འབྲུ་ཚེ་བྷྲུཾ་སྤྲུལ་སྐུ་ཉི་ལྷ།(༥)

༈ འཛི་སྒར་མཁན་ཆེན་དོན་བརྒྱུད་ཉི་མ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་ཆོས་དབྱིངས་གདོད་མའི་རྒྱལ་ཐབས་སུ་གཤེགས་ཚེ། གང་གི་སློབ་བུར་རེ་བའི་རྒན་བུས་རྣམ་རྟོག་རི་མོའི་ལམ་ནས་རྗེས་དྲན་གདུང་བས་འབོད་པ་སྣང་བའི་ན་བུན་ཞེས་བྱ་བ།
ཀུན་ཁྱབ་ལྷ་ལམ་སྟོང་པ་ཨེ་ཡིག་གི་དཀྱིལ་འཁོར། །ཀུན་མཛེས་མཛིན་མའི་ལྟེ་བར་ཝཾ་ཡིག་གི་པདྨོ། །ཀུན་བྱེད་སྟོང་ཉིད་ཁ་སྦྱོར་ལྷོ་གླིང་གི་ཟེའུ་འབྲུ། །བཞད་པའི་རི་བོང་གཟུགས་ཅན་ཆུ་ལྷའི་ཕྱོགས་ཕེབས་ཚེ། །བདག་སོགས་ཀུན་བྱེད་རྒྱལ་པོ་ཟུག་རྔུ་ཡིས་རབ་གདུངས། །གཤོག་ཐོགས་མཁའ་ལམ་གཤེགས་པ་ཆོས་ཉིད་ཀྱི་ལམ་ལ། །བཅོས་མིན་རྗེས་སུ་དྲན་པ་བུང་བ་ཡི་གཤོག་སྒྲ། །ཀུན་མཁྱེན་དོན་ཀུན་གྲུབ་པ་ཐུབ་དབང་གི་མཚན་དཔེ། །ཀུན་གསལ་དྲི་མེད་ཚངས་དབྱངས་བརྒྱད་ཁྲི་ཡི་ཆོས་ཀུན། །ཀུན་ནས་མ་རྟོགས་འཁོར་བའི་མཚོ་ཆེན་ལས་བསྒྲལ་མཛད། །ཀུན་རྟོག་ལས་ཉོན་ཚང་ཚིང་དག་བྱེད་ཀྱི་བདུད་རྩི། །ཀུན་ལ་སྩོལ་མཛད་ཐུབ་པའི་དབང་པོ་ལ་མགོས་བཏུད། །དམ་ཆོས་ལུང་རིགས་རྟོགས་པའི་བསྟན་པ་ཡི་པད་ཚལ། །ནམ་ཡང་ངོམ་མེད་རྒྱུ་བའི་བུང་བ་ཡི་རོ་བཅུད། །མྱོང་མཛད་ཟླ་མེད་བཤེས་གཉེན་གང་དེར་ནི་ནམ་ཡང་། །ཡིད་ངོར་མཚོ་ལ་ཟླ་གཟུགས་འགོག་མེད་དུ་ལམ་ལམ། །གསུབ་མེད་རྟག་པར་ཁོང་ནས་དྲན་པ་ཡི་གདོས་ཐག །ཞེན་པས་བཅིངས་པའི་རེ་ཐག་བདག་འཛིན་འདི་ཐུགས་རྗེས། །བྱིན་རླབས་ཤེས་རབ་རལ་གྲི་གདེང་ཚད་ཀྱིས་མྱུར་ཆོད། །དད་གསུམ་ཡུས་ཀྱིས་རྟག་འབོད་ཕ་གཅིག་གི་བླ་མ།། རྟག་འཛིན་ལས་ཀྱིས་བསླུས་པའི་བག་ཆགས་ཀྱིས་འཐུམ་ནས། །དྲན་ཤེས་རིག་པའི་སྟོང་གསལ་བློ་ཡུལ་ནས་བོར་བས། །ཅི་ཆ་བྲལ་བའི་སྡུག་ཡུས་ནམ་མཁའ་ཡི་ཐོག་བཞིན། །སྟེང་དུ་བབ་ཚེ་འགྱོད་གདུང་རང་སེམས་ཀྱི་ན་ཟུག །སུས་ཀྱང་ཚོར་མེད་འདི་ལ་སེལ་བྱེད་ཀྱི་གསོ་བ། །གང་ནས་ཚོལ་ཡང་དགེ་བའི་བཤེས་གཉེན་འདི་ཁོ་ན། །མེད་བཞིན་སླར་ཡང་ཡུས་ཆེན་མོས་གུས་དང་འདྲེས་པའི། །མཐོང་བྱེད་བུ་ག་མཆིལ་མ་རང་འགག་ཏུ་ཤོར་ཚེ། །གང་སྐུ་འགྲོ་བའི་དོན་དུ་གཤེགས་བཞུད་ཀྱི་མཚན་མ། །ལུང་རྟོགས་བསྟན་དོན་སྐུ་སྲོག་ཕོངས་མེད་ཀྱི་འགྲོ་དོན། །ནོན་དུ་མེད་པར་ཡིད་ངོར་རྟག་འཛིན་གྱི་ངང་ནས། །ཤར་ཚེ་ཚོར་བའི་དབང་པོ་འགས་སྙམ་གྱི་ཟུག་གཟེར། །མ་བཟོད་བྲང་ལ་སོར་མོས་བཏབ་ཀྱང་ནི་ལས་འབྲས། །གཟུར་དུ་མེད་པའི་ཆོས་ཉིད་འཇིག་རྟེན་གྱི་རང་གཤིས། །ཚོར་མེད་རྟག་འཛིན་འདི་ལ་ཞེན་མེད་ཀྱི་རང་ངོར། །མ་མཐོང་ཤུལ་ལུས་བདག་འདྲར་ཐུགས་རྗེ་ནི་གཟིགས་མཛོད། །ཁྱེད་སྐུ་རྒྱལ་བའི་ཐུགས་ཀློང་རོ་གཅིག་ནི་བསྲེས་ནས། །ཅི་གསུང་དྲང་ངེས་བདུད་རྩི་ཟེགས་མ་ཡི་རོ་མཆོག །ཉམས་སྣང་ཆོས་བརྒྱད་ཀུན་བྲལ་དོན་དམ་དུ་རྟོགས་ཀྱང་། །མཉམ་འགྲོགས་མ་རིག་དབང་བཙན་ཀྱེ་མ་ཡི་ཀྱི་ཧུད། །དྲིན་ཅན་བཤེས་ཁྱེད་གཤེགས་བཞུགས་གང་བདེར་གྱི་རྒྱལ་ས། །སངས་རྒྱས་རོ་གཅིག་མཉམ་སྦྱོར་འགྲོ་དོན་གྱི་ངོ་སྐལ། །གདུལ་བྱའི་སྣང་ངོར་ནུབ་པ་རྗེས་འཛིན་གྱི་སློབ་བུས། །ནོན་དུ་མེད་པ་མྱ་ངན་ཁོང་གཟེར་འདིས་ཅི་བྱ། །ལམ་ལོག་ལམ་སྟོར་སྙིགས་ལྔའི་མཚོ་ཆེན་གྱི་ཀློང་ནས། །སྲིད་པ་དུག་ལྔའི་དབང་བཙན་ལས་རླུང་གིས་ཁྱེར་བའི། །གདོས་བཅས་ལུས་བླངས་དུས་མཐའི་སེར་གཟུགས་སུ་རློམ་པའི། །འགྲོ་མང་སླུ་བའི་བདག་འདྲ་ལས་ངན་རྣམས་ཅི་བྱ།། ཡ་རབས་དྲང་ངེས་ལུགས་བཟང་དགེ་སྡིག་གི་སྤང་བླང་། །དགེ་བའི་བཤེས་ཀྱི་ཐུགས་རྗེ་ལྕགས་ཀྱུ་ཡིས་མ་ཟིན། །མ་རབས་རྟག་འཛིན་ཆོས་བརྒྱད་འཇའ་ཚོན་གྱི་རི་མོ། །དེད་པས་ཟིན་དུ་མེད་པའི་བློ་མེད་བདག་ཅི་བྱ། །རྣམ་མཁྱེན་སྒྲུབ་པའི་དལ་རྟེན་རང་ལག་ཏུ་སོན་ནས། །རྣམ་དཀར་དགེ་བའི་བཤེས་དང་མི་འབྲལ་དུ་འགྲོགས་ཀྱང་། །རྣམ་རྟོག་ངན་ལོང་གཟུང་འཛིན་གཡེང་བ་ཡི་གདོས་ཐག །རྣམ་དག་ཐར་པའི་ས་བོན་དམ་དུ་ཡིས་རབ་བཅིངས། །ཤེས་ཉོན་སྒྲིབ་པའི་བུད་ཤིང་ཚང་ཚིང་གི་གསེབ་ནས། །བག་མེད་མི་དགེ་མེ་སྟག་ལས་རླུང་གི་ཚ་ཟེར། །རང་གཞན་གཏན་འཇོམས་སྲེག་ཚེ་བླ་མ་ནི་འོ་དོད། །འབོད་པས་བྱམས་ཆེན་ཆར་རྒྱུན་བུ་སློབ་ལ་འབེབས་མཛོད། །བཅོས་མེད་གཅོང་གིས་ཟིན་ཡང་སོས་རེ་ཡིས་སྨན་པ། །ཐར་མེད་གཡང་ལ་མཆོང་ཡང་གསོན་རེ་ཡི་སྦར་འཛིན། །ངན་སོང་ལས་ངན་བསགས་ཀྱང་ཐར་ལམ་གྱི་རེ་བ། །ཡ་མ་ཟུང་གི་བདག་འདྲ་ལས་ངན་རྣམས་ཅི་བྱ། །འཇིག་རྟེན་ཚུལ་མཐུན་ཡ་རབས་སྤྱོད་བཟང་གི་ཞལ་ཏ། །དད་ལྡན་ལས་འབྲེལ་ཀུན་ལ་ནམ་ཡང་ནི་སློབ་སྟོན། །ལུང་རྟོགས་བསྟན་གཞི་སོ་བྱང་སྔགས་སྡོམ་སོགས་རྒྱུད་ལུང་། །རིས་མེད་ཀུན་ལ་དག་སྣང་དད་པ་དང་དམ་ཚིག །ཆོས་བརྒྱད་རྒྱང་དུ་དོར་ནས་ངན་ངོན་གྱིས་ཆོག་ཤེས། །སྒོ་གསུམ་ཡེངས་མེད་བསགས་སྦྱང་ཆུ་བོ་ཡི་རྒྱུན་བཞིན། །མཛད་པ་ཁོང་ནས་དྲན་ཚེ་རྟག་འཛིན་གྱི་སྡུག་ཡུས། །སང་དུ་མེད་ཚེ་བླ་མའི་བླ་མའི་ཞལ་རས་ནི་ལྷང་ངེར། །དྲན་ཚེ་ཁ་ཙམ་མིན་པས་ཡུས་གནོང་གིས་གསོལ་འདེབས། །ནམ་ཡང་འབོད་ཚེ་ཐུགས་རྗེ་བདུད་རྩི་ཡི་ཆར་རྒྱུན། །བདག་འདྲ་མ་རིག་དབང་བཙན་ཉོན་མོངས་ཀྱི་ཚ་ཟེར། །འཇོམས་བྱེད་འབེབས་མཛོད་རྒྱལ་སྲས་སེམས་དཔའ་ནི་ཆེན་པོ། །དེང་དུས་ལྔ་བདོ་རླུང་ཆེན་ཚོར་མེད་ཀྱི་ཡ་ང་། །བསྟན་དང་འབྲེལ་བའི་སྒྲོན་མེ་འདེགས་དཀའ་ཡི་དུས་འདིར། །བྱམས་ཆེན་ཐུགས་རྗེ་འདོར་མེད་འགྲོ་དོན་དང་གདུལ་བྱ། །བདག་སོགས་ཡལ་བར་དོར་མེད་མགོན་ཁྱོད་ཀྱི་དགྱེས་ཞལ། །མི་རིང་བདག་སོགས་བཤེས་སུ་སྤྲུལ་པ་ཡི་ཟློས་གར། །སྐལ་བཟང་བསོད་ནམས་སྟོབས་ཀྱིས་མཇལ་བ་ཡི་སྨོན་ལམ། །རྟེན་འབྲེལ་རྗེས་དྲན་གང་ཤར་གྱི་རི་མོ་ཡི་ལམ་ནས། །འགོག་མེད་ཅི་དྲན་ཟློ་བས་མཁྱེན་ལྡན་རྣམས་ཐུགས་ཁྲེལ། །རྒྱུ་ལས་དབེན་ཡང་ཚེ་བྷྲཱུཾ་སྤྲུལ་མིང་གྱི་སྔགས་གཟུགས། །དུས་མཐའི་རང་རྟགས་མངོན་པའི་རྨོངས་བུ་དེས་ས་གླང་། །ཟླ་ཚེས་དགེ་བར་བྲིས་འདི་བླ་མ་དང་རང་སེམས། །དབྱེར་མེད་བསྲེ་ཚུལ་ཚིག་ཙམ་དགེ་བ་ཡིས་འགྲོ་ཀུན། །ཕྱམ་གཅིག་ཆོས་སྐུའི་རྒྱལ་ས་ཟིན་པ་རུ་ཤོག་ཅིག །

༼སྐྱེ་སྔ་སྒྲུབ་བརྒྱུད་རིན་པོ་ཆེ།༽

༈ ཆེས་སྙིགས་དུས་ཀྱི་སྨག་རུབ་ཁྲོད་དུ་ཡང་། །རྨད་བྱུང་དོན་བརྒྱུད་སྙིང་པོའི་རིང་ལུགས་ཆེ། །བཤད་དང་སྒྲུབ་པའི་ཕྲིན་ལས་ཉི་མ་ཡིས། །ལེགས་པར་གསལ་བའི་སྐྱེས་ཆེན་གང་དེ་དྲན། །སྒྲུབ་བརྒྱུད་པས།

༼སྤྲུལ་སྐུ་ཨ་པད་རབ་རྒྱས་མཆོག་གི་གསུང་།༽

༈ གདོད་ནས་རྣམ་དག་ཆོས་སྐུའི་ཀློང་ཡངས་སུ། །ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ་གྱིས། །གང་འདུལ་བསམ་མི་ཁྱབ་པའི་རོལ་གར་སྤྲོ། །ཡབ་རྗེ་སྨྲ་བའི་དབང་ཕྱུག་སྙིང་དབུས་རོལ། །སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་སྟོབས་ལས། །བགྲང་ཡང་གདུལ་བྱའི་བསོད་ནམས་ཞིང་ས་རུ། །རྨད་བྱུང་མཁྱེན་བརྩེ་དབང་པོའི་བདག་རྐྱེན་གྱིས། །རྣམ་ཀུན་ཆོས་ཀྱི་འཚོ་བས་བསྐྱངས་པ་དྲན། །ཞེས་སོ། །

༼མཁན་པོ་མཁས་གྲུབ།༽

༈ མཚུངས་མེད་དྲིན་ལྡན་བླ་མ་མཁན་ཆེན་དོན་བརྒྱུད་ཉི་མ་ཞིང་གཞན་དུ་གཤེགས་པ་ཐོས་རྗེས་ཀྱི་གདུང་དབྱངས།
དུས་རབས་ཤིག་གི་སྐྱོག་མཚམས་ཤིག་ནས། །འགྲོ་བློ་ལེགས་པར་ཁ་ལོ་སྒྱུར་བའི། །ཤཱཀྱའི་སྲས་པོ་རྣལ་མ་ཞིག་གིས། །བསྐྱུར་བའི་ངང་ཚུལ་སྙིང་ལ་གཟན་ནོ། །སྙིགས་མའི་རང་མདངས་གསུབ་པ་མེད་ཅིང་། །སྐྱེ་བོའི་ལོག་སྒྲུབ་ངན་པར་སུན་ནས། །ཆོས་ཉིད་ཞི་བའི་དབྱིངས་ལ་གཟིམ་ཡང་། །མཛད་རྗེས་རྡོ་ལ་རི་མོ་བྲིས་ཡོད། །ལྷ་ཡུལ་དཔལ་ལ་འཕྲེང་སེམས་མ་བཅངས། །མི་ཡུལ་འབྱོར་བས་ཁྱོད་ཐུགས་སུན་ཞིང་། །ཚོགས་ཟུང་གཤོག་ཡངས་དཀར་པོ་བརྐྱངས་ནས། །བདེ་ཆེན་ཞིང་དུ་འཕུར་བ་བདེན་ནམ། །བདེན་མེད་སྒྱུ་མའི་ཞལ་གདམས་མང་པོས། །སྙིགས་མའི་དམུ་རྒོད་སེམས་ཀྱི་གླང་པོ། །རྒྱ་ཡན་མ་བཏང་ཁྱོད་ཀྱི་གདུལ་བྱ། །དྲན་པའི་སྣ་ཐག་ལྷོད་ལ་ཤོར་མེད། །དོན་དམ་ནང་གི་བདེ་བར་ཆགས་ནས། །ཀུན་རྫོབ་དངོས་ཆོས་ལྷོད་ལ་བཞག་པས། །འབྱུང་འཁྲུག་འདུས་པ་སྐུ་ཡིས་མ་ཐེག །ལྡོག་མེད་ལས་འདིས་སེམས་ཁམས་དཀྲུགས་སོང་། །རྒྱལ་བའི་བསྟན་པ་ཐུགས་ལ་བཅངས་ནས།། རྒྱལ་གསུང་རིས་མེད་ཐོས་བསམ་མཛད་པས། །རྒྱལ་བའི་བཀའ་བཞིན་ཉམས་སུ་ལེན་པའི། །སྐལ་བཟང་ཁྱོད་ཀྱི་གདུལ་བྱར་ཐོབ་བྱུང་། །སྣ་ཚོགས་ཐབས་ཀྱིས་གདུལ་བྱའི་ཚོགས་ལ། །བླང་དོར་གནད་ཀྱི་ལྡེའུ་མིག་གཏད་པས། །ད་ལྟ་ཁྱོད་ཞལ་མཐོང་བའི་སྐྱེ་བོར། །ལོག་ལམ་འཕྱན་པའི་དོགས་པ་མི་གདའ། །ཐ་སྙད་ཚིག་གི་འཆིང་བུའི་ནོར་བུ། །ནམ་ཡང་ཁྱོད་ལ་མཛའ་བ་མིན་མོད། །ངེས་དོན་ནོར་བུའི་མཛོད་ལ་དབང་བསྒྱུར། །འཕགས་ནོར་རྒྱན་གྱིས་ཕྱུག་ཁྱོད་དྲན་ནོ། །ཕྱི་རུ་ཉན་ཐོས་སྤྱོད་པ་འཆང་ཞིང་། །ནང་དུ་རིམ་གཉིས་གདེང་ཆེན་ལྡན་པ། །བསྡུ་བ་བཞི་ཡིས་འགྲོ་ཁམས་འདུལ་བའི། །ཡང་དག་མགོན་ཁྱོད་གང་དུ་གཤེགས་སོང་། །འཆད་ལ་ཟླ་མེད་ངག་གི་དབང་ཕྱུག །རྩོམ་ལ་ཕུལ་བྱུང་ལེགས་བཤད་གཏེར་མཛོད། །རྩོད་ལ་འགྲན་བྲལ་རིགས་པའི་འཁོར་ལོ། །སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་དྲན་བྱུང་། །དྲི་མེད་རྒྱལ་གསུང་མདོ་སྔགས་ལམ་བཟང་། །སྐལ་བཟང་གདུལ་བྱའི་བགོ་སྐལ་སྟོབ་ཅིང་། །སྒྲིབ་གཉིས་དྲི་མ་འཁྲུད་པར་མཛད་པའི། །ཀེ་ཏ་ཀ་ཁྱོད་གང་དུ་བཞུད་སོང་། །ཚེ་འདིའི་ཆེད་དུ་སྙན་གྲགས་རེ་བས། །དབང་འགུག་སྦྱོར་སྒྲོལ་དགྲ་གཉེན་ཆགས་སྡང་། །རིང་དུ་སྤངས་ནས་བསྲེང་བ་གཉིས་ལྡན། །ངེས་དོན་རྒྱལ་སྲས་དཔའ་བོ་དྲན་བྱུང་། །བླ་ཆེན་ཐོབ་ཀྱི་ཞལ་འབག་མ་གྱོན། །ཆོས་བརྒྱད་དྲི་མ་རིང་དུ་སྤངས་ནས། །ངེས་མེད་རི་བྲག་དབེན་གནས་ཉུལ་བའི། །བཀའ་གདམས་བསྟན་པའི་སྒྲོ་མེ་དྲན་ནོ། །རི་ཡི་བུ་བྱས་ན་བུན་གོས་གྱོན། །ལྟོ་གོས་གཏམ་གསུམ་སྤྲོས་པ་དོར་ནས། །བྱས་ཚད་རྒྱལ་བའི་བཀའ་བཞིན་སྒྲུབ་པའི། །བཀའ་བརྒྱུད་བསྟན་པའི་གསལ་བྱེད་དྲན་བྱུང་། །ཁྱོད་ཉིད་གཤེགས་པའི་གཏམ་དེ་ཐོས་རྗེས། །དྲན་གདུང་སེམས་ཀྱི་རྨ་ཁ་གསར་པ། །ནང་གི་སེམས་ཁམས་ཟུག་རྔུས་དཀྲུགས་ནས། །འདོད་ཡོན་གང་ལ་སྙིང་པོ་མི་གདའ། །ཕྱག་ཆེན་ཆོས་དྲུག་གཤོག་ཡངས་བརྐྱངས་ནས། །རྟག་ཆད་མཐའ་ལ་ཉམ་ང་མེད་པར། །རྣལ་འབྱོར་བཞི་ཡི་ས་ལམ་བཅད་ནས། །ཆོས་ཟད་ཀློང་དུ་འཕུར་བ་བདེན་ནམ། །འཕོ་བཅས་ལས་རླུང་ཉི་ཟླའི་བགྲོད་པ། །འཕོ་བྲལ་དྷྲཱུ་ཏིའི་དབྱིངས་སུ་བསྟིམས་ནས། །ཟུང་འཇུག་སྐུ་བཞིའི་རྒྱལ་སར་དབང་བའི། །སྐྱབས་ཀྱི་དམ་པར་སྙིང་ནས་དྲན་ནོ། །དགྱེས་ཞལ་ཟླ་བ་དཀར་པོའི་འོད་རིས། །འཐུང་འདོད་སེམས་ཀྱི་གོམ་ཁ་སྤོས་ཀྱང་། །གློ་བུར་སྤྲིན་ནག་འཚུབ་མའི་འདུ་འགོད། །དཀར་མིན་ལས་འདིས་མཁའ་དབྱིངས་བསྒྲིབས་སོང་། །མ་བཅོས་སེམས་ཀྱི་ཀློང་ནས་དྲན་ནོ། །དགྱེས་པའི་མདངས་ཀྱིས་རྗེས་སུ་བཟུང་ཞིང་། །བརྩེ་བའི་ཞལ་གདམས་གནང་བ་དྲན་བྱུང་། །དྲན་པའི་སེམས་ལ་བཟོད་གླགས་མི་གདའ། །ཚེ་འདིར་རྨི་ལམ་ཉམས་སྣང་ཀུན་ཏུ། །བྱིན་རླབས་དབུགས་དབྱུང་ཡང་ཡང་གནང་ནས། །ཕྱི་མ་མཁའ་སྤྱོད་དག་པའི་ཞིང་དུ། །དགྱེས་བཞིན་རྗེས་སུ་འཛིན་པར་ཞུའོ། །གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་བཀའ་བརྒྱུད་འཛིན་གྲྭའི་མཁས་གྲུབ་ནས།

