ཡོངས་འཛིན་བདུན་པ་ངག་གི་དབང་པོའི་རྣམ་ཐར།

༈ ཡོངས་འཛིན་བདུན་པ་ངག་གི་དབང་པོའམ་འཇིགས་བྲལ་བདེ་ཆེན་གླིང་པ་ནི། བོད་ལྷོ་ཁ་གོང་དཀར་རྫོང་ཁོངས། སོ་ཟུར་གནུབས་གསུམ་གྱི་ནང་ཚན་སོའི་གདུང་རྒྱུད་དུ། རབ་བྱུང་བཅོ་ལྔ་པའི་ཤིང་ལུག་༼༡༨༩༥༽ལ་སྐུ་འཁྲུངས། རྟགས་མཚན་མང་པོ་བྱུང་བར་བརྟེན་ནས་ཡོངས་འཛིན་དྲུག་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་དུ་གསེར་ཁྲིར་མངའ་གསོལ། རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་པ་མི་ཕམ་དབང་པོས་གཙུག་ཕུད་བཞེས་ཤིང༌། མཚན་འཇམ་དཔལ་དོན་རྒྱུད་བསྟན་འཛིན་ཞེས་གསོལ། རིམ་བཞིན་རང་ལུགས་འབྲུག་པ་དཀར་བརྒྱུད་པའི་འདོན་ཆོས་སྤྱོད། དབྱངས་ཐིག་གར་གསུམ། གཞུང་རིག་གནས་ལ་གསན་སྦྱང་གནང་བས། རིག་གནས་སྤྱི་དང་ཁྱད་པར་སྙན་ངག་ལ་ཤིན་ཏུ་མཁས་པར་འགྱུར། རྒྱལ་དབང་བཅུ་པ་མི་ཕམ་དབང་པོའི་ཞལ་སྔ་ནས་རང་ལུགས་གདམས་ངག་རྩ་བ་ལྔ་སོགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བུམ་པ་གང་འབྱོའི་ཚུལ་དུ་གསན། གཞན་ཡང་གྲུབ་དབང་ཤཱཀྱ་ཤྲཱི་ལས་ཕྱག་རྫོགས་སྐོར། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པའི་མདུན་ནས་རིན་ཆེན་གཏེར་མཛོད། ཞྭ་དེའུ་འཁྲུལ་ཞིག་མདོ་སྔགས་གླིང་པའི་དྲུང་ནས་རྒྱལ་བ་ལྷ་བཙུན་པ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་སྐོར་སོགས་དབང་ལུང་ཁྲིད་གསུམ་མང་པོ་གསན། དེ་ནས་བཟུང་རིག་འཛིན་སྲོག་སྒྲུབ་འདི་ཉིད་ཉམས་བཞེས་ཐུགས་དམ་གྱི་མཐིལ་དུ་གནང་བར་གྲགས། སྨིན་གླིང་གདུང་འཛིན་དགའ་བཞི་ལས་སྨིན་གླིང་གི་ཆོས་སྐོར་ཡོངས་རྫོགས་གསན། དགུང་གྲངས་ཉེར་ལྔ་ཙམ་གྱི་བར་གདན་ས་བདེ་ཆོས་སུ་འཁོར་ལོ་གསུམ་གྱི་བསྟན་པ་སྤེལ་བའི་མཐར། བདེ་ཆོས་གྲྭ་ཚང་འདུལ་ཁྲིམས་གཙང་བའི་དབང་གིས་ལྟར་སྣང་དགོན་པ་དང་ཅུང་ཟད་འཕྲོད་མིན་ལྟ་བུས་བླ་སློབ་བར་དམ་ཚིག་ཉམས་ཆག་ཕྲན་བུ་བྱུང་ནས། དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་གངས་རིའི་མགུལ་དུ་ཀུན་བཟང་རྣམ་གྲོལ་གླིང་ཕྱག་བཏབ་ཅིང༌། གཙུག་ལག་ཁང་རྟེན་དང་བཅས་གསར་བཞེངས་མཛད་ནས་དེར་རྒྱུན་བཞུགས་གནང༌། གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་ནས་དགོངས་གཏེར་དག་སྣང་མང་པོ་ཞིག་གཏན་ལ་ཕབ། ཆོས་སྐྱོང་ཇག་པ་མེ་ལེན་དང་ཁ་རག་ཁྱུང་བཙུན་གྱིས་བཀའ་འབངས་ཕྲིན་ལས་བསྒྲུབས་ཤིང༌། གོང་ས་རྒྱལ་བ་བཅུ་གསུམ་པའི་བཀའ་དགོངས་ལྟར་