རྒྱལ་བ་ལོ་རས་གྲགས་པ་དབང་ཕྱུག་གི་རྣམ་ཐར།

ཐུགས་སྟོབས་རི་དབང་ལྷུན་པོའི་གཏོས་དང་མཉམ། །

སྤངས་རྟོགས་ཡོན་ཏན་གསེར་ལྡན་མ་ལས་ལྕི། །

མཛད་པ་དབང་ཆེན་རྡུལ་བཞིན་གྲངས་མི་དཔོག །

རྒྱལ་བ་ལོ་རས་བརྒྱུད་པ་བཅས་ལ་འདུད། །

 

༈ རྒྱལ་བ་ལོ་རས་གྲགས་པ་དབང་ཕྱུག་གི་རྣམ་ཐར་ནི། གཞུང་གི་གྲགས་ཆེན་ཞེས་པར། གདུང་ལོ། ཡབ་རྣལ་འབྱོར་ཤེས་རབ་དང༌། ཡུམ་མེ་བཟའ་སྐྱིད་ལ་སྲས་མེད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཅིང་བུ་འབྱུང་བར་གསོལ་བ་བཏབ་པས། སྤྱན་རས་གཟིགས་ཀྱི་བྱིན་རླབས་ལས་ཡུམ་ལ་ལྟས་བཟང་པོ་དང་བཅས། རབ་བྱུང་གསུམ་པའི་ས་ལུག་༼༡༡༩༩༽ལོར་འཁྲུངས། མཚན་ལོ་བདེ་བ་སྐྱོང༌། ཆོས་ཀྱི་བག་ཆགས་བཟང་བས་ལོ་གསུམ་བཞི་ནས་འབྲི་ཀློག་མཁྱེན། སྐུའི་ཆོ་བཟང་བས་ལོ་ལྔ་དང་དྲུག་གཉིས་ལ་ཆོས་ལ་འབྲོས་པར་བརྩམས། ཡབ་ཡུམ་གྱིས་མཐའ་བཞི་ཤག་དར་གྱི་བུ་མོ་ཇོ་མོར་བསུས། བདུན་པ་ལ་བྲོས་ནས་འབྲུག་ཏུ་སླེབས། དེར་རྗེས་སྦལ་ཏི་ལ་གཏད་ནས་སྐྱོར་མོ་ལུང་དུ་སྐྲ་བཅད། མཚན་གྲགས་པ་དབང་ཕྱུག་ཏུ་གསོལ། ཡུལ་ནས་བདས་མི་བྱུང༌། སྐོར་ཅིག་བྱོན་པ་ན་ཇོ་མོ་དང་ལྷན་ཅིག་རྐང་པ་ལྕགས་སུ་བཅུག་ཀྱང་མ་ཆགས་པར་སླར་ཆོས་རྗེའི་སྐུ་དྲུང་དུ་བྱོན། གདམས་ངག་རྣམས་ལེགས་པར་གསན། དེ་ནས་ཡབ་སྲས་ཞལ་དན་ནས་ཆོས་རྗེ་དཔོན་སློབ་གཏོས་ཆེ་བ་གཞུང་དུ་སྤྱན་དྲངས། མི་རྣམས་ཀྱིས་འཚེངས་པ་གསུམ་ཞེས་ཆོས་རྗེ་དཔོན་སློབ་འབུལ་བས་འཚེངས་པ། མཐའ་བཞི་ཤག་དར་ནོར་གྱིས་འཚེངས་པ། ཁོང་རང་ཆོས་མཛད་རྒྱུ་བྱུང་བས་འཚེངས་པ་ཟེར་རོ། །དེ་ནས་ཆོས་རྗེས་ཐུགས་ལ་བཏགས། གདམས་ངག་ཐམས་ཅད་སྦ་སྲི་མེད་པར་གནང༌། དགུང་ལོ་བཅུ་གསུམ་ལོན་པའི་ཚེ་ཁ་རག་ཏུ་བྱོན། དེར་ཇོ་དན་ཀུན་རྒྱལ་ཟེར་བ་ལོ་མཉམ་ཞིག་ཀྱང་ཕྱག་ཕྱིར་འབྱོར། ཁོ་བསོད་སྙོམས་