༼མཁན་པོ་བསོད་ནམས།༽

༈ གུས་ལྡན་གྱི་གདུང་དབྱངས་མིག་ཆུ་འདྲེན་པའི་ཕོ་ཉ།
རྣམ་དཀར་ཚོགས་གཉིས་རྒྱ་མཚོའི་ལེགས་བྱས་མཐུས། །རྣམ་མང་འགྲོ་བའི་མགོན་དང་ལྷུན་པོའི་དབང་། །རྣམ་དག་སྐུ་བཞིའི་བང་རིམ་མཛེས་པའི་གཟུགས། །རྣམ་འདྲེན་བཤེས་གཉེན་རྣམས་ལ་གུས་པས་འདུད། །སྔར་བགས་རྣམ་དཀར་ས་བོན་གྱིན་བསྐུན་མཐུས། །དལ་བའི་རྟེན་དགུའི་མྱུ་གུ་འཕེལ་བ་ལ། །ལྗོན་པའི་འབྲས་བཟང་དུས་སུ་སྨིན་མཛད་པའི། །བཤེས་གཉེན་རྣམས་ཀྱི་བཀའ་དྲིན་རི་བས་ལྕི། །འོན་ཀྱི་མི་རྟག་རྟ་ལྗང་གིས་དྲངས་ནས། །ཆོས་ཀྱི་ཉིན་བྱེད་དྲིན་ཅན་བླ་མ་རྣམས། །མི་རྟག་ཆུ་ལྷའི་ཕང་ལ་ཡིབས་པས་སྐྱོ། །བསམ་ཞིང་བསམ་ཞིང་སེམས་ཁུང་ཆུ་བས་གྲང་། །མི་རྟག་སྤྲིན་སྒྲའི་ང་རོ་གཞན་ལ་ལྡིར། །བདག་ཡིད་རྟག་འཛིན་ཁ་བའི་གངས་སེར་བྲི། །དེ་ཚེ་སྨྲ་བའི་ཉི་མ་བཞུད་དོ་ཞེས། །ཐོས་པའི་མོད་ལ་གདུང་བའི་ཡུས་ཀྱིས་བརྣངས། །ལྟ་སྤྱོད་ཆེར་སྙིགས་དུས་ཀྱི་ཡང་ཐ་འདིར། །གང་གི་གསང་གསུམ་དངུལ་ཆུའི་ག་བུར་བཞིན། །ཆོས་བརྒྱད་རྡུལ་གྱིས་བག་ཙམ་མ་གོས་པའི། །གནས་བརྟན་རྒན་པོ་མཆོག་ཁྱེད་ཡང་ཡང་དྲན། །རང་ལུས་རྒུད་བཞིན་བསྟན་ལ་ཐུགས་སྟོབས་འབར། །གནོད་བྱེད་དགྲ་ཡིས་རི་བོ་བསྙིལ་ན་ཡང་། །བྱམས་དང་སྙིང་རྗེའི་ལང་ཚོ་རབ་རྫོགས་པའི། །རྒྱལ་སྲས་འཕགས་པའི་རྒྱལ་པོ་ཡང་ཡང་དྲན། །ཕྱག་ཆེན་ལྟ་བས་སེམས་ཀྱི་གསང་བ་བསྐུལ། །ཆོས་དྲུག་སྒོམ་པས་རྡོ་རྗེའི་ལུས་སུ་གྲུབ། །རོ་སྙོམས་སྤྱོད་པས་ཆོས་བརྒྱད་ཐོག་བརྫིས་བཏང་། །རྣལ་འབྱོར་དབང་ཕྱུག་དམ་པ་ཡང་ཡང་དྲན། །སྐུ་རྒས་སྤྱན་འགྲིབ་འཁར་བར་བརྟེན་ན་ཡང་། །ཞུམ་བཅས་ངལ་བའི་བློ་དང་མི་མཛའ་བས། །ངེས་པའི་དོན་སྟོན་ནང་བརྟག་རྒྱུད་གསུམ་སོགས། །བསྩལ་བའི་བཀའ་དྲིན་བསམ་བཞིན་སླར་ཡང་དྲན། །སྟོན་པའི་བསྟན་པ་ལྐོག་མར་སྲོག་ཕྱིན་འདྲ། །དེ་ཚེ་ཁྱེད་ཀྱང་ཞི་བར་བཞུད་སྲིད་ན། །རྒྱལ་སྲས་དམ་པའི་དམ་བཅའ་མི་ལྷོད་ཅེས། །ཞལ་བཞེས་བསྙེལ་ལམ་བསམ་བཞིན་སླར་ཡང་དྲན། །ཐག་རིང་ཡུལ་གྱིས་བསྐལ་ཀྱང་མཇལ་དུ་ཕྱིན། །ཡུན་རིང་སྨག་དང་འགྲོགས་ནས་ཐོ་རངས་སླེབས། །སྐུ་གདུང་ཡིད་བཞིན་ནོར་བུ་མཇལ་མ་ཐག །སྐྱོ་བའི་ཡུས་ཀྱིས་གདུང་བཞིན་སླར་ཡང་དྲན། །གང་གི་ཞལ་སློབ་སྡེ་སྣོད་འཛིན་པ་འགས། །སྦྱངས་པའི་ཡོན་ཏན་ལ་གནས་ཚུལ་བཟུང་ནས། །ཀུན་བཟང་མཆོད་སྤྲིན་སྤྲོ་བཞིན་གསོལ་བ་འདེབས། །དགའ་སྐྱོ་འདྲེས་མའི་ངང་ནས་ཡང་ཡང་དྲན། །བ་སྤུ་མཆོད་ཀྱང་བསོད་ནམས་ཁྱད་མེད་སྙམ། །དངོས་པོ་ཕྲ་ཡང་ཡིད་ཀྱི་མཆོད་པའི་སྤྲིན། །ཀུན་བཟང་སྨོན་ལས་བྱུང་མོས་པའི་བློས། །ཁྱབ་བདག་བླ་མ་མཆོད་པའི་ཆོ་ག་བགྱིས། །སྐད་ཅིག་གསོལ་བ་བཏབ་པས་མོས་གུས་འབར། །དེ་ཡི་གསང་གསུམ་བྱིན་རླབས་འོད་ལྔའི་ཚུལ། །དབང་བཞི་བླངས་མཐར་ཐུགས་ཡིད་གཅིག་ཏུ་བསྲེས། །ཡིད་བྱེད་བྲལ་བའི་ངང་དུ་རེ་ཞིག་བཞག །བླ་མ་རང་སེམས་དག་པའི་སྣང་བ་དང་། །སྣང་སྲིད་ཀུན་ཀྱང་བླ་མའི་རོལ་པར་གོ། །སྐྱོ་བའི་གདུང་བ་རེ་ཞིག་གཞིལ་ན་ཡང་། །ལྷག་པའི་ཐུགས་རྗེ་བསམ་ཞིང་སླར་ཡང་དྲན། །གང་གི་གསང་གསུམ་ཟླ་བ་གཞོན་ནུའི་གཟུགས། །བྱང་ཆུབ་བར་དུ་བདག་ཡིད་ཁབ་ཏུ་རོལ། །སྟོང་ཉིད་སྙིང་རྗེ་སྙིང་པོ་ཆེན་པོའི་བློ། །ཀུ་མུད་བཞད་པའི་གཉེན་དང་མི་འབྲལ་ཤོག །
ཅེས་ནང་ཆེན་བསོད་ནམས་ནས།

༼མཁན་པོ་ལྷ་དབང་རྡོ་རྗེ།༽

༈ འཇམ་དཔལ་དོན་བརྒྱུད་ཉི་མའི་རྗེས་དྲན་ཞུ་ཚིག །
རིག་སྟོང་གཉུག་མའི་གདངས་ལས་རབ་ཤར་བའི། །མི་ཤེས་རྨོངས་མུན་འཇོམས་པའི་ལྷ་གཅིག་པུ། །འཇམ་དཔལ་དོན་བརྒྱུད་བསྟན་པའི་ཉི་མ་མཆོག། དད་གསུམ་སྙིང་གི་མཁའ་ལ་རྟག་བཞུགས་གསོལ། །གཞོན་ནུའི་དུས་ནས་དམ་པའི་རང་རྟགས་སད། །ཐོས་བསམ་སྒོམ་པའི་གནས་ལ་བར་མེད་བརྩོན།། མཐའ་ཡས་དགེ་བའི་བཤེས་ཀྱིས་བྱིན་རླབས་ཐོབ། །བཀའ་གདམས་གོང་མའི་རྣམ་ཐར་ཁྱེད་ལ་མངའ། །གངས་དང་ནགས་ཀྱི་རི་སུལ་ཉམས་དགའ་བར། །དཀའ་ཐུབ་ཟས་གོས་འཚོ་བ་ལ་བརྟེན་ནས། །ཏིང་འཛིན་ཟབ་མོའི་དོན་ལ་བརྩོན་མཛད་པ། །བཀའ་བརྒྱུད་གོང་མའི་རྣམ་ཐར་ཁྱེད་ཀྱིས་བསྐྱངས། །ཐུབ་བསྟན་ཉམས་ཆག་ཤོར་བའི་བསྐལ་བའི་ཁུག །སྙིགས་ལྔའི་མུན་པ་འཐིབས་པའི་དུས་མཐའ་ལ། །བཅས་རང་འདུལ་བའི་བསླབ་བྱ་མ་ལུས་ཀྱི། །ཡོངས་རྫོགས་ཚུལ་ཁྲིམས་རྒྱལ་མཚན་ཁྱེད་ཀྱིས་བསྒྲེངས། །རྒྱུད་སྡེ་སྤྱི་དང་ཁྱད་པར་མར་རྔོག་སྲོལ། །བཤད་རྒྱུན་ཆུ་ཀླུང་བསྐམས་ལ་ཉེ་དུས་འདིར། །དམ་པ་ཁྱེད་ཀྱི་ཐུགས་བསྐྱེད་རྣམ་ཐར་གྱིས། །རྒྱུད་སྡེ་རྒྱ་མཚོའི་བཤད་རྒྱུན་སླར་ཡང་འཁྱིལ། །རྒྱལ་སྲས་ཁྱེད་ཀྱི་མཛད་པ་རེ་རེ་ཀུན། །ཡིད་ལ་དྲན་ཚེ་མི་མཐུན་ཉེས་པའི་ཚོགས། །མ་ལུས་ཞི་བའི་རྣམ་ཐར་འདི་འདྲ་བ། །བསམ་གྱིན་དད་པའི་པདྨོ་ཁྱོད་ཕྱོགས་ཟུམ། །རྒྱལ་ཁམས་ཀུན་ཏུ་ཉུལ་བའི་སྤྲང་པོ་བདག །ཉམས་རྟོགས་ཡོན་ཏན་ཏིལ་འབྲུའི་རྗེས་འགྲོ་ཡང་། །དམ་པའི་ཞལ་བཟང་མཇལ་བའི་སྐལ་བ་འདིས། །ཚེ་འདིར་དོན་ལྡན་ཡིན་སྙམ་སེམས་ནས་བྲོད། །ཅེས་འཛི་སྒར་མཁན་རིན་པོ་ཆེ་དོན་བརྒྱུད་ཉི་མ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་ལོན་སྐབས་རྒྱལ་ཁམས་པ་ལྷ་དབང་རྡོ་རྗེ་རུ་འབོད་པའི་གྱི་ན་བ་དེས་སོར་བཅུ་སྙིང་ཁར་བཀོད་ནས་ཕུལ།

