འཇམ་གླིང་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར།

༈ གྲོ་མོ་བཀའ་བརྒྱུད་སྤྲུལ་སྐུའི་སློབ་མའི་གཙོ་བོ་རིག་འཛིན་ཆོས་དབྱིངས་རྡོ་རྗེ་ནི། མང་ཡུལ་སྐྱིད་གྲོང་གྲྭ་འཇམ་གླིང་གདུང་འཛིན་སྔགས་འཆང་ཤེས་རབ་འབྱུང་གནས་ཀྱི་སྲས་གཅིག་པུར་གྱུར་པ་དཔལ་ལྡན་ངག་དབང་ནོར་བུ་ནི་དམ་པ་འདི་ཉིད་ཀྱི་ཡབ་དང༌། ཡུམ་དོན་གྲུབ་རྒྱལ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་༼༡༧༧༢༽ལོར་འཁྲུངས། སྲས་བཞིའི་ཆེ་ཤོས་ཡིན། གཅུང་ཆོས་གྲགས་རྒྱ་མཚོའི་སྤྲུལ་སྐུར་གྲགས། རྗེ་སྨན་སྒོམ་པས། མཚན་ཀུན་བཟང་རིག་འཛིན་ཆོས་དབྱིངས་རྡོ་རྗེ་རྣམ་པར་རྒྱལ་བའི་སྡེར་གསོལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས། མཚན་ཚེ་དབང་རྡོ་རྗེ་མི་འགྱུར་ནམ་མཁའ་ཞེས་བསྩལ། རྗེ་དེ་གཉིས་ལས་དབང་ལུང་ཡང་མང་པོ་ཞུས། དགུང་ལོ་ལྔ་དྲུག་སྐབས་གྲུབ་མཆོག་ཕྲིན་ལས་དཔལ་བཟང་ལས། འབར་ཆོས་དབང་ཁྲིད་ལུང༌། ཡབ་ལས་ཀྱང་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་བཞི། རྟ་པོད་ཀྱི་ལྗགས་ལུང༌། གུར་དྲག་གི་དབང་བཞི། མགོན་པོ་ཕྱག་བཞི་པའི་རྗེས་གནང་སོགས་གསན། ཀློག་དང་ལྷ་བྲིས་སོགས་འབད་པ་ཆེར་མ་དགོས་པར་ཤེས། རྗེ་བསྟན་འཛིན་རྡོ་རྗེ་ལ་གཙུག་ཕུད་ཕུལ་ཏེ། སྐྱབས་གསུམ་འཛིན་པ་དགེ་བསྙེན་གྱི་སྡོམ་པ་མནོས། ཚེ་དབང༌། ཀུན་རིག་གི་དབང་ལུང་སོགས་ཞུས། རྗེ་བླ་མ་རིག་འཛིན་འཕྲིན་ལས་བདུད་འཇོམས་ལས། འཇའ་ཚོན་ཆོས་སྐོར་སོགས་དབང་ལུང་དཔག་མེད་གསན། ཁྱད་པར་གྲོ་མོ་བཀའ་དགོན་དུ་རྗེ་གྲུབ་ཐོབ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས། བདེ་མཆོག་དྲིལ་བུ་ལུགས་ཀྱི་དབང་བཞི། ཕག་མོའི་བྱིན་རླབས། ཕྱག་ཆེན་གྱི་ངོ་སྤྲོད། ནཱ་རོ་ཆོས་དྲུག་དང་གཏུམ་མོ་ཞག་བདུན་མའི་ཁྲིད། མེ་དབང༌། རླུང་དང་འཁྲུལ་འཁོར་རྣམས་ལེགས་པར་སྦྱངས་པས། དེ་མ་ཐག་ཏུ་བདེ་དྲོད་ཆེ་རབ་ཏུ་སྐྱེས། རི་ཆོས་སྐོར་གསུམ། ཐར་གྲུ་སྐོར་གསུམ་སོགས་རང་ལུགས་ཀྱི་དབང་ཁྲིད་ལུང་གང་བཞུགས་རྣམས་ཐོབ་སྟེ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མར་འཛིན། གཞན་ཡང་ཡོངས་འཛིན་བློ་བཟང་བསྟན་འཛིན་དང༌། རས་ཆེན་བློ་གྲོས་རྒྱལ་མཚན་སོགས་བླ་མ་མང་པོ་བསྟེན། བཅུ་བདུན་ས་སྤྲེ་ལོར་གོར་བོད་དུས་ཟིང་སྐབས། ལྷ་སྲུང་གི་བྱིན་མཐུས་དགོན་པ་དང་རྗེ་ཉིད་ལ་གནོད་པ་ཆེར་མ་བྱུང་བར། རང་གནས་བཀྲ་ཤིས་ཆོས་གླིང་དུ་བཅད་རྒྱར་ལོ་གསུམ་བཞུགས། ཐུན་མཚམས་སུ་དམ་ཆོས་ཐར་རྒྱན་ལ་གཟིགས་པས། ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་དག་མཐོང་བས། སྙིང་ལ་ལྕགས་གཟེར་བཏབ་པ་ལྟར་ཚ་ཐམ་ཐམ་པའི་འཇིགས་སྐྲག་གི་སྣང་བ་ཤར་ནས། བློ་སྣ་ཐུང་རིལ་སོང༌། བཅོས་མིན་གྱི་དད་པ་དང་ངེས་འབྱུང་སྐྱེས། དད་པ་ངེས་འབྱུང་མ་སྐྱེས་པའི་ཆོས་ལ་སྙིང་པོ་མི་འདུག་སྙམ་པ་ཤར། དེ་ནས་བཟུང་འཁོར་བ་ཐ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པའི་ངེས་འབྱུང་གིས་དམ་པའི་ཆོས་ལ་བློ་འཇུག་ཅིང༌། རྒྱུ་འབྲས་ལ་ཡིད་ཆེས་ངེས་ཤེས་འདྲོངས་པ་བྱུང༌། རྗེ་སྒམ་པོ་པའི་བཀའ་དྲིན་རྗེས་སུ་དྲན་པའི་གདུང་དབྱངས་ཀྱང་གསུང༌། བདེ་མཆོག་ལྷན་སྐྱེས། ཕག་མོ་ཞལ་གཉིས་མ། ཚེ་དཔག་མེད། རྗེ་བཙུན་སྒྲོལ་དཀར། རྟ་མགྲིན་ཡང་གསང་སོགས་ལྷག་པའི་ལྷ་མང་པོའི་ལྗགས་བསྙེན་གྲངས་ཐེམས་གནང༌། ལྷག་པར་བླ་སྒྲུབ་ཐུན་མོང་དང་ཐུན་མིན་ཕྱི་ནང་གསང་གསུམ་རྣམས་ལ་རིམ་པར་ནན་ཏན་དུ་བགྱིས་པས། སེམས་གསལ་སྟོང་ངོ་བོ་ཇི་བཞིན་དུ་མཐོང༌། ཉམས་ལེན་གྱི་ངེས་ཤེས་རྙེད། ཉེར་ལྔ་ཙམ་ལ་རྗེ་བླ་མ་ངག་དབང་ཆོས་ཀྱི་རྒྱ་མཚོས་བཀའ་ཕེབས་པ་བཞིན། འབའ་རའི་གདན་འཛིན་མཛད། དེར་སྒྲུབ་པ་ལོ་གསུམ་ལ་བཞུགས་ཏེ། ཕག་མོ་ཞལ་གཉིས་མ། བདེ་མཆོག །མི་འཁྲུགས་པ། ཡེ་ཤེས་མགོན་པོ་སོགས་ཀྱི་ལྗགས་བསྙེན་དང༌། བླ་མ་སྐུ་གསུམ་གྱི་སྒྲུབ་པ་སོགས་རིམ་གྱིས་གནང་བས། གཞུང་ནས་བཤད་པའི་རྟགས་མཚན་བཟང་པོ་ཕལ་ཆེར་བྱུང་ཞིང༌། གོ་མྱོང་རྟོགས་པ་བཟང་པོ་འཁྲུངས། འབའ་རར་བཞུགས་སྐབས་ཆོས་སྒོམ་ཟེར་བའི་བླ་རྫུན་ཞིག་གིས་ལོ་ལྔ་དྲུག་བར་ཕྲག་དོག་ཆེས་བྱས་ཀྱང༌། བར་ཆད་ལམ་དུ་ལྷོངས་པའི་སྟབས་ཀྱིས་དགོན་པའི་ཉམས་གསོས་ཀྱི་ལེགས་ཚོགས་ཇེ་ཆེར་སོང་ཞིང༌། གཞི་བྱེས་ཀྱི་གྲྭ་བཙུན་མང་དུ་འདུས་པ་ལ་ཕྱག་ཆེན། ཆོས་དྲུག། ཞག་བདུན་མའི་ཁྲིད་སོགས་རང་ལུགས་འབར་ཆོས་ཀྱི་དབང་ལུང་རྒྱ་ཆེར་སྤེལ་ཏེ། འབའ་རའི་གདན་ས་གང་ཅིའི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་མཛད། སོ་དགུ་པ་ལ་གཅུང་ཀུན་དགའ་བཟང་པོ་འབའ་རར་བཞུགས་སུ་བཅུག་ནས། སླར་སྐྱིད་གྲོང་བཀྲ་ཤིས་ཆོས་གླིང་གི་གདན་སར་ཕེབས་ཤིང༌། དེར་ཕྱག་ཆེན། ཆོས་དྲུག །མ་གཅིག་ཟབ་དོན་གྱི་གཅོད་ཁྲིད་སོགས་དང༌། གཞན་ཡང་འབར་ཆོས་གཙོ་བོར་གྱུར་པའི་ཆོས་འཁོར་རྒྱ་ཆེར་བསྐོར་ནས་སྐལ་ལྡན་གྱི་གདུལ་བྱ་མང་པོ་རྗེས་སུ་བཟུང༌། ཐར་གྲུ་སྐོར་གསུམ་གྱི་གླེགས་བམ་གསར་བསྐྲུན་གྱིས་མཚོན་རྟེན་གསུམ་དཔག་མེད་གསར་བཞེངས་མཛད། སླར་འབའ་རར་ཕེབས་ཏེ། གདན་ས་ཡར་མར་གཉིས་ཀ་མཉམ་དུ་བསྐྱངས། སྐུ་ཚེ་སྨད་དུ་པཎ་ཆེན་བློ་བཟང་དཔལ་ལྡན་གྱི་སྤྱན་སྔར་བསྙེན་པར་རྫོགས། དངོས་ཉམས་རྨི་ལམ་གྱི་སྣང་བ་ཐམས་ཅད་དུ་ལྷ་དང་སྲུང་མས་གཟུགས་སྣ་ཚོགས་སུ་སྟོན་ནས་འབྱུང་འགྱུར་ལུང་བསྟན་པ་སོགས་ངོ་མཚར་མང༌། གྲོ་མོ། ཧད་ལྗོངས། ཁམ་བུ་སྒྲིལ་མ་དགོན། ལྷོ་སྤ་གྲོ་འབྲང་རྒྱས་དགོན། མོན་རྫོང༌། ཞོང་ཞོང༌། དྲེས་དགོན་སྦུག་པ། ག་ཐོག་སོགས་འབྲུག་འབྲས་ལྗོངས་བོད་དང་བཅས་པའི་གནས་ཡུལ་དུ་མར་ཞབས་ཀྱིས་བཅགས་ཏེ་འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོད། འབའ་ར་བཀའ་བརྒྱུད་ཀྱི་བླ་མ་གོང་མ་དུ་མའི་རྣམ་ཐར་དང༌། གསུང་མགུར། ཞལ་གདམས་སོགས་རྩོམ་ཆོས་སྙན་ཚིག་གིས་སྤྲས་པ་མང་པོར་མཛད། དེ་ནས་རེ་བདུན་པ་ས་ཁྱི་༼༡༨༣༨༽ལོའི་བོད་ཟླ་བརྒྱད་པའི་ཚེས་བཅུ་བདུན་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན་ཏོ། །སློབ་མ་ནི། གནས་ནང་སྐྱབས་མགོན་དཔའ་བོ་རིན་པོ་ཆེ། གཅུང་ཀུན་དགའ་བཟང་པོ། བྱ་བཏང་རི་པའི་ཁྱུ་མཆོག་དགེ་སློང་རྣམ་རྒྱལ་མཁས་མཆོག །མངའ་རིས་གློ་བོ་རོང་སྡིངས་སྤྲུལ་སྐུ་དྷརྨཱ་ཤྲཱི། སྤྲིན་ཟམ་གྲུབ་ཐོབ་སྐུ་སྐྱེ། འབྲས་ལྗོངས་བོ་དོང་དགོན་གྱི་བླ་མ་སྤྲུལ་སྐུ། གདོང་དཀར་ཆོས་ལུང་བླ་མ་ཡབ་སྲས། ཞ་ལུ་རི་ཕུག་སྒྲུབ་ཁང་སྤྲུལ་སྐུ། དྲེས་དགོན་པ་སྦུག་ཀུན་དགའ་ལེགས་བཤད། གྲོ་སྟོད་སྐྱིད་ལུམ་ཚལ་གྱི་བླ་མ། བསམ་གྲུབ་ཆོས་སྡིངས་གྲུབ་ཆེན། དབོན་ཕྲིན་ལས་རྣམ་རྒྱལ། ཆུ་བཟང་བླ་མ་ཇོ་རྒན། གྲུབ་ཆེན་ནོར་བུ་རྒྱལ་མཚན། གནས་ནང་ཁམས་པ་དགེ་སློང་ངག་དབང་བློ་གྲོས་སོགས་མཁས་བཙུན་བཟང་པོའི་ཡོན་ཏན་ཅན་ཤིན་ཏུ་མང་ངོ༌། །