རྒྱལ་དབང་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོའི་རྣམ་ཐར།

 

༈ རྒྱལ་དབང་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོ་ནི། ཁམས་ཆབ་མདོ་རྫ་རྒྱུད། རིགས་རུས་ཕུན་སུམ་ཚོགས་པ་ཟླ་ནག་ཚང་དུ། ཡབ་རྒྱལ་དབང་ཀརྨ་པ་བཅུ་བཞི་པའི་སྐུ་དབོན་རྡོ་རྗེ་ཚེ་རིང་གི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་༼༡༨༨༤༽ལོར་འཁྲུངས། དམ་པ་དུ་མས་སྐྱེས་སྤྲུལ་ཡིན་པར་གསལ་བར་གཟིགས་ཀྱང༌། སྐུ་གོང་མར་ཞིང་ཁམས་གཞན་དུ་དགོངས་པ་གཏད་ཁར་སློབ་གཉེར་མཐར་མ་སོན་བར་དུ་གསང་སྒོ་བསྡམས་པ་འགབ་ཚུལ་སོགས་ཞལ་ཆེམས་ཕྱག་བྲིས་གནང་བའི་ལུང་བསྟན་ལྟར། རེ་ཞིག་དཔལ་འབྲུག་པའི་ཆོས་སྡེ་འཛི་སྒར་དགོན་དུ་གདན་དྲངས་ནས་སློབ་གཉེར་གནང་ནས་བཞུགས། དེ་སྐབས་ལྷ་ཐོག་ཀེ་རེ་དང༌། ཐར་རྩེ་གཉིས་འཁྲུགས་པའི་བར་ལ་དཔལ་དགའ་སྤྲུལ་སྐུའི་ཡབ་འདས་རྐྱེན་དུ་གྱུར་པ་མཆོག་སྤྲུལ་འདི་ཉིད་ཀྱིས་ཡེ་ཤེས་ཀྱི་སྤྱན་གྱིས་གསལ་བར་གཟིགས་ནས་གསུངས་པས། མི་རིང་བར་བསྔོ་ཞུས་འབུལ་མི་འབྱོར། དེ་འདྲ་བ་ལྐོག་གྱུར་མཁྱེན་ཚུལ་མང་དུ་མཆིས། དགུང་གྲངས་བདུན་ལ་དཔལ་སྤུངས་སུ་ཕེབས་ཏེ་འཇམ་མགོན་ཀོང་སྤྲུལ་མདུན་ནས་བྱབས་ཁྲུས་སོགས་ཞུས། དེ་ནས་མཚུར་ཕུར་གདན་ཞུས་མཛད་པའི་མཐར། གདན་ས་ཆེན་པོ་བྱར་གསང་སྔགས་ཆོས་གླིང་དུ་གསེར་ཁྲིར་མངའ་གསོལ། ཡོངས་འཛིན་དྲུག་པ་འཇམ་དཔལ་ཤེས་བྱ་ཀུན་གཟིགས་ཀྱིས་གཙུག་ཕུད་བཞེས་ཏེ། དགེ་བསྙེན་གྱི་སྡོམ་པ་མནོས། མཚན་མི་ཕམ་ཆོས་ཀྱི་དབང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེར་གསོལ། འགའ་ཞིག་ཏུ་མི་ཕམ་ཆོས་ཀྱི་ཉིན་བྱེད་དམ། འཇིགས་མེད་ཕྲིན་ལས་རབ་རྒྱས་ཞེས་ཀྱང་གསལ། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་ལས་རིག་གནས་སྐོར་སོགས་སྐུ་ཡོན་གསན་སྦྱང་གི་རིམ་པ་ལ་ཐུགས་བརྩོན་ཆེན་པོར་གནང༌། དཔལ་ལྡན་འབྲུག་པའི་དབང་ལུང་ཁྲིད་གསུམ་མང་ཆེ་བ་ནི་ཡོངས་འཛིན་དྲུག་པ་ཤེས་བྱ་ཀུན་མཁྱེན་གྱི་ཞལ་སྔ་ནས་གསན། གསན་འཕྲོར་གྱུར་པ་རྣམས་ཅོག་གྲྭ་བདུན་པ་ཆོས་ཀྱི་རྒྱལ་མཚན་ལས་གསན། ཁྱད་པར་དུ་གྲུབ་དབང་ཤཱཀྱ་ཤྲཱི་ཛྙཱ་ན་ཁམས་ནས་གདན་དྲངས་ཏེ། གསང་སྔགས་ཆོས་གླིང་གི་ཉེ་འདབས་སུ་རི་ཁྲོད་གསར་དུ་བཞེངས་ནས་བཞུགས་སུ་གསོལ་ཅིང༌། ངེས་གསང་ཕྱག་རྫོགས་ཀྱི་ཟབ་ཁྲིད་རྣམས་གསན་བཞེས་གནང་ནས་རིགས་ཀྱི་བདག་པོར་བཞེས། བྱར་ཕུ་ནགས་ཀྱི་དགོན་པར་ལོ་གསུམ་ཕྱོགས་གསུམ་ལ་བཞུགས། ཉམས་རྟོགས་ལ་དབང་འབྱོར། དཔལ་ཙ་རི་ཏྲར་ཡེ་ཤེས་ཀྱི་མཁའ་འགྲོ་མ་བུད་མེད་ཕལ་པའི་ཚུལ་གྱིས་མྱོང་གྲོལ་རྩྭ་མཆོག་ཀླུ་བདུད་རྡོ་རྗེ་དངོས་སུ་ཕུལ། གཅིག་ཅར་གྱི་ལམ་བར་ཞིག་ཏུ་ཞབས་རྗེས་གསལ་བར་བྱོན་ཡང་སྒྲོ་སྐུར་ཡོང་ཞེས་དེ་འཕྲལ་སྦས་པར་གྲགས། འཛི་སྒར་བདུན་པ་ངག་དབང་བསྟན་འཛིན་དཔལ་བཟང་དང༌། འཁྲུལ་ཞིག་ལ་དྭགས་ངག་དབང་པདྨ་ཆོས་ཀྱི་རྒྱལ་པོ་སོགས་སློབ་ཚོགས་རྣམས་ལ་དཀྱིལ་ཆོག་རྡོར་ཕྲེང༌། བདེ་མཆོག་དྲུག་ཅུ་མ། བླ་མ་རིགས་དྲུག་གི་དབང་དང༌། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང༌། རྗེས་གནང་ཉེར་གཉིས་མ། གྲུབ་ཐོབ་བརྒྱ་རྩའི་བྱིན་རླབས། དཔལ་མགོན་ཕྱག་བཞི་པ་སོགས་ཆོས་སྲུང་ཡོངས་རྫོགས་ཀྱི་རྗེས་གནང༌། ལོ་རྒོད་གཉིས་ཀྱི་བཀའ་འབུམ། རྒྱལ་དབང་རྗེའི་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཀུན་གཟིགས་བཀའ་འབུམ་སོགས་སྨིན་གྲོལ་རྒྱབ་རྟེན་བཅས་ཀྱི་བཀའ་དྲིན་བསྐྱངས། གསང་གླིང༌། ར་ལུང༌། གནམ་འབྲུག །བཀྲིས་མཐོན་སྨོན་སོགས་ཉམས་གསོ་དང༌། གསང་གླིང་རྒྱ་མཚོ་གྲྭ་ཚང་དུ་དཀར་བརྒྱུད་གསེར་ཕྲེང་དང་གྲུབ་ཐོབ་བརྒྱད་ཅུ་ཡོད་པའི་བླ་མ་ལྷ་ཁང་དང་སྒྲུབ་སྡེ་སྨིན་གྲོལ་ཐར་པ་གླིང་རྟེན་བརྟེན་པ་བཅས་གསར་བཞེངས་གནང་བ་སོགས་མཛད་པ་ཤིན་ཏུ་མང༌། རྗེ་འཛི་སྒར་མཆོག་སྤྲུལ་བདུན་པས་ཁམས་སུ་ཡང་ཡང་སྤྱན་དྲངས་ནས་ཡུལ་གྲུ་སོ་སོའི་རེ་འདོད་ཡིད་བཞིན་བསྐངས། འཛི་སྒར་དང༌། ནང་ཆེན་སོགས་ཁམས་དང༌། ར་ལུང་དང༌། མཚུར་ཕུ་སོགས་དབུས་གཙང་རྣམས་སུ་ནཱ་རོའི་རྒྱན་དྲུག་སྐུ་ལ་བཞེས་ཏེ་མཐོང་གྲོལ་གྱི་བཀོད་པ་ཅི་ཡང་ངོམ་པར་མཛད། རྗེ་འདི་ཉིད་ཀྱིས་སྨིན་གྲོལ་གྱི་ཕ་ཕོགས་བསྩལ་བའི་ཞལ་སློབ་ཀྱང༌། ཡོངས་འཛིན་བདུན་པ་ངག་གི་དབང་པོ། འཛི་སྒར་བདུན་པ་བསྟན་འཛིན་དཔལ་བཟང༌། གྲུབ་སྲས་འཕགས་མཆོག་རྡོ་རྗེ། འཁྲུལ་ཞིག་པདྨ་ཆོས་རྒྱལ། ཐུགས་སྲས་ངག་དབང་འགྱུར་མེད། ལྷོ་འབྲུག་གྲུབ་དབང་བསོད་ནམས་བཟང་པོ་སོགས་སྐབས་དེའི་འབྲུག་པའི་བླ་ཆེན་ཐམས་ཅད་ཀྱིས་ཞབས་ལ་མ་གཏུགས་པ་མེད་པ་ལྟ་བུའོ། །མཐར་དགུང་གྲངས་ཞེ་བདུན་པ་ལྕགས་རྟ་༼༡༩༣༠༽ ལོའི་བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ་མོ། །སྐུ་གདུང་ཞུགས་ལ་ཕུལ་བས། ཐུགས་ཀྱིས་མེ་མ་བཞེས་ཏེ་བཞུགས་པའི་ནང་ན་སྐུ་རུས་རིང་བསྲེལ་གྱི་ཕུང་པོ་ཅན་ཡིན་པ་ལ་རྣམ་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་རང་བྱོན་གསལ་བར་བྱོན་པ་ད་ལྟའང་མཇལ་དུ་ཡོད་དོ། །