༼མཁན་པོ་ཕྲིན་ལས་བཟང་པོ།༽

༈ རྗེས་དྲན་ཡིད་ཀྱི་ཉི་མ།
འཇིགས་མེད་གསང་བ་གསུམ་གྱི་མཛོད་ཁང་དུ། །ཕུན་ཚོགས་འཕགས་པའི་ནོར་གྱིས་ལེགས་བསྐངས་ཏེ། །སྐྱེ་དགུ་རྨོངས་པའི་དབུལ་བ་རྒྱུན་གཅོད་པའི།། མཁན་ཆེན་དོན་བརྒྱུད་ཉི་མའི་ཞབས་ལ་འདུད། །པད་དཀར་འཆང་གི་ལྷག་པའི་ཐུགས་རྗེ་ཡིས། །བསྐྲུན་པའི་བསིལ་ལྗོངས་བརྟན་གཡོ་ཀུ་མུད་ཀྱི།། ཕན་བདེའི་འདབ་མ་ལེགས་པར་འབྱེད་མཛད་པའི། །མཁན་ཆེན་བསིལ་ཟེར་དབང་པོ་སླར་ཡང་དྲན། །གང་གི་གསང་གསུམ་ལྷ་ལམ་ཡངས་པོ་ལ། །སྐྱེ་འགག་སྤྲོས་པའི་མཚན་མ་ཀུན་བྲལ་ཀྱང་། །བདག་འདྲ་བློ་ཅན་ཆོས་ལ་བསྐུལ་ཕྱིར་དུ། །སྐྱེ་ཀུན་ཁྱེད་ཀྱིས་རྗེས་སུ་གཟུང་དུ་གསོལ། །
ཞེས་གུས་འབངས་འཇོ་གྲྭ་ཕྲིན་ལས་བཟང་པོ་ནས། མཁན་ཆེན་དོན་བརྒྱུད་ཉི་མ་མཆོག་གི་རྗེས་དྲན་ཚུལ་དུ་བྲིས་པའོ།། །།

༼མཁན་པོ་དགའ་དབང་།༽

༈ དོན་བརྒྱུད་ཉི་མ་རྗེས་དྲན་གསོལ་འདེབས།
ན་མོ་གུ་རུ། སྤྲོས་མཐའ་བྲལ་བའི་ཆོས་དབྱིངས་ཀློང་། །སྙིང་རྗེའི་རླབས་དང་འགྲོགས་པ་ན། །གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཤར། །དཔལ་ལྡན་བླ་མ་མཆོག་ལ་འདུད། །བསྟན་འགྲོའི་དགའ་སྟོན་སྤེལ་བའི་སླད། །བསམ་བཞིན་སྲིད་པ་ཉེར་བཟུང་བ། །གང་གི་གཟུགས་སྐུའི་ཉི་མ་ནི། །གངས་རིའི་ལྗོངས་སུ་འཕྲོས་ལ་འདུད། །སྲིད་དང་ཞི་བའི་ཆོས་ཚུལ་སྟོན། །ལམ་གྱི་སྙིང་པོ་མ་ནོར་བ། །སྒྲུབ་བརྒྱུད་བསྟན་པའི་སྒོར་ཞུགས་པ། །བསྟན་འཛིན་སྐྱེས་བུ་ཁྱོད་ལ་འདུད། །གུས་རྟག་བརྩོན་པའི་སྦྱོར་བ་ཡིས། །མདོ་སྔགས་རིག་པའི་གཞུང་ལུགས་ཀུན། །ཐོས་བསམ་སྦྱངས་པ་མཐར་ཕྱིན་པ། །མཁས་པའི་དབང་པོ་ཁྱོད་ལ་འདུད། །དགེ་སྡིག་ལས་ཀྱི་འབྲས་བུ་རྣམས། །བསླུ་བ་མེད་པའི་ཚུལ་གཟིགས་ཏེ། །སྤང་བླང་ཕྲ་ཞིབ་བགྱིས་པ་ཡི། །དགེ་སྦྱོང་ཆེན་པོ་ཁྱོད་ལ་འདུད། །འགྲོ་རྣམས་དྲིན་ཆེན་ཕ་མ་དང་། །ཚོར་བ་བདེ་སྡུག་འདོར་ལེན་ཅན། །ཡིན་ཕྱིར་གཞན་གྱི་དོན་བརྩོན་པ། །བྱང་ཆུབ་སེམས་དཔའ་ཁྱོད་ལ་འདུད། །རང་ལུས་རྩ་རླུང་ཐིག་ལེའི་ཁམས། །དག་པ་ལྷ་ཡི་རང་བཞིན་ཉིད། །སྨིན་གྲོལ་ལམ་གྱི་གནད་ཁྲོལ་བ། །རྡོ་རྗེ་འཛིན་པ་ཁྱོད་ལ་འདུད།། འཁོར་འདས་ཆོས་ཀུན་འཕྲོ་བའི་གཞི། །སེམས་ཉིད་ངོ་བོ་མ་བཅོས་པ།། མོས་གུས་ལམ་གྱིས་མངོན་དུ་གྱུར། །རྟོགས་ལྡན་དབང་ཕྱུག་ཁྱོད་ལ་འདུད།། གདུལ་བྱའི་ཁམས་དབང་མོས་པ་དག །མངོན་གྱུར་བག་ཉལ་གང་ཡིན་ཀྱང་།། གང་གང་འདུལ་བའི་ཐམས་མཁྱེན་པ། །སྟོན་པ་ཆེན་པོ་ཁྱོད་ལ་འདུད།། ཉམས་དང་རྟོགས་པའི་རྩལ་ཤུགས་ཀྱིས། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན། །ཡིད་བཞིན་ནོར་ལྟར་ལྷུན་གྲུབ་པ། །ཕྲིན་ལས་མཐའ་ཡས་ཁྱོད་ལ་འདུད། །དམ་པའི་སྣང་སྟོང་སྒྱུ་མའི་སྐུ། །དམན་པའི་ངོ་ནས་ཡལ་གྱུར་མོད།། དོན་གྱི་གནས་ལུགས་གཞོམ་གཞིག་བྲལ། །རྡོ་རྗེའི་སྐུ་ཅན་ཁྱོད་ལ་འདུད།། བདག་ཅག་མོས་པའི་བུ་རྣམས་ལ། །ཁྱོད་ལས་སྐྱབས་གཞན་མ་མཆིས་པས།། འདི་ནས་ཚེ་རབས་ཐམས་ཅད་དུ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ།། ཞེས་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་བརྒྱུད་ཉི་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བ་ཅན། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།

༼མཁན་པོ་ཕུན་ཚོགས་དགེ་ལེགས།༽

༈ ཨོཾ་སྭསྟི། རྣམ་ཀུན་མཆོག་ལྡན་སྟོང་པའི་བདག་ཉིད་ལ། །མཆོག་ཏུ་མི་འགྱུར་བདེ་བས་རྟག་རྩེན་ཅིང་། །ཟུང་འཇུག་སྤྲུལ་པའི་རོལ་པ་འབྱམས་ཀླས་པ༑ །ཁྱབ་བདག་བླ་མ་དུས་ཀྱི་འཁོར་ལོར་འདུད། །གང་ཁྱོད་མི་ཡི་སྲིད་པ་བཞེངས་ནས་སླར། །ཐོས་བསམ་སྒོམ་པའི་གྲུ་ཆེན་ལ་བརྟེན་ནས། །ཐོས་བསམ་རིན་ཆེན་དོ་ཤལ་ལེགས་བརྒྱན་པའི། །དེད་དཔོན་ནོར་བུ་འཛིན་པ་ཁྱོད་ཁོ་ནས། །སླར་ཡང་རྒྱལ་བསྟན་དྲི་མེད་ནོར་བུའི་རྒྱན། །འགྲོ་ཀུན་དད་པའི་གཙུག་ཏུ་རབ་བཀོད་ཅིང་། །ཕྲིན་ལས་རྟ་བདུན་འོད་ལས་ཆེས་རྣོ་བས། །ས་གསུམ་སྣང་བའི་བདག་ཅེས་ཀུན་གྱིས་འབོད། །རྣམ་དག་ཐུགས་བསྐྱེད་གང་བའི་ཆུ་སྐྱེས་ཀྱིས། །སྙིགས་ལྔའི་གདུང་བ་བཅིལ་ལ་ཆེས་ལྷག་ཅིང་། །ཐུབ་བསྟན་བླ་རུ་འདེགས་པའི་དཔུང་ཤུགས་ཅན། །གངས་རིའི་ཁྲོད་འདིར་ཁྱེད་ཉིད་ཁོ་ན་ལགས། །མཁས་གྲུབ་ཕལ་གྱིས་མ་སྤོབས་གནས་ལྔའི་གཞུ། །རྣམ་དཔྱོད་མཐེབ་ཀྱིས་བཀུག་པའམ་མདའ་ཆེ། །ལོག་རྟོག་མགྲིན་བཅུའི་ཁྲོང་ཁྱེར་འཇོམས་བྱེད་པ། །སཱ་ལའི་ལྗོངས་སུ་རྒྱལ་པོ་དགའ་བྱེད་བཞིན། །ཁྱོད་ཀྱིས་ཡོན་ཏན་རེས་ཀྱང་ནམ་མཁའི་ཁམས། །དོག་པོར་བྱས་འདིས་མོས་ལྡན་དད་པའི་ཤུགས། །ཕྲ་བའི་རྡུལ་གྱིས་གཞལ་ན་ལྷོ་གླིང་གི། །འཛིན་མའི་ཁྱོན་འདིའི་སྣོད་དུ་ཅི་སྟེ་ལོང་། །དེ་ཕྱིར་དད་པའི་གདུང་དབྱངས་འཕང་འགྲོའི་སྒྲ།། དབྱངས་ཅན་བུ་མོའི་རམ་ལ་ལེགས་བཅོལ་ནས། །ཉིན་མཚན་ཀུན་ཏུ་གངྒཱའི་ཀླུང་རྒྱུན་ལྟར། །ཉེ་བར་བསྙེན་ཀྱང་འདི་སྣང་ཀུན་རྫོབ་ཏུ། །མི་གནས་དོན་དམ་ཞི་བའི་དཀྱིལ་འཁོར་དུ། །འཇའ་ཟེར་འོད་ཀྱི་དྲྭ་བའི་ལྡིང་ཁང་ནས། །མཁྱེན་གཉིས་གཤོག་རླབས་ཡངས་པའི་རྩལ་ཤུགས་ཀྱིས། །ཡོན་པོའི་ལམ་བཀག་དབུ་མའི་མྱུར་ལམ་ནས། །མཁའ་སྤྱོད་དགའ་མའི་གྲོང་དུ་གཤེགས་ལགས་ན། །སྐལ་དམན་དུཿཁས་མནར་ཚོ་ཅི་ཞིག་བགྱི། །ཀྱེ་མ་རིག་པའི་བདག་ཉིད་ངང་པའི་རྒྱལ། །གང་གསུང་བདུད་རྩིས་འཚོ་བའི་ངང་མོ་ཚོགས།། བྱར་མེད་འདམ་དུ་བྱིང་དག་འདོར་ཕོད་དམ། །མགོན་དུ་མི་བགྱིད་གཤེགས་འདི་ཅི་ཡིས་ནོངས། །འོན་ཏང་བདག་སོགས་ལས་སྐལ་ཆེས་དམན་པས། །ཞལ་གྱི་བདུད་རྩི་མྱོང་བའི་སྐབས་དབེན་ཡང་། །རྣམ་གསུམ་དད་གདུང་དྲག་པོས་སྨྲེང་གསོལ་ན། །ཐུགས་རྗེ་ཀྱོ་བས་དྲོངས་ཤིག་མཁྱེན་བརྩེའི་གཏེར། །སྐྱེ་བ་ཀུན་ཏུ་ཁྱེད་དང་མི་འབྲལ་བར། །རྣམ་དཀར་སྨོན་ཚིག་ཚངས་པའི་བློ་གྲོས་ཅན། །དབྱངས་ཅན་འཕང་འགྲོའི་སྒྲ་ལས་ཉེར་དྲངས་པའི། །སྙན་ཚིག་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཀྱིས། །ཀུན་ཀྱང་བྱང་ཆུབ་རྡོ་རྗེའི་གྲོང་ཁྱེར་དུ། །རྗེ་བཙུན་ཁྱེད་དང་མཚུངས་པར་གྱུར་ཅིག་གུ། །ཞེས་ངུ་མ་དབྱངས་ཀྱི་གསོལ་སྨོན་དུ་བྱ་བ་འདི་ནི་གང་གི་སྐྱབས་འབངས་སུ་གཏོགས་པ་ཕུན་དགེ་ནས། བཀའ་དྲིན་རྗེས་དྲན་གྱི་དོད་ཙམ་དུ་བཀོད་པ་ལགས་སོ།། །།

༼མཁན་པོ་འཇམ་དབྱངས།༽

༈ མཚུངས་མེད་འགྲོ་བའི་མགོན་པོ་ཁྱབ་བདག་རྡོ་རྗེ་འཆང་དང་གཉིས་སུ་མེད་པ་མཁན་རིན་པོ་ཆེ་དོན་བརྒྱུད་ཉི་མ་མཆོག་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚེ་སློབ་བུའི་སེམས་ཁོང་ནས་བརྡོལ་བའི་སྐྱོ་བའི་འཁུན་སྒྲ།
སྟོང་ཆེན་ཆོས་སྐུའི་དབྱིངས་སུ་སྔོན་བྱང་ཆུབ་ཀྱང་འགག་མེད་ལྷུན་གྲུབ་འོད་ཀྱི་བཀོད་པ་འབུམ། །ཐུགས་རྗེའི་ཕན་བདེའི་ཕྲིན་ལས་ཆ་རྫོགས་གཟུགས་སྐུའི་རྣམ་རོལ་ལུང་དང་རྟོགས་པའི་རྟ་བདུན་འགྲོས། །གདུལ་བྱའི་གླིང་བཞིའི་མཁའ་ན་རབ་ཏུ་མངོན་འཕགས་ཐུབ་བསྟན་མཛེས་པའི་སྣང་བ་ཡོངས་སུ་བརྡལ། །མཚུངས་མེད་འགྲོ་བའི་མགོན་པོ་སྐྱབས་གཅིག་དོན་བརྒྱུད་ཉི་མ་ཚེ་རབས་ཀུན་ཏུ་གཙུག་ན་རོལ། །སྐྱེ་ཤི་ཐག་པས་བརྒྱུས་པར་ཕྲེང་བའི་ཟུར་ནས་ལན་གཅིག་མི་ཡུལ་སླེབས་ཀྱང་གཅིག་པུ་རུ། །བྱམས་བརྩེའི་ཕ་མས་ཕྱི་མིག་འཕྲེང་བཞིན་ཤུལ་དུ་ལུས་པའི་ཉམ་ཐག་དྭ་བུ་བདག་གི་ལས། །སྐྱོ་ཤས་ཐུགས་ཀྱིས་མ་བཟོད་ཐུགས་རྗེས་བཟུང་སྟེ་ལུགས་གཉིས་གཏམ་གྱིས་དབུགས་དབྱུང་ནན་གྱིས་བསྩལ། །ངུར་སྨྲིག་ཞིང་ས་འགྲིམས་པའི་སྐལ་པ་བཟང་པོའི་བཀའ་དྲིན་སྐྱོང་ཚུལ་ཡིད་ལ་དེང་འདིར་དྲན། །དད་དང་མཆོད་པའི་རྫས་ཀྱིས་སྟོང་ལ་མཉེས་ཤིང་དགྱེས་པའི་ཞབས་ཞུའི་རྣམ་གྲངས་དེ་བས་ཆུང་། །བརྩོན་པའི་གོ་ཞན་ལེ་ལོའི་གོམ་ཁ་ཕྱིར་ཕྱོགས་བསྒྱུར་ཀྱང་ད་དུང་ཐུགས་བརྩེ་ལྷག་པའི་ངང་།། མདོ་སྔགས་གཞུང་ལུགས་འཛད་དུ་མེད་པ་གཅེས་ཤིང་གནང་བའི་ཚུལ་ལ་བློ་ཕྱོགས་ཚེ། །འཁོར་དུ་མེད་པའི་བཀའ་དྲིན་བསམས་ཏེ་ཡིད་ཀྱི་སྐྱོ་ཤས་སངས་དུས་མི་འདུག་བླ་མ་རྗེ། །ཞིང་འདིར་དངོས་སུ་བཞུགས་ཀྱང་དྲུང་དུ་བཅར་བའི་གོ་སྐབས་བོར་ཏེ་ཁྱི་སྨྱོན་བཞིན་དུ་རྒྱུ། །ཐ་མའི་གསེར་ཞལ་མཇལ་བའི་སྐལ་པ་དམན་ཞིང་ས་གསུམ་འགྲོ་བའི་གཙུག་རྒྱན་གཟུགས་ཀྱི་སྐུ། །གདུལ་བྱའི་བསོད་ནམས་སྟོབས་ཀྱིས་མ་ཐེག་གློ་བུར་ཆོས་དབྱིངས་བསྡུས་ཚེ་མི་སྙན་འབྱུང་པོའི་ངག །ལྷག་གེར་རྣ་བར་ཆས་ཚེ་བཟོད་དུ་དཀའ་བའི་སྤུ་གྲི་འདི་ཡིས་སྙིང་ཁམས་ཚལ་པར་གཤགས། །ན་ནིང་སེམས་ཀྱི་ཉི་མ་ནུབ་རིར་གཞོལ་ཏེ་ཐུབ་བསྟན་འདི་ཡང་མོག་པོར་གྱུར། །ད་ལོ་བླང་དོར་འབྱེད་པའི་མིག་གཅིག་ལོང་ལ་ཡང་དག་གནས་ལ་ལྟ་བའི་སྣང་བ་ནུབ། །མི་མཐུན་མུན་པའི་ཁྲོད་ནས་ལོག་པའི་དཔུང་གིས་ཧབ་ཆ་མི་བཟད་ཅི་འདྲའི་སྐྱོ་བ་ལ། །མཁྱེན་པའི་ཡེ་ཤེས་ཕ་མཐའ་མེད་དེ་ཀུན་ཁྱབ་ལྷ་ལམ་ནམ་མཁའ་བཞིན་དུ་བསམ་བརྗོད་འདས། །བརྩེ་བའི་ཐུགས་རྗེ་ཕྱོགས་དང་རིས་མེད་ཀུན་གསལ་དབྱིངས་ཀྱི་བཅུ་གཉིས་བདག་པོའི་དཔལ་ལ་འགྲན། །ཕྲིན་ལས་ནུས་པ་རྒྱུན་ཆད་མེད་དེ་ཛ་ཧུའི་བུ་མོས་འགྲན་པར་མི་བཟོད་མཐའ་དང་བྲལ། །གསང་གསུམ་རྣམ་ཐར་བརྗེད་དུ་མེད་དེ་བརྩེ་ཆེན་སྤྱན་ཞགས་ཕྱིར་ལ་འཕོངས་ཤོག་དྲིན་ཆེན་རྗེ། །ཤེས་བྱ་རིག་པའི་གཤོག་རྩལ་ཕྲ་ལ་སྒོམ་བྱུང་རྟོགས་པའི་གནམ་འཕངས་མ་ཆོད་ཁྱིམ་བྱའི་འགྲོས། །བློ་ལྡན་རྒོད་པོའི་མིག་སྔར་མཛའ་བ་མིན་ཡང་སེམས་ཀྱི་མཁའ་ལྡིང་དཀར་མོ་གཤེགས་པའི་ཤུལ། །སྐྱོ་བས་སྡོད་པ་མ་ཚུགས་ཡིད་སེམས་འཕྲེང་བའི་ངུ་མ་དབྱངས་ཀྱི་རྗེས་དྲན་འཕུར་མ་རླབས། །ཀུན་ཀྱང་ཀུན་ནས་འདས་པའི་མཚེར་ཤུལ་ལུས་པའི་སྐྱབས་མེད་བུ་ངས་བླ་མའི་ཕྱོགས་ཕུལ། །ཞེས་བཀའ་དྲིན་མཚུངས་མེད་མཁན་རིན་པོ་ཆེ་དོན་བརྒྱུད་ཉི་མ་མཆོག་ཞིང་འདིར་མི་བཞུགས་པའི་ཚུལ་བསྟན་ནས་ཞག་བདུན་ཕྲག་ཁ་ཤས་སོང་བ་ལ་སྐྱོ་གདུང་གིས་ཅུང་མནར་བའི་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་རེག་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་སྤྲང་པོ་འཇམ་དབྱངས་ནས། མདོ་སྨད་གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུ་གྲོལ་བའི་དབེན་ཁྲོད་ནས་བྲིས།
༼མཁན་པོ་འཇམ་དབྱངས་བསྟན་འཛིན།༽

