རྒྱལ་དབང་དྲུག་པ་མི་ཕམ་དབང་པོའི་རྣམ་ཐར།

 

 

སྐུ་ལ་ངུར་སྨྲིག་གོས་འཆང་བཙུན་པའི་དཔེར། །

གསུང་ལ་སྡེ་སྣོད་རྒྱ་མཚོའི་དཔལ་གཡང་འཁོར། །

ཐུགས་ལ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་བརྙེས། །

གངས་ཅན་སྐྱབས་གཅིག་མི་ཕམ་དབང་པོར་འདུད། །

 

༈ རྒྱལ་དབང་དྲུག་པ་མི་ཕམ་དབང་པོའི་རྣམ་ཐར་ནི། ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་འདབས་སྡེ་པ་ལྷ་ཁང་གཞིས་ཀ་ལྷུན་གྲུབ་བདེ་ཡངས་སུ། ཡབ་ལྷ་རིགས་གྲགས་པ་བཀྲ་ཤིས་དབང་ཕྱུག་དང༌། ཡུམ་རིགས་ལྡན་དབང་མོ་ཡེ་ལྷ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་༼༡༦༤༢༽ལོར་འཁྲུངས། དགུང་ལོ་གསུམ་ནས་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པས་ཀུན་ཡིད་ཆེས། ཡོངས་འཛིན་རིན་པོ་ཆེ་ཀུན་དགའ་ལྷུན་གྲུབ་སོགས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་གདན་སར་སྤྱན་དྲངས། གོང་ས་རྒྱལ་བ་ལྔ་པ་ཆེན་པོའི་སྤྱན་སྔར་ཚིགས་གསུམ་རིམ་ཅན་དུ་མནོས། མཚན་མི་ཕམ་དབང་པོ་ངེས་དོན་གྲུབ་པའི་ཤིང་རྟ་དཀར་བརྒྱུད་རྒྱ་མཚོའི་སྡེར་གསོལ། བསྙེན་པར་རྫོགས་ནས་བཟུང་སྡོར་དཀར་ཁོ་ན་མཛད་དེ་བཙུན་པའི་དཔེ་འོས། དགུང་ལོ་བཅུ་གྲངས་ནས་དཔལ་ལྡན་འབྲས་སྤུངས་ཀྱི་དགེ་བཤེས་གཉལ་པ་རབ་འབྱམས་པ་ངག་དབང་འཇམ་དབྱངས་ལས། བསྡུས་གྲྭ་ནས་བརྩམས་ཕར་ཚད། དབུ་མ། མངོན་པ་སོགས་གསན་སྦྱང་མཐར་ཕྱིན་མཛད། དགུང་ལོ་བཅོ་བརྒྱད་པར་ལྷ་ལྡན་སྨོན་ལམ་ཆེན་མོར་ཕར་ཕྱིན་གྱི་ཚོགས་བཤད་དང་དམ་བཅའ་བཞག་ནས་ཚོགས་རམས་པ་མཛད་པས། སེར་འབྲས་ཀྱི་དགེ་བཤེས་ཐམས་ཅད་ཀྱིས། མཁས་པ་མཁས་པའི་ནང་ན་མཛེས་སོང་ཞེས་སྙན་པར་བསྒྲགས། འདུས་པ་རྒྱ་མཚོས་ཞྭ་ལམ་བཏིང་སྟེ་གོང་དུ་བཀུར། བཞི་བཅུ་ཙམ་ལ་མངའ་བདག་མཻ་ཏྲི་པའི་སྒྱུ་འཕྲུལ་བོད་མཁས་པ་དགེ་ལེགས་རྣམ་རྒྱལ་ཞབས་གདན་དྲངས་ཏེ། དུས་འཁོར། འཇིགས་བྱེད། གདན་བཞི། མ་ཧཱ་མཱ་ཡ། གསང་འདུས། བདེ་མཆོག །ཕག་མོ། ལྷ་མོ་དུད་སོལ་མའི་དབང་བཞི་སོགས་བཀའ་དབང་སྐོར། ཕྱག་ཆེན། ཆོས་དྲུག་དང༌། རྒྱས་པ་བསྲེ་འཕོ། བླ་སྒྲུབ། རྟེན་འབྲེལ། རོ་སྙོམས་སྙན་རྒྱུད། མཻ་ཏྲིའི་སྙན་རྒྱུད། ཨོ་རྒྱན་བསྙེན་སྒྲུབ། བདེ་ཆེན་སྐོར་གསུམ། ཡང་དགོན་པའི་རི་ཆོས་སྐོར་གསུམ་སོགས་ཀྱི་བཀའ་ཁྲིད་སྐོར། རྒྱལ་དབང་རྗེའི་བཀའ་འབུམ། ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་སོགས་ཀྱི་ལྗགས་ལུང་གི་སྐོར། སྙན་ངག་དང་སྐར་རྩིས་སོགས་མཚོན་རིག་གནས་སྐོར། དཀྱིལ་འཁོར་གྱི་ཐིག་རྩ་དང༌། རྡུལ་མཚོན། བྲིས་འབུར། གཏོར་བཟོ་སོགས་བཅུ་ཕྲག་རིག་པའི་གནས་ཀུན་གསན་སྦྱང་མཛད་པས། ཐམས་ཅད་མཁྱེན་པའི་མཚན་དོན་དང་མཐུན་པར་གྱུར། གཞན་ཡང་སྔ་རྗེས་རྣམས་སུ་གྲུབ་ཐོབ་རང་རིག་རས་པ་ལས་ཁྲིད་ཆེན། ཁྲིད་ཆུང་སྐོར་དང༌། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། ཅོག་གྲྭ་སྙན་གྲགས་དཔལ་བཟང༌། དུས་ཞབས་པ་དཔལ་རྒྱས་དབང་པོ་ལས་ཀྱང་དབང་ཁྲིད་མང་པོ་གསན་པ་སོགས་པཎ་གྲུབ་དུ་མ་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་དཔག་ཏུ་མེད་པ་གསན་ཅིང་ཉམས་སུ་བཞེས་པས་ཏིང་ངེ་འཛིན་ལ་དབང་འབྱོར། དག་པ་ཤེལ་རི་སོགས་ནས་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་དཔག་མེད་ཞལ་གཟིགས། རིག་འཛིན་ཆོས་རྗེ་གླིང་པས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་བདག་ཏུ་མངའ་གསོལ། ཞེ་གཉིས་ཙམ་ལ་བོད་གཞུང་གི་ཆེད་དུ་སྟོད་མང་ཡུལ་ཕྱོགས་སུ་ཕེབས་ཏེ། སོག་པོ་དགའ་ལྡན་ཚེ་དབང་གི་དམག་དང་མངའ་རིས་སྐོར་གསུམ་གྱི་དམག་ལ་ཆིངས་འདུམ་ལེགས་པར་མཛད་པས་བསྟན་འགྲོ་ཡོངས་ལ་སྨན་རླབས་ཆེ་བ་བྱུང༌། ཅིག་ཆར་ཕག་མོ་ལྷ་ཁང་ལ་གསེར་ཟངས་ཀྱི་རྒྱ་ཕུབས་གནྫི་ར་བཞེངས་པ་དང༌། བྱམས་པ་ཆོས་གླིང་དུ་བླ་བྲང་གསར་བཟོ་སོགས་མཛད་རྗེས་མི་དམན། གཙོ་བོར་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བས། ཞལ་སློབ་ཀྱང་ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པ། མཐུ་ཆེན་བཞི་པ་ཆོས་རྒྱལ་ལྷུན་གྲུབ་རྒྱ་མཚོ། ཅོག་གྲྭ་གསུམ་པ་མི་ཕམ་ཕྱག་ན་པད་དཀར། གྲུབ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་དཔལ་འབྱོར། འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན། རྫོང་ཕུག་པ་འཇམ་དབྱངས་ཕྲིན་ལས་རབ་བརྟན། སྐྱིད་ཕུག་པ་ངག་དབང་དགེ་ལེགས་འབྲུག་རྒྱལ། ལ་དྭགས་གདུང་སྲས་རིན་པོ་ཆེ། འབྲུག་ཆོས་སྡིངས་རྒྱལ་དབང་སྤྲུལ་སྐུ། སྤོ་རི་སྤྲུལ་སྐུ། ཀོང་སྤྲུལ་རྣམ་གཉིས། སྔགས་གྲྭ་སློབ་དཔོན་ངག་གི་དབང་ཕྱུག །ཆེན་པོ་རིག་འཛིན་པ། པད་དཀར་མཁན་ཆེན་དཀར་བརྒྱུད་ཕུན་ཚོགས། སྡོམ་བརྩོན་དཔལ་རྒྱས་དབོན་ཆེན། དགེ་སློང་ཐུབ་བསྟན་ལགས། རིགས་དབོན་སྐྱབས་འགྲོ་པའམ་དགེ་སློང་བསྟན་པའི་རྒྱལ་མཚན་སོགས་སློབ་ཚོགས་རྒྱ་མཚོ་ལྟ་བུ་སྨིན་གྲོལ་ལ་བཀོད། མཛད་ཕྲིན་བཞེད་དགུ་གྲུབ་ནས་དགུང་ལོ་དོན་བཞི་པ་ཤིང་ལུག་༼༡༧༡༥༽ ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་དམ། བཅུ་དགུའི་ཐོ་རངས་དུས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །