འཇམ་དབྱངས་མགོན་པོའི་རྣམ་ཐར།

༈ འཇམ་དབྱངས་མགོན་པོ་ནི། ཡུལ་མྱང་སྟོད། བྱེ་བྲག་ཁམ་གྲོང༌། ཡབ་ཁྱུང་པོ་བསོད་ནམས་དཔལ་དང༌། ཡུམ་འདྲེ་མོ་ཁྱི་འདྲེན་དཔལ་གྱི་སྲས་སུ་རབ་བྱུང་བཞི་པའི་ས་འབྲུག་༼༡༢༠༨༽ལོར་བལྟམས། སློབ་དཔོན་གཙང་སྟོན་ལ་གསོར་བཅུག །ཁོང་གིས་ཕྱག་དྲུག་པའི་ཕྲིན་ལས་གཏོང་བའི་དུས་སུ་ཕྱག་དྲུག་པ་ཡུད་ཙམ་ཞིག་གཟིགས། མཚན་བསོད་ནམས་མགོན་པོ་བཏགས། ལྷའི་ཡུལ་དུ་སྐྱེ་བ་སོགས་སྐྱེ་བ་མང་པོ་དྲན། རྨི་ལམ་རྒྱུན་དུ་ཟིན་ཡང་འོད་གསལ་དུ་འགྲོར་མ་འདོད། ལོ་བཞི་ལྔ་ནས་སྒོམ་རང་སྐྱེས་སུ་བྱུང་ནའང་ངོ་མ་ཤེས། ལོ་དྲུག་བདུན་ལོན་པའི་ཚེ་སློབ་དཔོན་ལྕེ་སྟོན་སངས་རྒྱས་དང༌། ལྕེ་སྟོན་མགོན་པོ་དང༌། གཡུ་ཐོག་ཇོ་རྒྱལ་ལ་སོགས་པས་མེ་ཏོག་སྡུད་པའི་ཆོས་གསུང་བ་བློ་ལ་ཟིན་ནས་བྱིས་པའི་ཟླ་བོ་ལ་བཤད། གཞན་བགྲོ་གླེང་བྱེད་པ་ལ་སོགས་པ་ཐམས་ཅད་ཀྱང་ཟིན། ཇོ་གཟུངས་ལ་ཀློག་བསླབས་པས་ཟླ་བ་གཅིག་དང་ཞག་བཅུ་བདུན་ལ་མཁས་པར་ཤེས། ལོ་བཅུ་ལོན་པའི་ཚེ་ཡུམ་གྲོངས། གཉེན་ཆད་བྱས་པའི་བུད་མེད་ལ་བོར་བྱིན་ནས་ཆོས་ལ་བྲོས་ནས་གཡས་རུར་ཕྱིན། བླ་མ་མར་སྟོན་ལ་རབ་ཏུ་བྱུང་ནས་མིང་ཤེས་རབ་འབྱུང་གནས་སུ་བཏགས། ཁྲིད་ཞུས་པས་སྔར་གྱི་སྒོམ་དང་ཁྱད་པར་མ་བྱུང༌། འུ་ཡུག་སོགས་སུ་མཚམས་དམ་པོར་བྱས་ཏེ་བསྒོམས། རིན་པོ་ཆེ་མར་སྟོན་གྱི་མཁན་པོ་དང༌། དུང་ལུང་པས་སློབ་དཔོན་དང༌། སློབ་དཔོན་གཅུང་པོས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། ཁྲོ་ཕུ་ལོ་ཙཱ་བ་ལ་བྱ་ཐང་དུ་སེམས་ཉིད་ངལ་གསོ་དང༌། རིན་ཆེན་འབྲུ་དགུ་རྣམས་ཞུས། སྟན་གཅིག་ལོ་བཅུ་བཞི་དང༌། ཤ་མི་ཟ་བ་ལོ་བཅུ་བདུན་གྱི་བར་བྱས། ཀོ་བྲག་པས་ཧོར་ཟློག་པའི་རིམ་གྲོ་བསྐུལ་བ་ལ་དགེ་བཤེས་ཉི་ཤུ་རྩ་གསུམ་ཙམ་མངགས་པ་ལ། ཁོང་གིས་ཚོང་འདུས་ཡན་ཆད་ཀྱི་རིམ་གྲོ་སྐུལ་བ་པོ་བྱས་པས། མི་རྣམས་ན་རེ། བཙུན་ཆུང་འདི་འདྲའི་ཤེས་རབ་ཆེ་བ་འཇམ་དབྱངས་རང་ཡིན་ཟེར་བས། འཇམ་དབྱངས་མགོན་པོར་གྲགས། དེ་ནས་དབུ་རི་བའི་སྙན་པ་གསན་ནས་དབུ་རིར་བྱོན་ནས་ལོ་བརྒྱད་ཀྱི་བར་བསྟེན། ཤིན་ཏུ་ཐུགས་ལ་འདོགས་པ་བྱུང་ནས་འབྲུག་པའི་ཆོས་སྐོར་དབང་ལུང་ཐམས་ཅད་ཚང་བར་གསན། ལོ་ཉི་ཤུ་ལ་ས་གདོན་གྱི་རྟོག་པ་ཆེན་པོ་བྱུང་ནས། འདག་སྦྱར་བྱས་ནས་འཇམ་དཔལ་གྱི་བསྙེན་པ་བསྐྱལ་བས་ནད་ཀྱི་རྟོག་པ་སོལ། ལྷ་དང་གླེང་མོ་བྱས་ཆོག་པ་བྱུང་ཞིང་ཤེས་རབ་ཀྱང་ཆེ་བ་བྱུང༌། ལྷ་རི་མོ་དང༌། མྱང་སྟོད་དང༌། ཆོས་ལུང་རྣམས་སུ་འདག་སྦྱར་མཛད་དེ་ཐུགས་དམ་མཛད། མཁན་པོ་སྟོད་ལུང་པ། དུང་ལུང་པ། ལས་སྟོད་པ་རྣམས་ལ་འདུལ་བ་ཉན། སློབ་དཔོན་སྦ་གླན་སྟོན་དང༌། ཀོང་ནག་ཆོས་ཀྱི་སོ་སེང༌། འཇམ་གསར་ལ་ཚད་མ་ཞུས། བླ་མ་ལྷ་སྒང་པ་ལ་དུས་འཁོར་གྱི་དབང་རྒྱུད་རྣམས་གསན། སློབ་དཔོན་ཟླ་གྲགས་ལ་དབུ་མ་དང་ས་སྡེ་དང་སྤྱོད་ཕྱོགས་དང་གསང་འདུས་འཕགས་སྐོར་ཐམས་ཅད་དང་མ་རྒྱུད་ཀྱི་སྐོར། བླ་མ་དབུས་པ་ལ་གཅོད་ཡུལ་བཀའ་བརྒྱུད་དང་ཉམས་བརྒྱུད། འབྲུག་ཏུ་སངས་རྒྱས་དབོན་རས་ལ་འབྲུག་སྐོར། ཡར་འབྲོག་གི་སློབ་དཔོན་རོག་སྟོན་ལ་སྒྲའི་བསྟན་བཅོས། ཁྱུང་ཚང་བའི་བུ་ཆེན་དཀོན་མཆོག་རིན་ཆེན་ལ་རས་ཆུང་སྙན་བརྒྱུད་སྐོར། སློབ་དཔོན་སྟོན་གཞོན་ལ་སྦྱོར་དྲུག་ཞུས། དབང་ཞུས་པའི་མེ་ཏོག་ཕལ་ཆེར་དོན་ཡོད་གྲུབ་པ་ལ་ཕོག་པས་གསང་བའི་མཚན་དོན་ཡོད་རྡོ་རྗེ་བཏགས། བློ་ལ་ཡང་མཚན་ཉིད་ཀྱི་དབུ་མ་རྩ་ཤེ་ལ་སོགས་པོ་ཏི་མང་པོ་དང༌། སྔགས་ཀྱི་དུས་འཁོར་ལ་སོགས་མང་དུ་བཞུགས། ཆོས་རྗེ་ལོ་རས་ལ་མྱང་སྟོད་སྨད་ཀྱིས་ཞུ་བ་ཕུལ་ནས། དེ་རྣམས་ཀྱི་སློབ་དཔོན་དུ་བསྐོས་པས། སྟོད་སྨད་ཀྱི་མཚམས་ཀུ་རུ་ལུང་དུ་དགོན་པ་བཏབ། ཆོས་རྗེས་སེང་གེ་རིར་དབང་མོ་ཆེ་མཛད་པའི་ཚེ། ཁོང་མེད་པར་དབང་བསྐུར་མི་ཡོང་གསུངས་ནས། ཟླ་བ་གཅིག་གི་བར་དུ་སྒུག་པ་གནང་ནས་དབང་ཡང་ཐོབ། བཞི་བཅུ་རྩ་གསུམ་པ་ལ་ལོ་རས་གཤེགས། བོ་དོང་ཕྱིན་ཆད་ནས་ལྷོ་བྲག་ཚུན། ཨེ་རོང་མན་དབུ་རི་ཚུན་ཆད་དུ་ཁྲོམ་མང་པོ་ཚོགས་པའི་སེམས་ཅན་གྱི་དོན་ལ་སེམས་བསྐྱེད་དང་དབང་དང་གདམས་ངག་དང་བསླབ་པ་སྦྱིན་པ་སོགས་གཞན་དོན་ཟད་མི་ཤེས་པ་བྱས། འདིས་མཛད་པའི་བསྟན་བཅོས་ཀྱང་སྔགས་ཀྱི་དབང་རྒྱུད་འགྲེལ་མན་ངག་གི་སྐོར་དང༌། མཚན་ཉིད་ཀྱི་གཞུང་བཤད་སྤྱི་བསྡུས་མང་པོ་དང༌། མི་དཔྱད་དང༌། རྟ་དཔྱད་དང༌། སྨན་དཔྱད་དང༌། རྒྱ་རྩིས་ལ་སོགས་པའི་འཇིག་རྟེན་གྱི་བསྟན་བཅོས་མང་པོ་དང༌། ཐ་ན་རྒྱ་ཐབ་བཟོ་བ་ལ་སོགས་པ་བསྟན་བཅོས་ཤིན་ཏུ་མང་བར་བརྩམས། གཅོད་ཡུལ་ཟབ་དོན་ཐུགས་སྙིང་དང༌། ཐབས་ལམ་རྡོ་རྗེ་ཚིག་འབྱེད་ཀྱང་འདིས་མཛད། ཕྱིས་རྒྱ་ནག་རི་བོ་རྩེ་ལྔ་ལ་སྐུ་མ་སྤངས་པར་བྱོན་པའོ། །