རྒྱལ་དབང་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བའི་རྣམ་ཐར།

 

 

གངས་ཅན་བསྟན་འགྲོའི་པད་ཚལ་སྐྱོང་བའི་གཉེན། །

ཀར་འབྲུག་བསྟན་པ་གསལ་བའི་ཉིན་མོར་བྱེད། །

བརྒྱུད་གསུམ་རིན་ཆེན་འོད་ཀྱི་ཕྲེང་བ་ཅན། །

རྒྱལ་དབང་ཀུན་གཟིགས་ཆོས་ཀྱི་སྣང་བར་འདུད། །

༈ རྒྱལ་དབང་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བའི་རྣམ་ཐར་ནི། ཀོང་པོ་ཉང་ཁའི་ཡུལ་དུ། ཡབ་ཚེ་དབང་མགོན་པོ་དང༌། ཡུམ་པད་མ་སྐྱིད་མོའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ས་བྱི་༼༡༧༦༨༽ལོར་བལྟམས། དང་པོར་མཚན་ནོར་བུ་བསམ་འཕེལ་བཏགས། དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བས་རྒྱལ་དབང་འབྲུག་པ་བདུན་པའི་སྤྲུལ་སྐུར་ལུང་བསྟན། རྗེ་དེ་ལ་གཙུག་ཕུད་ཕུལ། མཚན་དཀར་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མ་ཞེས་གསོལ། དགུང་ལོ་དྲུག་པར་གསང་གླིང་དུ་ཁྲིར་གསོལ་ཞུས། དགུང་ལོ་བཅུ་པར་བདེ་ཆོས་སུ་ཕེབས་ཏེ། རྗེ་འཇམ་དཔལ་དཔའ་བོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་མི་ཕམ་ཀུན་གཟིགས་ཆོས་ཀྱི་སྣང་བ་པད་དཀར་བཞད་པའི་དགེ་མཚན་འགྱུར་མེད་རྡོ་རྗེའི་སྙིང་པོ་མཆོག་ཏུ་གྲུབ་པའི་སྡེར་གསོལ། དཔལ་ལྡན་འབྲུག་པའི་དབང་ལུང་གདམས་ངག་རྒྱ་ཆེར་གསན། དེ་ནས་ལོ་གཉིས་ཙམ་ན་ཡོངས་འཛིན་རིན་པོ་ཆེ་ཞིང་བརྗེས་པས། དགུང་ལོ་བཅོ་ལྔའི་ཐོག་རྗེ་བཀའ་བརྒྱད་ཕྲིན་ལས་ཡར་འཕེལ་གསང་གླིང་དུ་སྤྱན་དྲངས་ཏེ། རྗེ་འདི་པ་ཞི་བར་གཤེགས་ཀྱི་བར་ལོ་དྲུག་བདུན་ཙམ་འབྲལ་མེད་དུ་བསྟེན་ཏེ། སུམ་རྟགས། སྙན་ངག །སྡེབ་སྦྱོར། ལྷ་བྲིས་སོགས་རིག་གནས་དང༌། ཆོས་དྲུག་ཕྱག་ཆེན་སོགས་དབང་ལུང་ཉམས་ཁྲིད་ཡུན་རིང་གསན་པས། གནས་ལུགས་ཀྱི་རང་ཞལ་གཟིགས། རྩ་བའི་བླ་མར་འཛིན། དགུང་ལོ་བཅུ་བཞི་བར་ངག་དིབ་པ་དང་ཐུགས་རིག་མི་གསལ་བ་ལ་རྗེ་བཀའ་བརྒྱད་རིན་པོ་ཆེར་བཀའ་དབང་གསན་པ་ནས་བཟུང་རིམ་གྱིས་དྲག་ཏུ་སོང་ནས་ཤེས་རབ་ཀྱི་མེ་འབར། རྗེ་འཛི་སྒར་བཞི་པ་དཀར་བརྒྱུད་ཕྲིན་ལས་རྣམ་རྒྱལ་ལམ་རྡོ་རྗེ་དྲག་པོ་རྩལ་ལས། སྔ་རྗེས་ཅི་རིགས་སུ་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་དང༌། འཁོར་ལོ་བདེ་མཆོག །རྡོ་རྗེ་ཕུར་པ་སོགས་ཀྱི་དབང༌། འབྲུག་པ་སྐུ་གོང་མ་ནས་གསན་པའི་མགོན་པོ་ཕྱག་བཞི་པ་ཐེལ་ལུགས། ཏྲཀྴད་གཉོས་ལུགས། ལྷ་མོ་དུད་སོལ་མའི་སྲོག་གཏད། རོལ་རྡོར་གཏེར་བྱོན་སྐོར་གྱི་དབང་ལུང༌། ཕུར་པའི་བསྐྱེད་རིམ་ལྷ་ཁྲིད། ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད། མེ་ཏྲི་སྙན་རྒྱུད་ཀྱི་ལུང༌། མཁས་དབང་བཀའ་འབུམ་གྱི་ལུང་སོགས་སྨིན་གྲོལ་དཔག་མེད་གསན། ཁྱད་པར་རྗེ་དེའི་དགོངས་གཏེར་གུ་རུ་དྲག་པོའི་དབང་གསན་པའི་སྐབས། རྨང་ལམ་མཚན་མ་བཟང་པོ་བྱུང་ནས། མི་ཕྱེད་པའི་དད་མཐོང་ཆེན་པོས་དབུའི་རིགས་བདག་ཏུ་བཀུར། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེའི་ཞལ་སྔ་ནས། སི་ཏུ་པདྨ་ཉིན་བྱེད་དང་ལྷན་ཅིག་བསྙེན་པར་རྫོགས། མཚན་དཔལ་ལྡན་འཆི་མེད་གྲུབ་མཆོག་ཡེ་ཤེས་ཉི་མ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། བཀའ་ཆོས་ཀྱང་མང་པོ་གསན། སི་ཏུ་རིན་པོ་ཆེ་ལ་དབང་ཆོས་སྤེལ་མར་གསན་བཞེས་མཛད། དེ་ལྟར་བཀའ་བབ་བརྒྱུད་པའི་ཆུ་བོ་དུ་མ་ཐུགས་ཀྱི་དལ་འབབ་མཛོད་དུ་གཏམས་ཤིང༌། མན་ངག་རིན་ཆེན་བྱེ་བའི་འབྱུང་ཁུངས་གཅིག་པུར་གྱུར། བྱར་ཕུ་ནགས་དགོན་དུ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་ཧ་ཅང་དམ་པར་བཞུགས་པས་མཚོན་གནས་ཆེན་དུ་མར་བསྙེན་སྒྲུབ་ལ་ཉམས་བཞེས་གཡེལ་བ་མེད་པར་གནང༌། ཙ་རི་ཅིག་ཅར་ཡུན་རིང་བཅད་རྒྱར་བཞུགས་སྐབས་མཁའ་འགྲོའི་གསང་ལམ་ནས་རྒྱ་གར་རྡོ་རྗེ་གདན་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་དྷུ་མ་ཐ་ལ་མཁའ་འགྲོའི་གྲོང་ཁྱེར་རྣམས་སུ་ཟླ་བ་གཅིག་གི་རིང་སྐུ་དངོས་ཕེབས་ཏེ་ཆོས་གསུངས་པ་དང༌། བསམ་ཡས་མེས་འཇིག་ནས་ཞིག་གསོའི་རབ་གནས་མཛད་པའི་ཚེ། དབུ་རྩེར་འཇའ་འོད་འཁྱིལ་བ་སོགས་ངོ་མཚར་བ་ཤིན་ཏུ་མང༌། སྟོད་ལ་དྭགས་རྒྱལ་པོས་གདན་ཞུས་ལྟར་བྱོན་ནས། ཝཾ་ལེ་བདེ་ཆེན་རྣམ་རྒྱལ། ཧེ་མི་བྱང་ཆུབ་དགོན། ལྕེ་བདེ་ཐེག་མཆོག་གླིང༌། ཤེལ་དཀར་རྫོང་རྣམས་སུ་རྒྱལ་པོ་ཡབ་སྲས་སོགས་སེར་སྐྱ་ཐམས་ཅད་ལ་ཆོས་ཀྱི་གྲུ་ཆར་ཕབ། གཞན་ཡང་སྟོད་མངའ་རིས་དང་བར་དབུས་གཙང་གི་གནས་ཆེན་ཕལ་ཆེར་ཞབས་ཀྱིས་བཅགས་ཏེ་ཚོགས་མཆོད་དང་བསྐོར་བ་མཛད། གང་དུ་ཕེབས་ཀྱང་དངོས་པོའི་འབུལ་ནོད་ཆར་ལྟར་བབས་པས། དེ་དག་རྣམ་དཀར་དོན་ལྡན་ཕྱིར། ར་ལུང་དང༌། གནམ་འབྲུག །གསང་གླིང༌། མཐོང་སྨོན། བྱམས་པ་ཆོས་གླིང་སོགས་ཉམས་གསོ་དང༌། སྒྲོལ་མ་ལྷ་ཁང་རྟེན་བརྟེན་པར་བཅས་གསར་བཞེངས་གནང༌། རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ངོས་འཛིན་གནང་ནས། མཚན་དཔལ་ལྡན་རིགས་ཀུན་ལྷུན་གྲུབ་ཐེག་པ་མཆོག་གི་རྡོ་རྗེ་ཕྱོགས་ལས་རྣམ་རྒྱལ་ཀུན་ཏུ་དགའ་བ་རྒྱས་པའི་སྡེར་གསོལ། དབང་ལུང་མང་པོ་ཕུལ། ཕྱིས་བསྙེན་རྫོགས་ཀྱི་མཁན་པོའང་མཛད། དེ་བཞིན་དཔའ་བོ་གཙུག་ལག་ཆོས་ཀྱི་རྒྱལ་པོ་ལ་སྒྲུབ་ཐབས་རིན་འབྱུང་སོགས་གནང་ནས་རྗེས་སུ་བཟུང༌། སྐུ་དུས་འདིར་བལ་བོད་དུས་ཟིང་སོགས་ཀྱི་སྐབས་ཡིན་པས། བསྟན་འགྲོའི་བདེ་ཐབས་ལ་དམིགས་ཏེ་སྟོད་སྨད་དུ་མར་ཕེབས་ཏེ་མཛད་པ་རླབས་ཆེན་ཅི་ཡང་བསྐྱངས་བའི་མཐར། དགུང་ལོ་ང་ལྔ་པ་ཆུ་རྟ་༼༡༨༢༢༽ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཉིས་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ། །སློབ་མ་ནི། ཡོངས་འཛིན་ཡེ་ཤེས་གྲུབ་པ། ཆོས་མགོན་དྲུག་པ་མཐུ་སྟོབས་ཀུན་བཟང་ངམ་ཆོས་ཀྱི་བཤེས་གཉེན། ཅོག་གྲྭ་བསྟན་པའི་ཉི་མ་མཆེད། དྲེའུ་ལྷས་གྲུབ་དབང་སྤྲུལ་སྐུ། ཁམས་སྤྲུལ་སྒྲུབ་བརྒྱུད་ཉི་མ། འཛི་སྒར་ཆོས་ཀྱི་ཉི་མ། དཔལ་པད་གཉིས། འཁྲུལ་ཞིག་སྤྲུལ་སྐུ། བཀའ་བརྒྱད་སྤྲུལ་སྐུ། བྱམས་མེ་མི་ཕམ་ཀུན་བཟང་ཕྲིན་ལས། ཨ་རྫོང་སྤྲུལ་སྐུ། སྔགས་གྲྭ་སྤྲུལ་སྐུ་མཐུ་སྟོབས་འགྱུར་མེད། རིག་འཛིན་ཆོས་རྒྱལ་རྡོ་རྗེ། སོག་རྩེ་སྤྲུལ་སྐུ། བསམ་གླིང་སྤྲུལ་སྐུ། བསྟན་འཛིན་ཆོས་ཀྱི་དབང་པོ། བྲག་དཀར་ཆོས་ཀྱི་དབང་ཕྱུག་སོགས་སློབ་ཚོགས་ཤིན་ཏུ་མང༌། རྗེ་འདི་ཚུལ་གནས་གསན་བསམ་སྒོམ་པ་མཐར་ཕྱིན་ཏེ་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པས། ཀར་འབྲུག་ཡོངས་ཀྱིས་དབུ་བླར་གྱུར་ཅིང༌། སྒྲུབ་བརྒྱུད་ཀྱི་བསྟན་ལ་སྨན་པའི་གསུང་འབུམ་ཡང་པོད་བཞི་ཙམ་ད་ལྟར་བཞུགས་སོ། །