ལ་སོང་བའི་ཤུལ་དུ་ཁ་བ་ཆེན་པོ་བབ། དེ་ལ་ཁོས་མ་ཐར། བླ་མ་ལ་གསོལ་ཟས་མེད་སྙམ་ཁོས་སྙིང་རུས་བསྐྱེད་འོངས་ནས་ཕུག་པའི་ཕྱི། ཆོས་རྗེས་ནང་ནས་བརྐོས་པས་འཕྲོད་ཙམ་བྱུང༌། དེར་སྙུན་གཞི་དམ་པོ་ཞིག་བྱུང་བ་སྡིག་སྒྲིབ་དག་པའི་རྟགས་བཟང༌། དེར་ལོ་གསུམ་བཞུགས། དེ་རྗེས་གནམ་མཚོ་ཕྱུག་མོའི་དོ་ལ་སྒོམ་པར་བྱོན། དེ་དུས་མཚོ་རུལ་དར་མ་ཆགས་པ་ལ། ཉ་པ་གཞོན་ནུ་ཞིག་གིས་དང་བླངས་བྱས། དེའི་ཕུ་བོ་ན་རེ། ཁྱོད་ལས་ང་དྲག་སྟེ་འོང་ཟེར། རྫིངས་ཆུང་ངུ་ཞིག་བཏང་བས་མཚོའི་དཀྱིལ་དུ་སླེབས་པ་ན་རླུང་དམར་འཁྲུགས། དེའི་དབང་གིས་རྦ་ཀློང་ལོངས་ནས། ཉ་པ་ན་རེ། ངས་མ་ཕྱིན་པ་དྲག་བྱས་ཏེ་ཁྱོད་མ་ཉན། ད་འཆི་བ་མིན་པའི་ཐབས་མེད། ཁྱོད་རང་ཐུགས་དམ་བྱེད་རྒྱུ་ཡོད་ན་མཛོད་ཟེར། ཁོ་མགོ་གོས་ཀྱིས་གཏུམས་ནས་འཇུམ་ཉལ་སོང༌། དེར་ཆོས་སྐུ་ཀུན་བཟང་མ་ཞེས་གྲགས་པའི་གསོལ་འདེབས་དེ་མཛད། མོས་གུས་ཀྱི་གདུང་བས་ཆོས་རྗེ་མངོན་སུམ་དུ་ཀོ་རྫིངས་ཀྱི་ཁ་ན་ཕེབས། བུ་འཇིགས་པ་མེད་དོ་གསུང་ངོ་སྙམ་པ་ཞིག་ལ་ལྷགས་པ་འཇམ། དོའི་རྩ་ན་ཕེབས་འདུག་པས་ཉ་པའང་ཡིད་ཆེས། དེར་ཕྱེ་ཁུར་གཅིག་ལ་བགོ་བཤའ་མཛད་དེ་ལོ་གཉིས་ཀྱི་གསོལ་རྒྱགས་མཛད་རྩིས། ལོ་གཅིག་སོང་བ་ན་དར་ཆགས། ཕྱི་དོའི་སྒོམ་ཆེན་པ་རྣམས་ཀྱིས་ནན་གྱིས་སྤྱན་དྲངས་དོ་ཕྱིར་བྱོན། སླར་ནང་དུ་འབྱོན་རྩིས་ལ་སྒོམ་ཆེན་གཞན་འགའ་སོང་ཟེར་ནས་མ་བྱོན་པར་ཞྭ་མོ་དོ་ལ་བྱོན། དེར་ཉེ་གནས་དགེ་འདུན་དར་ཞག་ཤས་བསྡད་ནས་འགྲོ་རྩིས་ལ། དར་བཙན་ཐབས་སུ་ཞིག་ནས་ནང་དུ་ལུས། དེར་ཆས་མང་བར་ཡོད་པ་ཁོ་ལ་གཏད་པས་སྲི་མ་ཤེས་པར་ཟད། འཚོ་བ་དཀའ་ཐུབ་ངང་ཡུན་རིང་བཞུགས། དེ་ནས་ཆོས་རྗེས་དར་ཡོད་ལྟོས་གསུངས་པས། གཞན་མི་སྣང་སྣམ་བུ་བརྐྱང་བ་འདྲ་ཞིག་མཐོང༌། དེ་ལ་ཆོས་རྗེས་སྣ་དྲངས་བྱོན། ཕ་གིའི་རུ་གསེབ་ཏུ་ཕེབས་པའི་ཚེ། ཁྱེད་གང་ནས་འོང་ཟེར། ངེད་ཞྭ་མོ་དོ་ནས་འོངས་བྱས་པས་མཚོ་རུལ་ནས་སུས་བགྲོད་རྫུན་ཡིན་ཟེར། དགོང་མོ་རི་ལ་ཕྱུགས་འཚོར་འགྲོ་བ་རྣམས་ལོག་ནས། ཁོང་རྣམས་ན་རེ། དེ་རིང་རུ་གསེབ་ཏུ་བཙུན་པ་གཉིས་མ་བྱུང་ངམ། དེ་རིང་ལས་ལྟད་མོ་ཆེ་བ་འོང་མ་མྱོང༌། ཞྭ་མོ་དོ་ནས་ཁོང་གཉིས་ཆུ་ལ་མ་བྱིང་བར་འབྱོན་པ་མཐོང་ཟེར་བས་ཀུན་དད། དེ་ནས་ཇོ་མོ་གངས་སོགས་སུ་རྒྱུན་རིང་བར་བཞུགས། དབུ་རི་བཏབ། ཕྲིན་ལས་དང་པོ་དེར་བསྐྱངས། གདམས་ངག་གི་གཙོ་བོ་ཐུབ་པ་ལྔ་ལ་མཛད། དེ་ནས་རིང་ཞིག་ན་ཚོགས་པ་དམངས་རི་ལ་བཀྱེ། བརྒྱ་ལྷག་ཙམ་ཤུལ་འཛིན་པ་ལ་བཞག །དཔོན་སློབ་སྟོང་ལྷག་ཙམ་གྱིས་གཙང་དུ་བྱོན་ནས་རྫོང་སྒོའི་གངས་ལ་བཞུགས། དེ་དང་འགོ་ཡུལ་དུ་དགོན་པ་མང་པོ་བཏབ། དེ་ནས་དཀར་པོ་ཆོས་ལུང་བཏབ་སྟེ་ཚོགས་ཆེ་ཙ་ན་ཁྲི་ཙམ། རྒྱུན་དུ་ཉིས་སྟོང་ལྷག་པ་འདུས་ཏེ་ཕྲིན་ལས་བར་པ་དེར་བསྐྱངས། བརྒྱད་བརྒྱ་ཙམ་རི་ལ་བཀྱེ། ཆོས་ལུང་དུ་འདག་སྦྱར་ལ་ལྔ་བརྒྱ་ཙམ་བཅུག །དེ་ལྷག་སྟོང་ལྷག་པ་ཞིག་ཕྱག་ཕྱིར་ཁྲིད་དེ། ལྷོ་བྲག །མོན་སོགས་སུ་བྱོན། ལྷ་ཁང་དུ་གདན་ཆགས། དེར་གཙུག་ལག་ཁང་གི་སོ་བྲན་སོགས་མཛད་དེ། ཐར་པ་གླིང་གི་དགོན་པ་ཡང་བཏབ། དེ་ནས་དཔལ་སེང་གེ་རིར་དབེན་པ་བསྟེན་ནས་བཞུགས་པའི་མཐར། དགེ་སློང་བསླབ་གཙང་སྟོང་དང་ལྔ་བརྒྱ་ལ་དཔལ་འཁོར་ལོ་སྡོམ་པའི་དབང་མོ་ཆེ་རྒྱས་པ་ཞིག་བསྐུར། དེར་གང་འདོད་པའི་གདམས་ངག་གནང་ནས། ཕྲིན་ལས་མཐའ་མ་བསྐྱངས་ཏེ། རེ་བཞི་པ་ཆུ་ཁྱི་༼༡༢༦༥༽ ལོའི་ཟླ་བ་དགུ་པའི་ཚེས་ཉི་ཤུ་རྩ་གཅིག་ལ་ཞི་བར་གཤེགས་སོ། །ཟླ་བ་རྟིང་མའི་ཚེས་གཅིག་ལ་སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་དང་རིང་བསྲེལ་ལ་སོགས་པ་མང་དུ་བྱོན། ངོ་མཚར་བའི་ལྟས་ཀྱང་གྲངས་ཀྱིས་མི་ཆོད་པ་བྱུང་ངོ༌། །

