ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པའི་རྣམ་ཐར།

༈ རྒྱལ་དབང་བརྒྱད་པའི་སློབ་མ་ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པ་ནི། ཀོང་པོ་རྒྱ་ལ་སེང་གཏམ་དུ། བོད་ཆོས་རྒྱལ་གྱི་རྒྱུད་པ་མ་ཉམས་པ་ཞིག་གི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་༼༡༧༨༡༽ལོར་སྐུ་འཁྲུངས། ཀུན་གཟིགས་ཆོས་ཀྱི་སྣང་བ་དང་འཛི་སྒར་རྡོ་རྗེ་དྲག་པོ་ཟུང་དགོངས་པ་རྩེ་མཐུན་གྱིས། གོང་མ་འཇམ་དཔལ་དཔའ་བོའི་སྤྲུལ་སྐུར་ངོས་འཛིན་གནང༌། དགུང་གྲངས་དགུར་ཕེབས་པར། རྒྱལ་དབང་འབྲུག་པས་བཀྲ་ཤིས་མཐོང་སྨོན་དུ་གདན་དྲངས། དེར་རྒྱལ་བ་མཆོག་ནས་གཙུག་ཕུད་བཞེས་ཏེ། མི་ཕམ་དཀར་བརྒྱུད་བསྟན་པའི་ཉིན་བྱེད་འཇམ་དཔལ་ཡེ་ཤེས་གྲུབ་པ་ཕྲིན་ལས་སྣང་བ་རྒྱས་པའི་སྡེ་ཞེས་མཚན་གསོལ། དགེ་བསྙེན་གྱི་སྡོམ་པ་བསྩལ། མི་རིང་བར་བདེ་ཆེན་ཆོས་འཁོར་དུ་བཞུགས་ཁྲི་ལ་མངའ་གསོལ། མཐུ་ཆེན་ལྔ་པ་ཞབས་དྲུང་འཇམ་དཔལ་རྡོ་རྗེ་ལས་ཚེ་བདག་གི་དབང་ཆེན་སོགས་བཀའ་ཆོས་ཅི་ཡང་གསན། དགུང་ལོ་བཅུ་དགུར་མཐུ་ཆེན་ཞིང་བརྗེས་པས་དགོངས་རྫོགས་རྟེན་བཞེངས་སོགས་མཛད་པ་འཕྲོ་བསྐྱངས། རྒྱལ་དབང་ཀུན་གཟིགས་ཆོས་ཀྱི་སྣང་བ་རིགས་ཀྱི་བདག་པོར་བསྙེན་ཏེ། རིམ་བཞིན་རབ་ཏུ་བྱུང་དང་བསྙེན་རྫོགས་བསྒྲུབས། མཚན་དཔལ་ལྡན་ཆོས་དབྱིངས་ལྷུན་གྲུབ་བསྩལ། ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལྟར་བྱང་ཆུབ་ཏུ་ཐུགས་བསྐྱེད། དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པའི་དབང་མོ་ཆེ་དང༌། གསེང་ལམ་བླ་སྒྲུབ། ཕྱག་ཆེན། ཆོས་དྲུག་གི་ཞིབ་ཁྲིད་ལ་སོགས་པ་དཔལ་ལྡན་འབྲུག་ལུགས་ཀྱི་སྨིན་གྲོལ་ལུང་གསུམ་གཙོ་བོར་གྱུར་པའི་བཀའ་གསར་རྙིང་གི་ཆོས་ཚུལ་དཔག་ཏུ་མེད་པ་ཞིག་གསན། གྲུབ་དབང་རང་རིག་ཡེ་ཤེས་ཀྱི་རོལ་གར་ཤྲཱི་ཧེ་རུ་ཀ་ཆེན་པོ་གར་ཞ་གྲུབ་ཆེན་འཇམ་དབྱངས་རྣམ་རྒྱལ་ལས་ཀྱང་བསྲེ་སྙན་གྱི་སྐོར་གསན། ཁམས་སྤྲུལ་སྒྲུབ་བརྒྱུད་ཉི་མ་ལ་འཇའ་ཚོན་པོད་དྲུག་སོགས་དབང་ལུང་དུ་མ་མནོས་ཏེ་གདམས་པའི་མཛོད་དུ་གྱུར། ཉེར་གསུམ་ཙམ་ལ་རྐྱེན་ངན་གྲོགས་ཤར་གྱིས་རྔོག་གི་གདན་ས་བྲག་དམར་ཆོས་འཁོར་གླིང་དུ་ཐུགས་དམ་བཅད་རྒྱ་དམ་པོར་ལོ་དྲུག་ལ་བཞུགས་ཆོག་པ་བྱུང་ནས། གདམས་པ་ཞུས་པ་རྣམས་གསན་རྐྱང་ཙམ་དུ་མ་ལུས་པར། ཡི་དམ་གྱི་བསྙེན་པ་དང༌། ཕྱག་ཆེན། ཆོས་དྲུག་སོགས་ལ་ཐུགས་དམ་རྩེ་གཅིག་དྲིལ། ལྷག་པར་རྡོ་རྗེ་གཏུམ་པོའི་བསྙེན་པ་དུང་ཕྱུར་ལྗགས་བཟླས་གནང་བས་མཚོན་ཡི་དམ་ལྷ་ཚོགས་ཀྱི་བསྐྱེད་བཟླས་དཔག་ཏུ་མེད་པ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་ལ་དབང་ཐོབ། སྐབས་དེར་ཤུགས་ལྡན་ཞེས་པའི་དྲེགས་པ་ཅན་དེས་རྒྱལ་དབང་འབྲུག་པར་བརྫུས་ཏེ། ལན་དུ་མར་དྲོད་ཉུལ་བའི་མཐར། ཆོས་གཏམ་མཛད་དེ་ཚར་བཅད་པའི་ཚེ། གཟུགས་དངོས་སུ་བསྟན་ནས། ཁྱེད་བུ་སློབ་རྣམས་ཀྱིས་གསོལ་མཆོད་མི་འཚལ་ཡང༌། ཕྲིན་ལས་གང་དགོས་བདག་གིས་བསྒྲུབ་པར་བགྱིའོ། །ཞེས་ཁས་བླངས་དམ་བཅའ་ཞུས་པ་དང༌། ཨོ་རྒྱན་མཁའ་འགྲོའི་གླིང་དུ་རིག་འཛིན་ཆེན་པོ་དང་མཇལ་བ་སོགས་ངོ་མཚར་དག་པའི་གཟིགས་མོ་ཤིན་ཏུ་མང༌། གཞན་ཡང་ཆུ་ཤུལ་ལྕོག་མོ་རི་ཁྲོད་དུ་ལོ་མང་པོར་ཐུགས་དམ་ལ་བཞུགས། དེ་ནས་ལྟོས་བཅས་རྣམས་ཀྱིས་གསོལ་བཏབ་ངོར་དང༌། མང་ཡུལ་ནས་རྒྱལ་པོ་དོན་གྲུབ་རྣམ་རྒྱལ་གྱིས་གདན་འདྲེན་ཞུས་ནན་ཆེ་བར་བརྟེན། གདུལ་བྱ་དུས་ལ་བབ་པར་དགོངས་ནས། དགུང་ལོ་སོ་གཉིས་ཆུ་སྤྲེལ་༼༡༨༡༢༽ལོར། གཙང་ནས་བརྒྱུད། རྩིབས་རི་རྒོད་ཚང༌། མ་ཕམ་གཡུ་མཚོ། ཏི་སེ་སོགས་ལ་ཞབས་སྐོར་ཐུགས་སྨོན་གནང་མཐར། རིམ་པས་ལ་དྭགས་སུ་ཕེབས། ལོ་ངོ་གསུམ་ཙམ་བཞུགས་ཤིང༌། ཡུལ་དེའི་གདུལ་བྱ་རྣམས་དམ་པའི་ཆོས་ཀྱིས་ཚིམས་པར་མཛད་དེ། རྒྱལ་ཁམས་ཆོས་ལ་བསྒྱུར། སླར་གདན་སར་ཕེབས་ཏེ། མ་ཧཱ་གུ་རུའི་དུས་མཆོད་ཚེས་བཅུ་ཆེན་མོའི་མཆོད་རྫས་གསར་བསྐྲུན་དང༌། བྲག་དམར་ཆོས་གླིང་གི་དབེན་གནས་ཞིག་གསོ་སོགས་འཁོར་ལོ་གསུམ་གྱི་མཛད་པས་དུས་འདའ་ཞིང༌། ཆུ་རྟ་ལོར་ཀུན་གཟིགས་འབྲུག་པ་ཞིང་གཞན་དུ་གཤེགས་པའི་དགོངས་རྫོགས་རྟེན་བཞེངས་སོགས་ཐུགས་བཞེད་བསྐང་ཕྱིར་བྱ་ཡུལ་དུ་ཕེབས། མཆོག་སྤྲུལ་གདན་སར་མ་འཁོད་བར་རྒྱལ་ཚབ་ཏུ་བཞུགས། མཆོག་སྤྲུལ་རྒྱལ་རྩེ་ནུ་མར་སྐུ་འཁྲུངས་རྗེས་གདན་སར་མངའ་གསོལ་ཞུས་ཤིང༌། རང་ལུགས་འབྲུག་པའི་དབང་ལུང་ཐམས་ཅད་བུམ་པ་གང་བྱོར་འབུལ་བར་མཛད། གཞན་ཡང་རྒྱལ་དབང་ཀརྨ་པ་སྐུ་གོང་འོག །དཔའ་བོ་གཙུག་ལག་ཆོས་རྒྱལ། སི་ཏུ་པདྨ་ཉིན་བྱེད་རྣམས་ལའང་དབང་ལུང་གི་སྐྱེས་འབུལ་རེས་སོགས་ཐུགས་ཡིད་གཅིག་ཏུ་འདྲེས། དེ་ལྟར་བསྟན་འགྲོའི་དོན་ཆེར་མཛད་ནས། ང་ལྔ་པ་ཤིང་ལུག་༼༡༨༣༥༽ལོར་སྐུ་ཡི་མེ་ཏོག་བསྡུས་སོ། །༼བྱམས་མེ་ཆོས་དཔལ་གྱིས་ང་དྲུག་མེ་སྤྲེལ་ལོར་གཤེགས་གསུངས།༽སློབ་མའང༌། རྒྱལ་དབང་འབྲུག་པ་དགུ་པ་ངེས་དོན་ཆོས་ཀྱི་རྒྱ་མཚོ། མཐུ་ཆེན་དྲུག་པ་ཆོས་ཀྱི་བཤེས་གཉེན། རིག་འཛིན་ཆོས་རྒྱལ་རྡོ་རྗེ། ལ་དྭགས་རྒྱལ་སྲས་སོགས་མང་ངོ༌། །