱིས་འཆད་ཉན་སྒོམ་སྒྲུབ་སྤེལ་མར་གནང་བའི་མཐར། ས་ལུག་ལོར་གདན་ས་གྲོ་ལུང་གསང་སྔགས་ཆོས་གླིང་ཐོག་མར་ཕྱག་བཏབ་ཅིང༌། བསྟི་གནས་དེར་ཐུགས་བག་ཕེབས་ཏེ་དབེན་པའི་བདུད་རྩི་བསྟེན་བཞིན་པར། ང་དྲུག་ལ་ཕ་སྡིངས་བྱམས་པ་ལྷ་ཁང་དུ་བཤད་གྲྭ་གསར་དུ་བཙུགས་པའི་མཁན་པོར་སྤྱན་དྲངས་ནས། དེར་ལོ་ངོ་ལྔ་ཙམ་རིང་ཐུན་མོང་རིག་གནས་སྐོར་དང༌། ཐུན་མིན་མདོ་སྔགས་ཀྱི་གཞུང་སོགས་ཞལ་ཁྲིད་རྒྱ་ཆེར་བསྩལ། དེ་ནས་སྐུ་ན་སྨིན་པས་ཚོགས་སུ་སྙན་གསན་ཕབ་སྟེ། རང་གནས་གྲོ་ལུང་གི་རི་ཁྲོད་དུ་ཕེབས། དེ་གའི་སྒྲུབ་སྡེ་པ་རྣམས་ལ་རིམ་གཉིས་ཀྱི་ཉམས་ཁྲིད་གནང་ནས་སྒོམ་སྒྲུབ་ལ་སྦྱོར་བར་མཛད། རེ་ལྔ་ལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་གདན་དྲངས་ཏེ། སྤུངས་ཐང་བདེ་བ་ཅན་གྱི་ཕོ་བྲང་དུ་དཔལ་འབྲུག་པའི་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཅིང༌། གནས་བརྟན་མཁན་རབས་རིམ་བྱོན་གྱི་གདན་སེངྒེའི་ཁྲིར་ཕེབས། གདན་ས་དེ་ཉིད་གཙོས་ཕྱོགས་ཀྱི་ཡུལ་གྲུ་དུ་མར་སྨིན་གྲོལ་ཟབ་མོའི་ཆོས་འཁོར་ཡང་ཡང་བསྐོར་ཅིང༌། བསྟན་འགྲོར་སྨན་པའི་མཛད་རྗེས་བླ་ན་མེད་པ་བཞག །དོན་གཅིག་ལ་སྐུ་ན་ཆེར་སྨིན་པར་བརྟེན། གོང་ས་དང་འདུས་དམངས་ལ་སྙན་གསན་ཕབ་སྟེ། ཐུགས་སྲས་ཐུ་བོ་རྡོར་སློབ་མཆོག་སྤྲུལ་འཇིགས་མེད་ཆོས་གྲགས་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་ཅིང༌། ཐུགས་འགན་སྤངས་ནས་དབྱངས་ཅན་ཕུ་བྱང་ཆུབ་སྡིངས་ཀྱི་གཟིམ་ཆུང་དུ་ཟུར་བཞུགས་མཛད་པའི་མཐར། དགུང་ལོ་དོན་གཉིས་པ་མེ་གླང་༼༡༩༩༧༽ལོའི་ནག་པ་ཟླ་བའི་ཚེས་བཅུ་ལ་གཟུགས་སྐུ་གཞི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །སྐུ་གདུང་ལོ་ཟླ་ཇི་ཙམ་སོང་ཡང་རུལ་བ་སོགས་སྐྱོན་མེད་པར་སྔར་བཞིན་བཞུགས་པའི་ངོ་མཚར་ཆེན་པོ་བྱུང་བས། དམར་གདུང་ལ་ལོངས་སྐུའི་རྒྱན་ཆ་ཕུལ་ཏེ་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་དུ་ད་ལྟའང་བཞུགས་སོ། །གསུང་རྩོམ་གྱི་རིགས། ལྷོའི་ཆོས་འབྱུང་བློ་གསལ་རྣ་བའི་རྒྱན། བརྡ་སྤྲོད་ངག་སྒྲོན་དང་སུམ་རྟགས་འགྲེལ་བ། བཤེས་སྤྲིངས་དང་སྡོམ་གསུམ་རྒྱན་གྱི་མཆན་འགྲེལ། དབུ་མའི་བསྡུས་དོན། དབུ་མ་འཇུག་པ་དང་རྒྱུད་བླ་མའི་རྣམ་བཤད། བརྟག་གཉིས་དང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་བ། སྔགས་ཀྱི་སྤྱི་དོན་སོགས་བཀའ་འབུམ་པོད་བཅུ་ཙམ་བཞུགས། རྗེ་འདི་ཉིད་མཁས་དང་གྲུབ་པའི་ཕུལ་དུ་ཕྱིན་པས་གསུང་དེ་དག་ཀྱང་ཚིག་སྙན་ལ་དོན་ཟབ་ཅིང་འཆོས་སྐྱོབ་གཉིས་ལྡན་གྱི་བསྟན་བཅོས་སུ་སྣང༌། ཞལ་སློབ་ཀྱང༌། སྐྱབས་རྗེ་མཁན་རིན་པོ་ཆེ་འཇིགས་མེད་ཆོས་གྲགས། པད་གླིང་སྐུ་ཕྲེང་དགུ་པ་སྒང་སྤྲུལ་ཀུན་བཟང་པདྨ་ཕྲིན་ལས། མདའ་སྟོང་སྤྲུལ་སྐུ་རིག་འཛིན་པདྨ་རྣམ་རྒྱལ། པད་ཚལ་གླིང་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱ་མཚོ། མཚན་སློབ་ཆོས་ཀྱི་ཉི་མ། དབྱངས་སློབ་སངས་རྒྱས་རྡོ་རྗེ། སྒྲ་སློབ་ལེགས་བཤད་རྒྱ་མཚོ། བཤེས་གཉེན་མཁྱེན་རབ་རྒྱ་མཚོ། སློབ་དཔོན་ཡེ་ཤེས་རིན་ཆེན། སློབ་དཔོན་རྡོ་རྗེ་རིན་ཆེན། སློབ་དཔོན་རིག་འཛིན་དབང་ཕྱུག །སློབ་ཕན་ཐོགས། སྒྲུབ་སློབ་ཟླ་བ་རྒྱལ་མཚན། སློབ་དཔོན་སངས་རྒྱས་རྡོ་རྗེ། སློབ་དཔོན་བསོད་ནམས་རྒྱ་མཚོ། སྐུ་མཚམས་པ་དཔལ་འབྱོར་སོགས་ལུང་རྟོགས་ཀྱི་བསྟན་པ་འཛིན་ནུས་པ་མང་པོ་བྱུང་ངོ༌། །

