རྗེ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར།

༈ རྒྱལ་དབང་རྗེའི་དབོན་སྲས་དང་སློབ་མའི་གཙོ་བོར་གྱུར་པ་རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་རྒྱལ་ནི། ཡབ་རྒྱལ་དབང་རྗེའི་གཅུང་པོ་ལྷའི་དབང་པོ་དང༌། ཡུམ་ནམ་མཁའ་འཛོམ་གཉིས་ཀྱི་སྲས་སུ། རབ་བྱུང་བརྒྱད་པའི་ཤིང་བྱ་༼༡༤༦༥༽ལོར་འཁྲུངས། ཆུང་ངུ་ནས་འབྲི་ཀློག་ལེགས་པར་བསླབས། དགུང་ལོ་བཅུ་གཉིས་པ་ལ་རྒྱལ་དབང་རྗེ་དྭགས་ཀོང་ནས་ཡར་ཕེབས་པ་ལྷོ་བྲག་ཏུ་བསུར་བྱོན། ལྷོ་གྲོ་བོ་ལུང་དུ་རབ་ཏུ་བྱུང༌། མཚན་ངག་དབང་ཆོས་ཀྱི་རྒྱལ་པོར་གསོལ། དེ་ཉིན་ནས་བརྩམས་ཏེ་ལོ་གཅིག་གི་རིང་ལ་འབྲུག་རྔོག་གི་དབང་རྒྱུད་མན་ངག་བར་མེད་དུ་གནང༌། ར་ལུང་དུ་ཕེབས་ནས་མདོ་སྡེའི་ལུང་གསན། རྗེ་གཤེགས་ནས་གྲུབ་ཆེན་ཤཱཀྱ་འཕེལ་བ་ལ་འབྲུག་སྐོར་གྱི་ལྷག་མ་ལག་ལེན་ལ་དོགས་གཅོད་ཞིབ་མོ་མཛད། བཅུ་བཞི་ལ་གདན་སར་ཕེབས། མཆོད་རྟེན་ཆེན་མོའི་རབ་གནས་ཀྱི་སྐབས་སངས་རྒྱས་དབོན་གྱིས་མ་འོངས་པའི་དུས་འདི་ལ་ཞིག་གསོས་དགོས་པ་ཡོང༌། དེ་དུས་ཁོ་བོ་རང་བསླེབས་ནས་བྱེད་གསུངས་པས། མཆོད་རྟེན་ཕྱེད་ཞིག་པ་ཞིག་གསོས་མཛད་པས་དབོན་རས་ཀྱི་སྤྲུལ་པའི་སྐུར་ཤེས། གཞན་སྟག་ལུང་ངག་དབང་གྲགས་པ། སྐུ་ཞང་ཆོས་རྗེ་མཁྱེན་རབ་མཆོག་གྲུབ། ཆོས་རྗེ་ལྷུན་སྡེ་བ་སོགས་བླ་མ་མང་དུ་བསྟེན། བདེ་མཆོག་ལ་སོགས་པའི་རྒྱུད་མན་ངག་མང་དུ་གསན། གདན་སའི་འཛིན་སྤྲས་ཞར་ཆོས་ཙམ་དུ་མཛད་ནས། སྒྲུབ་པ་གཙོར་འདོན་གནང་བས། ར་ལུང་ཁ་རོ། མཁར་ཆུ། སྤ་གྲོ་སྟག་ཚང་སོགས་སུ་ལོ་དགུ་ཙམ་སྒྲུབ་པ་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར། ནང་དུ་ཐུགས་དམ་རྟོགས་པ་བརྟན་ཅིང༌། ཕྱི་རོལ་དུ་ལྷ་འདྲེ་མི་གསུམ་དབང་དུ་འདུས་ཤིང༌། ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་གིས་སྒྲུབ། ངོ་མཚར་བ་ཞལ་དུ་མི་གླེང་སྦེད་པ་ལ་དགྱེས། འོན་ཀྱང་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་མངའ་བའི་རང་རྟགས་སུ། ཉིད་ཀྱི་ཞབས་ཕྱག་གི་རྗེས་དང༌། ཆིབས་ཀྱི་རྨིག་རྗེས། གར་ཕེབས་སུ་འཇའ་འོད་ཀྱི་ལམ་སྣ་འདྲེན་ཞིང༌། ལྷག་པར་དབང་བསྐུར་རབ་གནས་སོགས་ཀྱི་དུས་ཕལ་ཆེར་ལ༑ མེ་ཏོག་གི་ཆར་དང༌། འཇའ་གུར་སོགས་ཀྱི་ལྟས་འབྱུང་ལ། སྐབས་ཞིག་ཏུ་རྗེ་དབོན་གཉིས་སོགས་ལས་ཅན་འགའ་རེར་བཀའ་ཆོས་གནང་ཚེ། ཞག་ཉི་ཤུ་རྩ་བདུན་གྱི་རིང་ཚང་མར་ཆོས་ཐུན་ཚུགས་ནས་མ་གྲོལ་གྱི་བར་ལ་མེ་ཏོག་ཁ་དོག་སྣ་ཚོགས་ཡོད་པའི་ཆར་ཉི་འོད་སྒྲིབ་ཐུབ་པ་ཙམ་རྒྱུན་ཆགས་སུ་བབས་པ་སོགས་ངོ་མཚར་བ་བསམ་གྱིས་མི་ཁྱབ། ཏིང་ངེ་འཛིན་མཐར་ཕྱིན་པས་འདི་ལྟར་འབྱུང་གསུང་བའི་མ་འོངས་ལུང་བསྟན་པ་རྣམས་ཐོག་ཏུ་མ་བབ་པ་མེད་པ་ཀུན་ལ་མངོན་དུ་གྱུར། མར་པ་ལོ་ཙཱའི་སྤྲུལ་པའི་སྐུར་ཐམས་ཅད་དུ་གྲགས། པཎྜི་ཏ་འབུམ་ཕྲག་གསུམ་པ་ལ། ཡི་དམ་ལྷས་བླ་མ་ཞང་ཡིན་པས། དེའི་བཀའ་འབུམ་ལུང་ཞུས་ཞེས་ཡང་ཡང་ལུང་བསྟན་པ་བཞིན་ཞུས། ལྷོ་མོན་དུ་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་སྒྲུབ་སྡེ་མང་པོ་ཕྱག་བཏབ། སྙིང་པོའི་གནད་གསང་སྟོན་པའི་བསྟན་བཅོས་ཀྱང་པུསྟི་ཀ་གསུམ་དུ་ལོངས་པར་བཞུགས་པར་གྲགས། དེ་ལྟར་རྟེན་འབྲེལ་ཐབས་ལ་མཁས་པས་གདུལ་བྱ་འབྲེལ་ཚད་དོན་ལྡན་མཛད་དེ། དོན་དྲུག་པ་ལྕགས་བྱི་༼༡༥༤༠༽ལོའི་བོད་ཟླ་དང་པོའི་གནམ་གང་ལ་མྱ་ངན་ལས་འདས་པ་ན། སྐུ་གདུང་གི་ཕྱོགས་སུ་རྒྱ་སྤོས་ཀྱི་དྲི་ལས་ལྷག་པའི་བསུང་ཞིམ་གྱི་ངད་འཐུལ་བ་སོགས་ཡ་མཚན་པའི་ལྟས་དཔག་ཏུ་མེད་པ་བྱུང་ངོ༌། །དེའི་ཆོས་ཀྱི་སྲས་ཀྱི་ཐུ་བོ་ནི་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ་དང༌། ཀུན་མཁྱེན་པདྨ་དཀར་པོ་སྟེ་སྐུ་གོང་འོག་གཉིས། སྐུའི་སྲས་གཉིས་ཀྱི་ཆེ་བ་ངག་དབང་བསྟན་པའི་རྒྱལ་མཚན་དང༌། གཅུང་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་གཉིས། ཏིང་ཏིང་རྡོར་འཛིན་པ་སོགས་ཞབས་ཏོག་ཅན། འབྲུག་སྨྱོན་ཀུན་དགའ་ལེགས་པ་དང༌། ཐལ་རུ་རྟོགས་ལྡན་སོགས་གྲུབ་པ་ཅན། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་སོགས་མཐུ་སྟོབས་ཅན། གཞན་ཡང་སྟག་ལུང་ཞབས་དྲུང་ངག་དབང་ལེགས་གྲུབ་མཆེད་གསུམ། རྗེ་དཔའ་བོ་གཙུག་ལག་ཕྲེང་བ། སྙུགས་ལ་པཎ་ཆེན་ངག་དབང་གྲགས་པ༑ བྱ་བཀྲ་ཤིས་རྣམ་རྒྱལ། པཎ་ཆེན་འབུམ་ཕྲག་གསུམ་པ། བསྟན་འཛིན་ཉི་ཟླ་བཟང་པོ། གསེར་མདོག་ཅན་གྱི་མཁས་པ་འབུམ་རམ་པ། འདར་པ་བློ་གྲོས་རྒྱ་མཚོ། ཀུན་དགའ་གྲོལ་མཆོག །ཚར་ཆེན་བློ་གསལ་རྒྱ་མཚོ། དགེ་ལྡན་པའི་ཆབ་མདོ་ཆོས་རྗེ་སྔགས་རམ་པར་གྲགས་པ་དགེ་འདུན་བཀྲ་ཤིས། གསང་ཕུ་ཆོས་རྗེ་སྨོན་ལམ་པ། ཚོགས་ཆེན་མཁན་པོ་ནམ་མཁའ་བཀྲ་ཤིས། དགེ་འདུན་སྒང་མཁན་པོ་རིན་ཆེན་བཀྲ་ཤིས་སོགས་སྐབས་དེའི་བསྟན་འཛིན་དང་སྦྱིན་བདག་ཆེ་དགུས་བཏུད་པས། ཐོག་དེ་ལ་དབུས་གཙང་དུ་ཆེ་བར་གྲགས་སོ། །