༈ འདས་དོན་གྱི་འོད་སྣང་ལ་སེམས་ཁོང་གི་སྨྲེང་གླུ།
ཡེ་སྟོང་གདོད་མའི་གཤིས་ལས་མ་གཡོས་ཀྱང་། །འོད་གསལ་ལྷུན་གྲུབ་རྒྱ་མཚོའི་དགོངས་རྩལ་རྫོགས། །ཉམས་རྟོགས་ཕུལ་ཕྱིན་སྐུ་བཞིའི་ས་བརྙེས་པ།། སྐྱབས་མཆོག་འཁོར་ལོའི་མགོན་པོ་དེང་འདིར་དགོངས། །བསྐལ་མང་དུ་མར་ཚོགས་ཟུང་བསྐྲུན་པའི་མཐུས། །བསིལ་ལྗོངས་ཞིང་འདིར་གཟུགས་སྐུའི་འོད་སྟོང་འབར། །རྣམ་བཞིའི་འཁོར་ཚོགས་ཕྱོགས་ཕྱོགས་དད་ལྡན་ཁྱུར། །གང་འདུལ་རྒྱལ་སྲས་མཆོག་གི་སྤྱོད་ལ་བསླབས། །མཁྱེན་བརྩེ་ནུས་རྩལ་རྫོགས་པའི་མི་ཡི་བླ། །གློ་བུར་ཞིང་གཞན་གཤེགས་པའི་ཐུགས་འདུན་གནང་། །དྭ་བུ་སྐྱབས་མེད་བདག་གི་ཟུར་གསུམ་སྙིང་། །དྲན་པའི་གདུང་བ་འདི་ཡིས་གཏོར་ལ་ཉེ། །དཀར་དམར་མེ་ཏོག་འདབ་ལོའི་ལང་ཚོ་དེ་མཐོང་དུས། །འདས་སོང་ཡབ་རྗེ་བླ་མའི་མཛེས་སྐུ་དེ་དྲན་བྱུང་། །ལྷོ་མོན་ནགས་ཀྱི་ཐིག་ལེའི་དྲུག་འགྱུར་རེ་འཐེན་དུས། །ཕ་གཅིག་དྲིན་ཅན་ཆོས་རྗེའི་ཞལ་གསུང་དེ་དྲན་ནོ། །ངོ་མཚར་སྟོང་གིས་བརྒྱན་པའི་ཞིང་མཆོག་གི་དལ་དབུས། །མགོན་ཁྱེད་སྡེ་ལྔ་མཁའ་འགྲོའི་བསུ་བ་དེ་བྱེད་པས། །ལས་ངན་ཉམ་ཐག་འགྲོ་རྣམས་བསྐྱུར་བ་རང་བདེན་ནམ། །ཡིད་སྐྱོའི་མཆི་མའི་ཐིག་པ་སེམས་ཁུང་ནས་གཞུར་སོང་། །བགྲང་བྱ་ཉེར་གསུམ་ལང་ཚོ་སྨིན་དུས་ཀྱི་སྐབས་སུ། །དྲིན་ཅན་རྗེ་ཡི་གཟིམ་སྤྱིལ་མཐོང་སྨོན་གྱི་ཁང་བཟང་། །རྩ་རྒྱུད་བརྟག་པ་གཉིས་པའི་ཟབ་དོན་དེ་གནང་བས། །ད་ལྟ་བསམ་ཞིང་བསམ་ན་གདུང་བ་རེ་རྗེ་ལྕི། །ལྔ་ཕྲག་ལྔ་ཡི་ན་ཚོད་རྫོགས་པ་ཡི་དུས་སུ། །བརྩེ་ཆེན་ཡིད་བཞིན་ནོར་བུའི་གཟིམ་སྤྱིལ་གྱི་ནང་དུ། །གླིང་རྒྱའི་བཀའ་འབུམ་ལྗགས་ལུང་སྩལ་བ་དེ་དྲན་དུས། །དོན་རྒྱུད་བསྟན་པའི་ཉི་མའི་བཀའ་དྲིན་དེ་མི་བརྗེད། །བསྟན་འགྲོའི་སྨག་མུན་སེལ་བའི་ཉི་གཞོན་དེ། །གཞི་དབྱིངས་ཆུ་ལྷའི་འཕང་དུ་བསྙེགས་པའི་ཚེ། །གཏི་མུག་མུན་འཐིབ་སགྲོང་ཁྱེར་སུ་ཡིས་བསལ། །ཉམ་ཆུང་འདབ་ལྡན་སྐྱིད་སྡུག་སུ་ལ་བཅོལ། །ད་ནི་སྐྱེ་ཀུན་འདྲེན་མཆོག་བླ་མ་ཡིས། །དགྱེས་བརྩེའི་ཐུགས་རྗེའི་ཉེ་བར་དགོངས་མཛད་ཅིང་། །མཐའ་བྲལ་ཆོས་སྐུའི་རྒྱལ་སྲིད་ཆེན་པོའི་ཀློང་། །སྟོན་འཁོར་འབྲལ་མེད་སྨོན་ལམ་ལན་བརྒྱར་འདེབས། །ཞེས་པའང་དོན་བརྒྱུད་བསྟན་པའི་གཙུག་རྒྱན་མཁན་ཆེན་རྡོ་རྗེ་འཆང་འཇམ་དཔལ་དོན་བརྒྱུད་ཉི་མ་རེ་ཞིག་གཞི་དབྱིངས་ཆོས་སྐུའི་ཀློང་དུ་གཞོལ་བའི་རྗེས་སུ་དྲན་པའི་གདུང་དབྱངས་འདི་ཁྲོ་བཀྲ་ཤིས་ཆོས་གླིང་གི་གྲལ་མཐའ་འཁོད་པ་འཇམ་དབྱངས་བསྟན་འཛིན་པས་སོ།།
༈ སེམས་ཀྱི་བྱ་རྒྱལ་མཁའ་དབྱིངས་སུ་འཕུར་སོང་། ལྷགས་རླུང་གིས་གདུང་བའི་ཟླ་བ་བཅུ་གཉིས་པའི་ནང་། །སེམས་ཁོང་གི་བྱ་རྒྱལ། མཁའ་དབྱིངས་སུ་འཕུར་སོང་། ཁྱེད་ཀྱི་གཤོག་སྒྲས། ཉེར་གཅིག་པའི་ན་གཞོན་རྣམས་ཀྱི་ལྷིང་འཇགས་བཀྲོལ། །ངའི་སྐྱབས་མགོན། རྒྱལ་བསྟན་མདོ་སྔགས་ཀྱི་འོད་ཀོར་འཁྱིལ་ལེ། མཁའ་དབྱིངས་སུ་འཕུར་སོང་། འཇིག་རྟེན་གྱི་སྒྲོན་མེ་ཁྱེད་གང་དུ་བཞུད། སྐྱོ་སྡུག་གིས་ཁེངས་པའི་ངའི་འཇིག་རྟེན་དང་། འབྲུག་སྐད་ཆག་པའི་འཛམ་གླིང་གི་ཁྱོན་ན། མགོ་བོ་འཐོམས་པའི་ཤུལ་ལུས་ཀྱི་དྭ་ཕྲུག་གང་མང་ཞིག། འཕུར་ཤུལ་གྱི་མཁའ་དབྱིངས་སུ་མིག་ཧར་གྱིས་ལུས། སེམས་ཁོང་གི་བྱ་རྒྱལ། ལས་ཉོན་གྱི་འཁྱག་གིས་བསྡམས་པའི་ཤུལ་ལུས་ཀྱི་དྭ་ཕྲུག་ཚོ་ལ། དྲོད་ཐིག་གི་ཚ་རླབས་རེ་རེས། ལྗང་མདོག་གི་ཚེ་སྲོག་བསྐྲུན་རོགས། འཇིག་རྟེན་སྒྲོན་མེ། ཕྱིར་ལ་གཟིགས། སྨག་མུན་ཞིག་གི་ཁྲོད་ནས། གདུང་སེམས་ཀྱི་དབྱངས་རྟ། གྱེར་བཞིན་ཡོད། དྲིན་ཅན་རྗེ། བླ་མ་ལགས། མི་ཚེ་སྟོང་ཟད་དུ་ཤོར་བའི་གྲོང་གསེབ་ཀྱི་བན་འཁྱམ་ང་། བྱ་རྒྱལ་ཁྱེད་ལ་འཕྲེང་སེམས་ཐེངས་གཅིག་ཤོར། ཁེར་རྐྱང་གི་སྨྲེང་གླུ་འདི། གར་བཞུགས་ཀྱི་ཞིང་ཁམས་ན། དྲིན་ཆེན་གྱི་སྙན་དབང་ལ་ཕུལ། བྱ་རྒྱལ་ཁྱེད་ཡ། བྱ་རྒྱལ། ཞེས་པའང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གང་གི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་ཁྲོ་གྲྭ་མཚམས་སྤྲིན་འོད་སྣང་པས་སོ།། །།