ད་ལྟར་རྗེ་མཁན་རབས་བདུན་ཅུ་པ་སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་གྲགས་པ་མཆོག་ནི་མཛད་ཕྲིན་ཡར་ཟླ་བཞིན་འཕེལ་ཞིང༌། བསྟན་འགྲོའི་དཔལ་དུ་མཁན་ཁྲིའི་ཐོག་འཚོ་གཞེས་སུ་བཞུགས་བཞིན་པའོ། །

འདིར་སྨྲས་པ།

བསླབ་གཞི་ཚུལ་ཁྲིམས་པདྨའི་སྦུབས་ལྟར་གཙང༌། །

ཐོས་བསམ་སྒོམ་པའི་འདབ་མ་ཀུན་ནས་རྒྱས། །

སྙན་པའི་དྲི་བསུང་ཕྱོགས་མཐར་ཁྱབ་པ་ཡི། །

མཁན་རབས་པད་དཀར་ཕྲེང་བ་ཚར་དུ་དངར། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། ཞབས་དྲུང་ངག་དབང་རྣམ་རྒྱལ་ནས་བརྒྱུད་པའི་ལྷོ་འབྲུག་མཁན་རབས་ཀྱི་སྐབས་ཏེ་བཅུ་གཅིག་པའོ།། །།