དེ་ཡང་རྒྱལ་བ་ལོས་རས་ཀྱི་དམ་བཅའ་བཅུ་གཉིས། ཁྱད་པར་གྱི་དམ་བཅའ་གཅིག་དང་བཅུ་གསུམ་ནི། སྲོག་ལ་བབ་ཀྱང་ལན་མི་བྱེད་པ། ཁྱིམ་དུ་མི་གཤེགས་པ། སྒོས་ཀྱི་དད་ཟས་མི་གསོལ་བ། ལྟོ་ཕྱིར་བརྙ་སྐྱི་མི་བྱེད་པ། མི་བསྙེས་པ་ཙོག་པུར་བཞུགས་པ། དོན་མེད་གཉིས་ཚོགས་ཀྱི་གཏམ་མི་བྱེད་པ། དབེན་པ་འབའ་ཞིག་སྟེན་པ། ན་བཟའ་རས་རྐྱང་ལས་མི་གསོལ་བ། འཚོ་བ་གདན་གཅིག་མཛད་པ། གཏོར་མ་མི་ཆག་པ། ཐུན་བཞིར་རྣལ་འབྱོར་མི་ཆག་པར་བྱེད་པ། གཅིག་པུར་མཚམས་མཛད་དུས་མ་གཏོགས་སང་ཕན་ཆོད་ལྡང་བའི་རྫས་མི་འཛིན་པ་དང་བཅུ་གཉིས། རང་བས་དམན་པའི་མཛེ་སྤྲང་ཡན་ཆད་གོང་དུ་ཁུར་བ་དང་བཅུ་གསུམ་མོ། །དེ་ལ་སློབ་མ་འཇམ་དབྱངས་མགོན་པོ་ལ་སོགས་པའི་མཁས་པ་རྣམ་གསུམ། ཙ་རི་རས་ཆེན་སོགས་རས་པ་རྣམ་གསུམ། ཨ་ལོ་ཤཱཀྱ་གསུམ་སྟེ། རྣལ་འབྱོར་རྣམ་གསུམ་སོགས་མཐའ་ཡས་སོ། །ལྷོའི་ཆོས་འབྱུང་དུ། སློབ་མ་རྟོགས་ལྡན་མཁའ་སྤྱོད་དབང་པོ་ཉི་ཟླ་ཡེ་ཤེས་ཞུ་བ་ཞིག་ཡོད་པར་གསུངས་སོ། །༼འདི་འཁྲུངས་ལོ་སོགས་ཀུན་མཁྱེན་ཆོས་འབྱུང་ལྟར་ཡིན། དེབ་སྔོན་ལས་ལོ་སྐོར་གཅིག་གིས་འཕྱི་བ་ཡོད། འདིའི་སྐོར་ལ་དཔྱད་པ་ཅུང་ཟད་ཟུར་དུ་བྲིས་ཡོད།༽