༼མཁན་པོ་དགའ་བདེའམ་ཀརྨ་ལུང་རྟོགས།༽

༈ སྔོན་བྱོན་ཚོགས་གཉིས་འོ་མཚོ་ལས་ཐོན་མཚན་དཔེ་ཆ་ཤས་ཡོངས་སུ་རྫོགས། །སྟོང་ཆེན་ཟླུམ་གཟུགས་གོ་ལའི་འཕང་ནས་འཚེ་མེད་ཆོས་ཀྱི་རྒྱལ་རྔ་བརྡུངས། །བསྐལ་མང་རྙེད་དཀའི་ཆོས་ཚུལ་རྒྱ་མཚོ་རིས་མེད་འགྲོ་ལ་བགོ་སྐལ་བྱིན། །ལྷ་མི་རྣམ་འདྲེན་ཟས་གཙང་སྲས་ཁྱེད་དད་པའི་ཡིད་མཁར་རྟག་ཏུ་རོལ། །ཀ་དག་ཆོས་ཀྱི་རྒྱལ་ས་ཆེན་པོ་ནས། །འཇའ་ལུས་འཕོ་ཆེན་དྭངས་མའི་སྐུ་བཞེངས་ཤིང་། །ཐེག་སྐུ་ཉི་གཞོན་འདྲེན་པའི་ཤིང་རྟ་བ། །ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཤིས་པ་སྩོལ། །རབ་འབྱམས་གཞུང་བརྒྱའི་དཀའ་བའི་མདུད་པ་མཁྱེན་རབ་རལ་གྱིས་དུམ་བུར་གཏུབས། །ཆོས་འདུལ་ཞི་བསིལ་བདུད་རྩིའི་རྫིང་བུར་སྒོ་གསུམ་དད་པའི་ཁྲུས་ལ་ཞུགས། །གཞན་ཕན་ཕྲིན་ལས་ཟླ་ལྟར་དཀར་བས་འགྲོ་ཁམས་ཀུ་མུད་མཚོ་ལ་འཁྱུད། །མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་རྫོགས་དཔལ་ལྡན་བླ་མའི་རྣམ་ཐར་གུས། །རྟོགས་པའི་རྩལ་རྫོགས་སྒོམ་མེད་རྒྱལ་སར་གཤེགས། །འཇམ་དཔལ་སྨྲ་བའི་བྱིན་རླབས་ངག་ལ་ཞུགས། །དོན་བརྒྱུད་བསྟན་པའི་ཀ་ཆེན་སྲིད་ན་བསྒྲེངས། །འདྲེན་མཆོག་སྨྲ་བའི་ཉི་མའི་རྣམ་ཐར་དྲན། །ཆོས་བརྒྱད་བུ་མོའི་འཛུམ་ལ་མ་ཆགས་ཆགས་མེད་ཞི་བའི་བས་མཐའ་རུ། །ཏིང་འཛིན་རི་སྐྱེས་གར་ལ་རྩེན་ཏེ་ཏེ་ལོ་པ་ཡི་རྣམ་ཐར་བསྐྱངས། །བཤད་སྒྲུབ་བསྟན་པ་རྒྱལ་མཚན་སྒྲེང་མཛད་མཛད་ཕྲིན་ལྷ་ལམ་ཡོངས་ལ་ཁྱབ། །བསིལ་ལྡན་འགྲོ་ལ་ཕན་བདེ་བསྐྲུན་མཁས་མཁས་པའི་སྙན་པ་ཕྱོགས་བཅུར་འཕུར། །བཀའ་པོད་གཙུག་ལག་ལྷ་ཡི་རྫིང་རིང་དུ། །མཁྱེན་རབ་སྤྲིན་དཀར་གཡོ་བའི་རོལ་རྩེད་ལས། །ལེགས་བཤད་སྦྲང་ཆར་ཁ་བའི་སྨན་ལྗོངས་སུ། །བསྙིལ་མཛད་མཁས་དབང་ཁྱེད་ཀྱི་རྣམ་ཐར་དྲན། །མཁྱེན་པའི་ཡེ་ཤེས་ཆ་ཤས་གཅིག་ལ་ཤེས་བྱའི་སྣང་བ་འབུམ་རྫོགས་ཤིང་། །བརྩེ་བའི་ཐུགས་རྗེའི་འོད་ཞགས་རེ་རེས་གྲངས་མེད་འགྲོ་བ་གཡང་ལས་འདྲེན། །ནུས་པ་རིགས་པའི་གད་རྒྱང་གཅིག་གིས་ལོག་སྨྲའི་སྤོབས་པ་བག་ལ་འཁུམས། །རྒྱལ་བསྟན་སྲོག་གི་ཀ་བ་གཅིག་གྱུར་དྲན་དབང་བྱེ་བའི་དབུས་ན་བརྗིད། །སྙིགས་མའི་རང་མཚང་ངོམ་པའི་དུས་ཀྱི་མཐར། །བཤད་དང་སྒྲུབ་པའི་རྒྱལ་མཚན་སླར་ཡང་བཙུགས། །རིས་མེད་མཁས་གྲུབ་སྟོང་གི་ཕ་ཁྱིམ་བསྐྲུན། །ཡང་དར་བསྟན་པའི་གསལ་བྱེད་ཁྱེད་མིན་སུ། །དུས་ཀྱི་མུན་པ་དགུང་དུ་འཁྲིགས་པའི་ངམ་ནག་སྲིད་པའི་ཡང་མཐའ་རུ། །ཕྲིན་ལས་འོད་བརྒྱའི་གུར་ཁྱིམ་མཛེས་པའི་རྟ་བདུན་དབང་པོའི་དཀྱིལ་འཁོར་ཞིག །དགེ་ཚོགས་སྐྱ་རེངས་དཀར་པོས་བསུས་ཀྱང་སླར་ཡང་རང་སྣང་དག་པའི་ཞིང་། །བྱོན་པའི་རྗེས་སུ་དགའ་བའི་མེ་ཏོག་སྔོ་བསངས་བུ་མོའི་དབྱིངས་སུ་ཡལ། །ཚུལ་གནས་ཐོས་བསམ་སྒོམ་པའི་ལྗོན་བཟང་རྩེར། །འཆད་རྩོད་རྩོམ་པའི་ལོ་འདབ་རབ་རྒྱས་ཤིང་། །མཁས་བཙུན་བཟང་པོའི་འབྲས་བུ་གཡུར་དུ་ཟ། །འདྲེན་མཆོག་ཁྱེད་ཀྱི་རྣམ་ཐར་སྙིང་ནས་དྲན། །ཚེ་རབས་ཕྲེང་བའི་པདྨ་དཀར་པོ་རུ། །མགོན་ཁྱེད་མཉེས་པ་གསུམ་གྱིས་རབ་བསྟེན་ནས། །དམ་ཆོས་སྨྲ་ལ་གཞན་དྲིང་མི་འཇོག་པའི། །ཁྱེད་ཀྱི་ཕྲིན་ལས་ཕྱོགས་བཅུར་སྤེལ་ནུས་ཤོག །ཅེས་སྐྱབས་གཅིག་བླ་མ་འཇམ་དཔལ་དོན་བརྒྱུད་ཉི་མའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་ཁྲོ་རུ་ཀརྨ་ལུང་རྟོགས་ཀྱིས། གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དཔལ་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས། བོད་རབ་རྒྱན་ཆུ་མོ་སྦྲུལ་གྱི་ལོ་ཐ་སྐར་ཟླ་བའི་དམར་ཕྱོགས་བཟང་པོ་གསུམ་པའི་ཉིན་བྲིས་པ་དགེའོ།། །།

༼མཁན་པོ་རྒྱ་མཚོ།༽

༈ རྗེས་དྲན་སྙིང་གི་མེ་ཏོག །
དགེ་ལེགས་ཕན་བདེའི་པདྨོ་འགྲོ་ལ་བཞེད། །ལུང་རྟོགས་རྒྱལ་མཚན་སྒྲེང་བའི་བྱེད་པོ་མཆོག །སྙིགས་དུས་བྱང་སེམས་ཚུལ་བཟུང་འགྲོ་བའི་བཤེས། །འདུལ་འཛིན་ཡོངས་ཀྱི་ཏོག་ལ་གུས་པས་འདུད། །མཚར་སྡུག་ལང་ཚོ་མདོ་སྟོད་འཛིན་མར་བཞད། །མདོ་སྔགས་གཞུངས་ལ་ཉིན་མཚན་བར་མེད་སྦྱངས།། གནས་ལུགས་ཕྲ་ཞིབ་མཁྱེན་པའི་ཤེས་རབ་འབར། །སྨྲ་བའི་དབང་ཕྱུག་དགེ་ལེགས་རྒྱ་མཚོ་དྲན། །དྲི་མེད་བསླབ་པ་གསུམ་གྱི་ཡོན་ཏན་ཕྱུག །བདེན་གཉིས་ཆོས་ཚུལ་ཟབ་མོའི་ཐབས་ལ་མཁས། །ཕས་རྒོལ་ཟིལ་གྱིས་གནོན་པའི་ལུང་རིགས་མངའ། །འཇིག་རྟེན་མིག་གཅིག་དྲིན་ཆེན་བླ་མ་དྲན། །ངེས་འབྱུང་རླུང་གིས་ཡོངས་འཛིན་བསྟེན་ལ་བསྐུལ། །དམ་ཆོས་འཚོལ་ལ་ངོམས་མེད་རྟག་ངུ་ཡི། །རྣམ་ཐར་བདག་གིར་བཞེས་ནས་ཕྱོགས་མེད་ཀྱི། །བླ་མ་བསྟེན་པས་ལུང་རིགས་རྒྱ་མཚོ་འཁྱིལ། །མགོན་ཁྱོད་བགྲང་ཡས་བསྐལ་སྔོན་བདུད་ལས་རྒྱལ། །འོན་ཀྱང་ཐབས་མཁས་སྒྱུ་འཕྲུལ་རོལ་རྩེད་ཀྱིས། །བརྩེ་བའི་འཛུམ་ཞལ་མཐའ་ཀླས་འགྲོ་ལ་སྟོན། །དེའི་ཕྱིར་བྱང་སེམས་རྣམ་ཐར་ཁྱོད་ལ་མངའ། །ལུང་དང་རིགས་པའི་རྟ་བདུན་དབང་པོ་ཡིས། །རྒོལ་ངན་བྱེ་བའི་སྙིང་གི་མུན་བསལ་ཏེ། །དཔྱོད་ལྡན་སྙིང་གི་ཆུ་སྐྱེས་འཛུམ་པ་ལ། །ཤེས་བྱའི་ཕ་མཐའ་འཇལ་བའི་ཟེའུ་འབྲུ་བསྐྱེད། །གང་གི་ཐུགས་བསྐྱེད་སྐྱ་རེངས་འོད་སྣང་གིས། །བསྟན་འགྲོའི་རྒུད་མུན་མིང་གི་ལྷག་མར་བྱས། །འདི་ཕྱི་ཕན་བདེའི་འབྱུང་གནས་འགྲོ་བའི་མགོན། །གནས་འདིར་བྱོན་པའི་མཛད་བཟང་སྙིང་ནས་དད། །བསླབ་གསུམ་དྲི་མེད་འཕགས་པའི་ནོར་གྱིས་ཕྱུག །མི་བཟད་དུཿཁས་མནར་བའི་འགྲོ་རྣམས་ལ། །བྱམས་བརྩེའི་ཆུ་གཏེར་འཁྱིལ་བའི་མགོན་པོ་ཡིས། །མི་འཇིགས་སྐྱབས་གྱི་སྦྱིན་པ་བགྲང་ལས་འདས། །མདོ་སྔགས་གསེར་འཁོར་རྩིབས་སྟོང་ལུང་རྟོགས་བསྟན། །འགྲོ་བློའི་མོས་ཁམས་ཇི་བཞིན་བསིལ་ལྗོངས་འདིར། །རྟག་ཏུ་བསྐོར་བས་གསུང་དབྱངས་ཆ་ཤས་ལ། །ངག་རིག་དཔལ་རྫོགས་ཀུན་གྱི་ཅོད་པན་བཅིངས། །མ་བཅོས་གནས་ལུགས་ཉམས་སུ་ལེན་པའི་ཚུལ། །མདོ་རྒྱུད་རྣམས་ལས་གསུངས་ཚུལ་ཇི་བཞིན་པར། །དང་པོའི་ལས་ཅན་བདག་ལ་བརྩེ་བས་གནང་། །ཡང་ཡང་བསམས་པས་བཀའ་དྲིན་གང་གིས་གཞལ། །ཉམ་ཆུང་འགྲོ་བའི་བླ་མ་ཁྱེད་ཉིད་དང་། །ལྷན་དུ་ཆོས་ལ་སྤྱོད་པའི་སྐལ་བཟང་དུས། །བདག་སོགས་རྐང་དྲུག་དགའ་བདེའི་གར་ལ་བྲེལ། །འདས་དོན་ལོ་རྒྱུས་བླ་མ་དྲན་པའི་རྐྱེན། །ལུང་དང་རིགས་པའི་དབང་ཕྱུག་ཁྱེད་ཉིད་ཀྱིས། །ཟབ་དོན་རིག་པའི་ཆུ་རྒྱུན་ལེགས་བསྩལ་ཀྱང་། །རྣམ་གཡེང་མཛའ་མོས་བསླུས་པའི་སློབ་བུ་ང་། །རང་རྒྱུད་ཐ་མལ་ལུས་པས་སེམས་པ་སྐྱོ། །ཟླ་བ་སྔ་མར་བླ་སློབ་ལྷན་གཅིག་ཏུ། །བཤད་གྲྭའི་དབུ་འཛིན་ལུང་རྟོགས་བསྟན་ལ་བརྩོན། །གློ་བུར་ཕ་གཅིག་མི་མངོན་དབྱིངས་ལ་བཞུད། །དེ་ཐོས་རྐྱེན་བྱས་དར་ཅིག་དྲན་མེད་ལུས། །ཧ་ཅང་མཇལ་བར་དཀའ་བའི་བླ་མ་ཉིད། །སྲིད་ན་དཀོན་པའི་འདོད་འབྱུང་ནོར་བུ་བཞིན། །ཇི་སྲིད་འཁོར་བའི་མཚོ་མོ་མ་བསྐམས་བར། །གནས་འདིར་མ་བཞུགས་བདག་ཡིད་སྐྱོ་བས་མནར། །ཡིད་སེམས་སྡུག་གིས་མནར་བའི་སྤང་ཐང་ནས། །བྲལ་གདུང་མཆི་མས་བརྣངས་པའི་སློབ་བུ་ངས། །ཕ་གཅིག་བླ་མ་དྲན་པའི་གསོལ་འདེབས་ཤིག །སྣང་གསལ་སྒྲོན་མོའི་འོད་ལ་བརྟེན་ནས་བྲིས། །དེ་ལྟར་བསྟོད་ཚིག་དགེ་བའི་མེ་ཏོག་གིས། །དཔལ་ལྡན་བླ་མ་དམ་པ་རབ་དགྱེས་ནས། །བདག་གི་ལུས་དང་ལངས་སྤྱོད་དངོས་པོ་ཀུན། །ཉམ་ཐག་འགྲོ་བའི་སྡུག་བསྔལ་སེལ་བྱེད་ཤོག །
ཅེས་པ་འདི་ནི་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཆེན་པོ་༧འཛི་སྒར་མཁན་པོ་དགེ་ལེགས་རྒྱ་མཚོ་རིན་པོ་ཆེའི་བཀའ་དྲིན་གྱི་མེ་ལྕེ་སྙིང་ལ་འབར་བའི་རྐྱེན་བྱས་ཏེ། མགོན་པོ་གང་གི་འབངས་ཐ་ཤལ་བ་མཁན་མིང་འཛིན་པ་རྒྱ་མཚོ་ནས། ༢༠༠༩ ལོར་བྲིས་པའོ།། །།