དམག་ཟློག་དང་ཚེ་སྒྲུབ་ཀྱི་ཕྱིར་གཞུང་ནས་འདུས་པ་རྣམས་ལ་གསོལ་ཕོགས་ཀྱང་གནང་སྐད། དཔལ་གྱི་བསམ་ཡས་སུ་ལོ་འཁོར་བཅུ་གཉིས་སྤྲེལ་ལོ་ལ་ཚོགས་འབུམ་རེ་དང་རྒྱུན་དུའང་ཚོགས་མཆོད་ཆད་མེད་གནང༌། ཨུ་རྒྱན་རིན་པོ་ཆེ་སོགས་ལྷག་པའི་ལྷ་མང་པོའི་དག་སྣང་ཞལ་གཟིགས་ཐོབ་པས། དགོངས་གཏེར་དང་མགུར་མ། བསངས་གསོལ་སོགས་གང་གསུང་ཐོགས་པ་མེད་ཅིང༌། མ་འོངས་དུས་ཀྱི་འཕོ་འགྱུར་སོགས་ཀྱི་ལུང་དང་བརྡ་བསྟན་གང་གནང་ཕྱིས་མངོན་སུམ་དུ་མཐོང་ཆོས་སུ་གྱུར་པས་མངོན་མཁྱེན་སྒྲིབ་མེད་མངའ། ལ་དྭགས་སྐྱབས་མགོན་སྟག་ཚང་སྐུ་ཕྲེང་ལྔ་པའི་ཡང་སྲིད་འདི་པ་འབྲི་གུང་ཕྱོགས་སུ་འཁྲུངས་པའི་ལུང་བསྟན་གསལ་པོ་གནང་ཞིང༌། ཕྱིས་དབང་ལུང་ཁྲིད་གསུམ་གྱིས་རྗེས་སུ་བཟུང༌། གཞན་ཡང་ཆུ་ངོགས་སྐུ་ཕྲེང་བདུན་པ་སོགས་བླ་སྤྲུལ་མང་པོའི་ཡང་སྲིད་ངོས་འཛིན་མཛད། དེ་ལྟར་བསྟན་འགྲོའི་དོན་མཐར་ཕྱིན་ཅིང༌། བོད་ཡོངས་སུ་དུས་འགྱུར་བྱུང་རྗེས། དགུང་ལོ་དྲུག་ཅུ་རེ་བརྒྱད་པ་ཆུ་སྟག་༼༡༩༦༢༽ལོར་སྲིད་ཇུས་གཡོན་ཐལ་གྱིས་ཉེས་པ་མེད་བཞིན་ངོ་རྒོལ་དྲག་པོ་བྱེད་བཅུག་ལ་ཉེ་བའི་སྐབས་ཀྱི་ཉིན་ཞིག །རང་གི་གདུང་སྲས་གར་ཞ་བླ་མ་ནོར་བུའི་ཡང་སྲིད་ལ། པ་ལགས་ཟངས་མདོག་དཔལ་རིར་འགྲོ་རན་འདུག་ཅེས་རྩེད་མོའི་ཚུལ་དུ་གསུངས་ཤིང༌། མཁའ་འགྲོའི་གར་འཆམ་ཞིག་ཀྱང་མཛད་ནས་གཟིམས་ཆུང་དུ་ཕེབས་འཕྲལ་ཧིག་སྒྲ་ལན་གསུམ་མཛད་དེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །སྐུ་གདུང་ལ་རིང་བསྲེལ་མང་པོ་འཕེལ། དགོངས་གཏེར་བསམ་པ་ལྷུན་གྲུབ་སོགས་དག་སྣང་སྐོར་དང༌། ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས། ཞལ་གདམས་མགུར་མ། བསངས་གསོལ་སོགས་པོད་གཉིས་ཙམ་བཞུགས་སོ། །སློབ་མ་ཡང་ལ་དྭགས་སྟག་ཚང་སྐུ་ཕྲེང་དྲུག་པ་ངག་དབང་བསྟན་འཛིན་ཆོས་ཀྱི་ཉི་མ༑ ཆེ་ཚང་ངག་དབང་ཕྲིན་ལས། ཁ་རག་སྒྲུབ་སྡེ་སྤྲུལ་སྐུ་ངག་དབང་དཔལ་བཟང༌། སོག་རྩེ་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱལ་མཚན། པད་སྙིང་སྤྲུལ་སྐུ། མཐའ་འགྲུབ་སྤྲུལ་སྐུ། རི་མགོ་སྤྲུལ་སྐུ། ཉང་སྟོད་སྐྱིད་སྦུག་སྤྲུལ་སྐུ། འབྲུག་ཤར་ཕྱོགས་ནས་ཨ་བརྒྱ་རིན་པོ་ཆེ་གཞན་ཕན་འགྲོ་འདུལ་རྡོ་རྗེ་བསྟན་འཛིན་དང་དགེ་བཤེས་སྐལ་བཟང༌། གར་ཤའི་ཕྱོགས་ནས་སྲིད་ཞི་ཡོངས་གྲོལ་སོགས་སྟོད་ལ་དྭགས། བར་དབུས་གཙང༌། སྨད་མདོ་ཁམས། འབྲུག་འབྲས་ལྗོངས་གར་ཞ་ཁུ་ནུ་སོགས་ནས་ཤིན་ཏུ་མང་པོ་བྱུང་ངོ༌། །