རྒྱལ་དབང་བདུན་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟའི་རྣམ་ཐར།

༈ དེའི་སློབ་མ་རྒྱལ་དབང་བདུན་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟ་ནི། ཀོང་པོ་ཨོ་རོང་སྡེ་པར། ཡབ་སྡེ་པ་ཚེ་རིང་དབང་རྒྱལ་དང༌། ཡུམ་འོད་གསལ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་༼༡༧༡༨༽ལོར་སྐུ་བལྟམས། རིག་འཛིན་ཆོས་རྗེ་གླིང་པས་རྒྱལ་དབང་མི་ཕམ་དབང་པོའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བཞི་པར་གདན་སར་མངའ་གསོལ། དགུང་ལོ་ལྔ་པར་གོང་ས་རྒྱལ་བ་བདུན་པ་སྐལ་བཟང་རྒྱ་མཚོར་མཇལ་བཅར་དང་གཙུག་ཕུད་ཕུལ། མཚན་བློ་བཟང་མི་ཕམ་ཕུན་ཚོགས་འགྱུར་མེད་གྲུབ་རིགས་བསྟན་པའི་ཉི་མར་གསོལ། ཕྱིས་སུ་རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་གནང༌། དེ་ནས་མཁན་ཆེན་རིན་ཆེན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་རིག་གནས་སྤྱི་དང་མདོ་ཕྱོགས་གཞུང་ཆེན་ཁག་ལ་གསན་སྦྱང་མཛད། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་དང༌། ཡོངས་འཛིན་གསུམ་པའི་གཅུང་དབོན་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག །ལ་སྟོད་བར་འབྲོག་ཆུ་བཟང་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ། ཞ་ལུ་དགེ་སློང་རྡོ་རྗེ་འཛིན་པ་རིན་ཆེན་འཇམ་དཔལ་དོན་གྲུབ་སོགས་བླ་མ་དུ་མ་བསྟེན་ནས་དཔལ་ལྡན་འབྲུག་པའི་ཟབ་ཆོས་གཙོ་བོར་གྱུར་པའི་དབང་ལུང་ཁྲིད་གསུམ་དཔག་ཏུ་མེད་པ་གསན་ཏེ་ཉམས་བཞེས་མཛད། རྒྱལ་དབང་ཀརྨ་པ་དང༌། སི་ཏུ་རིན་པོ་ཆེ། དཔའ་བོ་རིན་པོ་ཆེ། རིག་འཛིན་ཆེན་པོ་ལྷན་རྒྱས་ལ་སྒྲུབ་ཐབས་རིན་འབྱུང་དང་སྒྲོལ་མའི་དབང་བཞི་རྒྱས་པ་ཕུལ་ཅིང༌། སི་ཏུ་པཎ་ཆེན་གྱི་ཞལ་སྔ་ནས། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྨིན་དབང་ཡང་ཚུར་གསན། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ལ་སྒྲུབ་ཐབས་རིན་འབྱུང་དང༌། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་སྨིན་དབང་རྒྱས་པ། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་བསྩལ་ཅིང༌། ཚུར་ཡང་འཇམ་དཔལ་ཚེ་བདག་སྒྲུབ་དབང་ཆེན་མོ་གསན་བཞེས་མཛད། རྗེ་རིག་འཛིན་ཆེན་པོ་དང་དཔའ་བོ་གཙུག་ལག་དགའ་བ་བཅས་ནས་བལ་ཡུལ་འཕགས་པ་ཤིང་ཀུན་ཞིག་གསོ་མཛད། རིག་འཛིན་ཆེན་པོ་གཤེགས་རྗེས་དགོངས་རྫོགས་མཆོད་འབུལ་དང་གསེར་གདུང་བཞེངས་པ། བལ་ཡུལ་མཆོད་རྟེན་རྣམ་གཉིས་ཀྱི་ཉམས་གསོའི་མཐའ་བསྐྱངས་བ་སོགས་མཛད་པ་དཔེ་ཟླ་བྲལ། ཉིན་ལམ་བཞི་ལྔའི་ས་ནས་རབ་གནས་མཛད་པས་མེ་ཏོག་ཤིང་ཀུན་གྱི་སྟེང་དུ་མངོན་སུམ་བབ་ཅིང༌། གངས་ཏི་སེར་ཕེབས་སྐབས་རྡོ་བའི་ངོས་ལ་ཞབས་རྗེས་བཀོད་པ་སོགས་གྲུབ་པའི་གོ་འཕང་བརྙེས་པའི་ངོ་མཚར་མང༌། སྟོད་ལ་དྭགས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་སྐུ་མཆེད་དང་བློན་པོ་སོགས་ཀྱིས་ཕེབས་བསུ་བཅས། སླེ་ཕོ་བྲང༌། ཤེལ་མཁར། ཧེ་མི་བྱང་ཆུབ་གླིང་སོགས་སུ་ཞབས་ཀྱིས་བཅགས་ཤིང༌། དད་ལྡན་སེར་སྐྱ་དཔག་ཏུ་མེད་པ་ལ་སྨིན་གྲོལ་གྱི་གདམས་པ་ཅི་ཡང་བསྩལ། གར་ཞ་མཁའ་འགྲོའི་ཡུལ་དུ་ཕེབས་ཏེ། རིག་འཛིན་ཆེན་པོའི་བཞེད་དོན་ལྟར་རང་བྱོན་ཐུགས་རྗེ་ཆེན་པོར་གསེར་གདུགས་ཕུལ། ཡུལ་ཉེར་བཞིའི་མ་རུ་དང༌། ཀུ་ལུ་ཏ་སོགས་གནས་གཟིགས་དང་ཚོགས་མཆོད་མཛད། བལ་ཡུལ་ཡམ་བུ་རྒྱལ་པོ་སོགས་རྒྱལ་པོ་དུ་མས་བླ་མར་བཀུར་ཅིང༌། འདུལ་བྱ་ཕྱོགས་མཐར་རྒྱས། ར་ལུང་རྟག་བརྟན་ལྷ་ཁང་དུ་སྐུ་འབུམ་ཆེན་མོ་ཉམས་གསོ་དང༌། འབྲུག་བྱང་ཆུབ་གླིང་དུ་ཀུན་མཁྱེན་བཀའ་འབུམ་ཡོངས་རྫོགས་སྤར་དུ་བསྒྲུབས་པ་སོགས་བཤད་སྒྲུབ་ལས་གསུམ་གྱིས་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པ་མཐའ་རྒྱས་སུ་སྤེལ་བའི་མཐར། དགུང་ལོ་ལྔ་བཅུ་པ་མེ་ཕག་༼༡༧༦༧༽ལོའི་བོད་ཟླ་དང་པོའི་ཚེས་བཅུ་བདུན་ལ་ཞི་བར་གཤེགས་སོ། །སློབ་མའི་གཙོ་བོ་ནི། ཅོག་གྲྭ་བཞི་པ་ངག་དབང་རིན་ཆེན་བསྟན་པའི་རྒྱལ་མཚན་ནམ་སྐལ་བཟང་མི་ཕམ་རྣམ་རྒྱལ། དྲེའུ་ལྷས་པ་གྲུབ་དབང་སྤྲུལ་སྐུ་ཀུན་དགའ་མི་འགྱུར་རྡོ་རྗེ། ཁམས་སྤྲུལ་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མ། འཛི་སྒར་གསུམ་པ་མི་ཕམ་ཕྲིན་ལས་དཔལ་འབྱོར་དང་བཞི་པ་རྡོ་རྗེ་དྲག་པོའམ་ཀརྨ་ཕྲིན་ལས་རྣམ་རྒྱལ། བཀའ་བརྒྱད་སྤྲུལ་སྐུ་ཕྲིན་ལས་ཡར་འཕེལ། སྒ་ལོ་རི་གཉིས་པ་པཎ་ཆེན་མི་ཕམ་བསྟན་འཛིན་ཕྲིན་ལས་སམ་སྲིད་ཞི་ཡོངས་གྲོལ། ཆུ་བཟང་སྤྲུལ་སྐུ་འཇམ་དབྱངས་གྲུབ་པའི་བློ་གྲོས་སམ་མི་ཕམ་ཡེ་ཤེས་རྒྱ་མཚོ། ལ་དྭགས་རྒྱལ་སྲས་ཚེ་དབང་དཀར་བརྒྱུད་བསྟན་འཛིན། སྐྱིད་ཕུག་པ་མི་ཕམ་བསྟན་པའི་རྒྱལ་མཚན། བྱམས་མེ་ཆོས་སེང་གསུམ་པ་གསང་འཛིན་བདེ་བའི་རྡོ་རྗེ། ཨ་རྫོང་སྒྲུབ་བརྒྱུད་ངག་དབང་བསྟན་འཛིན། མཚོ་འཇུག་བསྟན་འཛིན་ཆོས་གྲགས། སྤོ་བོ་རྒྱ་རྫོང་སྤྲུལ་སྐུ་སོགས་བསྟན་པ་འཛིན་ནུས་པའི་མཁས་གྲུབ་མང་པོ་བྱུང་ངོ༌། །