༼མཁན་པོ་ཡེ་ཤེས།༽

༈ ཡིད་སྐྱོའི་ཁྲོད་ཀྱི་གདུང་དབྱངས།
ཀ་དག་གདོན་མའི་མགོན་པོ་མི་ཡི་རོལ་གར། །ཁ་བ་རི་པའི་སྐྱེ་འགྲོའི་མགོན་དུ་བཞེངས་པ། །ག་ཤེད་གཤེགས་བཞུགས་མཚན་མའི་སྤྲོས་པ་དབེན་ཡང་།། ང་ཅག་སྐལ་དམན་སྣང་ངོར་དབྱིངས་ལ་བཞུད་སོང་། །ཅ་ཅོས་འཁྲུལ་བ་འཁོར་བའི་གཞི་རྩ་མ་ཆོད། །ཆ་ལུགས་ཆོས་པའི་གཟུགས་ཀྱིས་ལུས་ངག་མ་དུལ། །ཇ་ཆང་ཉོན་མོངས་དུག་ཆུས་ཡིད་སེམས་མ་འཚེངས། །ཉ་མོ་ཆུ་དང་བྲལ་བཞིན་སྐྱུར་ཚོད་མ་ཡིན། །ཏ་ཐཱ་བསྟན་འགྲོའི་མགོན་དུ་བསམ་བཞིན་སྤྲུལ་ན། །ཐ་མའི་མཛད་པ་བསྟན་པའི་དུས་ཚོད་དེ་སྔ་སོང་། །ད་དུང་ལས་ཉོན་འཁོར་བའི་ཚང་ཆེན་འདི་ན། །ན་ཀྲའི་གྲོང་བཞིན་སེམས་ཅན་གཏིང་མཐའ་མི་མངོན། །པ་སངས་ལྟར་དཀར་སྔོན་སྨོན་ཐུགས་བསྐྱེད་མཐུ་ཡིས། །ཕ་མ་སེམས་ཅན་གང་དང་གང་གི་དོན་དུ། །བ་གམ་ཆོས་ཀྱི་དབྱིངས་ནས་གཟུགས་སྐུའི་བཀོད་པ། །མ་དག་གདུལ་ཞིང་དེ་དང་དེ་རུ་བསྟན་ཤོག །རྩ་གསུམ་སྔོན་བྱོན་རྒྱལ་བས་འདུལ་སྐལ་མ་གྱུར། །ཚ་གདུང་དུཿཁས་མནར་བ་སྙིགས་མའི་སེམས་ཅན། །ཛ་ཡའི་བསྟན་དང་འགྲོ་དོན་རེ་ཞིག་རྫོགས་ནས།། ཝ་ལེར་ཐུགས་འདུན་དག་པའི་ཞིང་ལ་གཏད་སོང་། །ཞྭ་ཆོས་དར་ཟབ་གོས་ཀྱིས་སྐུ་གདུང་གཡོགས་ཏེ། །ཟ་འོག་འབོལ་བརྩེགས་ཁྲི་ལ་གཟི་བརྗིད་ལམ་མེར། །འ་འུར་ངང་ནས་ཆུ་བུར་མིག་གིས་མཇལ་བྱུང་། །ཡ་ཆུང་མཆི་མས་བརྣངས་བཞིན་གསོལ་བ་བཏབ་ཡོད། །ར་བ་གངས་ལྗོངས་སྐྱེ་འགྲོའི་བསོད་ནམས་དམན་པ། །ལ་ལར་མ་ཡིན་རྒྱལ་བསྟན་ཀུན་གྱི་ཆག་སྒོ། །ཤ་ཟ་ནག་པོའི་རྩ་ལག་དཔུང་ཁ་དར་བས། །ས་ཐོབ་སེམས་དཔའ་ཁྱེད་དང་གཏན་དུ་བྲལ་སོང་། །ཧ་ཅང་བླ་མ་དྲན་པའི་གདུང་དབྱངས་འདིས། །ཧ་ལམ་མདང་སུམ་འཁྲུལ་བའི་རྨི་ལམ་སད་བཞིན། །ཨ་འཐས་རེ་དོགས་འཁྲུལ་བའི་གཞི་རྩ་ཆོད་ནས། །ཨ་དོན་སྐྱེ་མེད་བླ་མའི་དགྱེས་ཞལ་མཇལ་ཤོག །
ཅེས་ལྗོངས་དགོན་གྲྭ་ཡེ་ཤེས་ནས་བྲིས་པའོ།། །།

༼མཁན་པོ་ཟླ་བ་སྟོབས་ལྡན།༽

༈ རྗེས་དྲན་དྭ་ཕྲུག་འཁྱམ་པོའི་སྐྱོ་གླུ།
བདག་སོགས་གདུལ་བྱའི་དོན་དུ། །བསམ་བཞིན་སྲིད་པ་བཟུང་བའི། །ཕ་གཅིག་དཔལ་ལྡན་བླ་མ། །སྤྱི་གཙུག་རྒྱན་དུ་བསྟེན་ནོ། །ནམ་ཟླ་དུས་ཀྱི་འགྱུར་བ། །མི་རྟག་སྒྱུ་མའི་ངང་ཚུལ། །ཟག་བཅས་སྲིད་པའི་བདེ་བ། །ཡུན་རིང་བརྟན་པ་མི་འདུག །ང་དང་བྱམས་ལྡན་མ་ལོ། །ལུས་སེམས་ལྷོད་པོའི་ངང་ནས། །བདེ་སྐྱིད་འཚོ་བ་རོལ་པའི། །དུས་ཚོད་གང་མཚམས་ཤིག་ཏུ། །གློག་སྐུད་ཕྲ་མོའི་ལམ་ནས། །སྙིང་ཐུབ་གྲོགས་པོ་ཞིག་གིས། །སྐྱོ་གཏམ་དག་མ་དིག་ལས། །རྒྱལ་བསྟན་གསལ་བའི་ཉིན་བྱེད། །ཞི་བའི་དབྱིངས་སུ་གཟིམས་པ། །སྒྲ་འཛིན་ལམ་དུ་ལྷུང་ཚེ། །སྙིང་མེད་སློབ་བུ་ང་རང་། །རི་མོ་བྲིས་པའི་གཟུགས་བཞིན། །དར་ཅིག་ཧད་ཀྱིས་ལུས་སོང་། །ཡོངས་འཛིན་ཡིད་བཞིན་ནོར་བུ། །ཐུབ་བསྟན་མདོ་དང་སྔགས་ཀྱི། །ཆོས་ཁྲིད་མཛད་པའི་ཞོར་དུ། །མ་འོངས་མདུན་ལམ་བསྐྱང་བའི། །ཞལ་གསུང་དམ་རྫས་རིལ་བུ། །ཡིད་ལ་ཡང་ཡང་དྲན་ནས། །སྐྱོ་གདུང་སེམས་ལ་ཇེ་ལྕི། །ཁྱེད་སྐུ་ཟླ་གཞོན་དབང་པོ། །ཆུ་ལྷའི་ཕག་ཏུ་ཡིབས་ན། །ང་ཅག་འགྲོ་བའི་དོན་དུ། །ཡང་སྤྲུལ་ཉིན་བྱེད་དབང་པོ། །མི་རིང་མྱུར་དུ་འཆར་ལ། རེ་སྒུག་སྙིང་ནས་འཆང་ཡོད། །ཅེས་གང་གི་སློབ་བུ་ཟླ་བ་སྟོབས་ལྡན་འབོད་པ་དེས་རྗེས་དྲན་གྱི་ཚུལ་དུ་ཅུང་ཟད་བྲིས་པའོ།། །།

༼མཁན་པོ་ཨ་ཆུང་༽

༈ རྗེས་དྲན་སྙིང་གི་ཐིག་ལེ།
ཀྱེ་མ། འདིར་སྣང་མི་མཇེད་འཇིག་རྟེན་ཞིང་ཁམས་སུ། །ཐུགས་བསྐྱེད་གོ་ཆ་བླ་ལྷག་ཏུ་བཞེས་པའི། །འཕགས་མཆོག་མཁན་ཆེན་དོན་བརྒྱུད་ཉི་མ་གང་། །རིག་འཛིན་མཁའ་འགྲོའི་ཚོགས་གྲལ་ཕེབས་པའི་ཚེ། །བདག་ཅག་འགྲོ་བའི་ཡིད་སྣང་དབང་མེད་སྐྱོ། །ཞེས་མཁན་ཆེན་དགེ་ལེགས་རྒྱ་མཚོ་ཞིང་ཁམས་ལ་ཕེབས་པའི་སྐབས་ལྕང་གྲགས་དགོན་གྱི་མཁན་མིང་འཛིན་པ་ཨ་ཆུང་ནས་སྒ་སྒྲུབ་བརྒྱུད་དགོན་དུ་བྲིས་པའོ།། །།