འཁྲུལ་ཞིག་སྐུ་ཕྲེང་གཉིས་པ་ཕྲིན་ལས་མཆོག་གྲུབ་ཀྱི་རྣམ་ཐར།

༈ ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱི་སློབ་མ་འཁྲུལ་ཞིག་སྐུ་ཕྲེང་གཉིས་པ་ཕྲིན་ལས་མཆོག་གྲུབ་ནི། མདོ་སྟོད་རྫ་རྒྱུད་སྨད། གྱིང་ཐང་སྡེ་པའི་དཔོན་རིགས་སུ། རབ་བྱུང་བཅུ་གཅིག་པའི་ནང་ཙམ་ལ་སྐུ་འཁྲུངས། ཆུང་ངུ་ནས་རིག་རྩལ་རྒྱས་ཤིང་མཛད་སྤྱོད་ཡ་མཚན་ཆེ། དགུང་ལོ་བདུན་ཙམ་ལ་ཀར་འབྲུག་རྣམས་ཀྱིས་འཁྲུལ་ཞིག་པའི་སྤྲུལ་སྐུར་ངོས་འཛིན་ཞལ་མཐུན་གནང་བར། གྲྭ་པ་ཁ་ཤས་དེར་སོང་ནས་སྡེ་པ་ཚང་གི་སྲས་དེ་ལུང་མཐུན་གྱི་སྤྲུལ་སྐུ་ཡིན་པར་ཞུས་པས། བུ་ཆེ་བ་ཡིན་པ་དང་ས་ཐག་རིང་བར་བསྙད་དེ་གཏོང་དུ་མ་འདོད། སྐབས་དེར་ཁྱེའུ་དེས་ལྐོག་ཏུ་ད་ལྟ་ཁྱེད་རྣམས་ཡར་སོང༌། སང་ཕོད་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔའི་དགོང་མོར་ཤོག་དང་ང་རང་འགྲོའོ་གསུངས། གསུངས་པ་ལྟར་ཕྱི་ལོའི་ཟླ་ཚེས་དང་བསྟུན་ཏེ་བསུར་སོང་བས། རྩེ་གྲོགས་བྱིས་པ་ཞིག་དང་བཅས་སྒར་དུ་ཕེབས། ཕྱི་ཉིན་ཡབ་གཞིས་ནས་ར་མདའ་བྱུང་ཡང་ཁ་བ་ཆེན་པོ་བབས་པས་བགྲོད་མ་ནུས་པར་སླར་ལོག །གདན་སར་ཕེབས་འཕྲལ་གོང་མའི་ཁྲི་ལ་མངའ་གསོལ་ཞིང༌། མཚན་འཁྲུལ་ཞིག་པ་ཕྲིན་ལས་མཆོག་གྲུབ་ཅེས་གསོལ། སྤྲུལ་སྐུ་སླར་འཕྲོག་པར་དོགས་ཏེ་མངར་ལྗང་ནང་ཞེས་པའི་ས་ཆ་ཞིག་ཏུ་སྦས་ནས་བཞུགས་པས། ས་དེར་མངར་ལྗང་བླ་མ་ཕུག་ཅེས་གྲགས། དེར་བྲག་ལ་ཕྱག་ཞབས་ཀྱི་རྗེས་སོགས་གྲུབ་པའི་རྟགས་མཚན་རྣམས་གསལ། རིག་གནས་དང་སྡེ་སྣོད་གསུམ་ལ་སྦྱངས་པ་མཐར་ཕྱིན་ནས་མཁས་པའི་རྩེར་སོན། ཡི་དམ་མང་པོའི་བསྙེན་སྒྲུབ་མཛད། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་བསྙེན་པའི་སྐབས་སེང་གདོང་མའི་ཞལ་གཟིགས། བསྟན་སྲུང་ཇག་པ་མེ་ལེན་ཕྱི་བཞིན་འབྲངས་ཤིང་དངོས་སུ་ཕྲིན་ལས་བསྒྲུབས་པ་མང་བས་དགོན་འདིའི་ཐུན་མིན་གྱི་བཀའ་སྲུང་དུ་གྱུར་པར་གྲགས། དེ་ནས་དབུས་ཕྱོགས་སུ་ཕེབས། བདེ་ཆེན་ཆོས་འཁོར་དུ་ལོ་མང་ཙམ་བཞུགས་ནས་ཡོངས་འཛིན་རིན་པོ་ཆེ་ཀུན་དགའ་ལྷུན་གྲུབ་དང༌། ཆོས་ཀྱི་མགོན་པོ་སོགས་བླ་མར་བསྟེན་ནས་དཔལ་འབྲུག་པའི་ཟབ་ཆོས་གཙོ་བོར་གྱུར་པའི་གསར་རྙིང་རྒྱུད་སྡེའི་དབང་དང་གདམས་པས་ཐུགས་རྒྱུད་ཡོངས་སུ་གཏམས། སྐབས་དེར་ས་སྐྱའི་གདན་ས་གཙང་རྟ་ནག་སོགས་ཆོས་སྡེ་རྣམས་ལ་གྲྭ་སྐོར་ཡང་མཛད་པས། རྟ་ནག་མཁན་པོ་འཇམ་དབྱངས་བརྟན་པའི་རྡོ་རྗེ་ཞེས་བརྟན་མཁས་ཡོན་ཏན་རྒྱ་མཚོའི་མངའ་བདག་ཏུ་བཞུགས་པ་དེ་ཉིད་དད་དེ་ཕྱག་ཕྱིར་འབྲངས་པས། ཐུགས་སྲས་འཁྲུལ་ཞིག་ས་སྤྲུལ་ཞེས་པ་བྱུང༌། ༼འདིའི་སྤྲུལ་བརྒྱུད་འོག་ཏུ་གསལ་༽ གོང་ས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དྲུང་དུ་ཕེབས་སྐབས་གོང་ས་མཆོག་ཀྱང་རྗེ་འདིའི་ཡོན་ཏན་ལ་ཐུགས་དགྱེས་ནས། འབོལ་གདན་སུམ་བརྩེགས་ཀྱིས་བཀུར་བཟོས་དང༌། འཁྲུལ་ཞིག་པཎྚི་ཏ་ཞེས་པའི་མཚན་བསྟོད་བསྩལ། བཀའ་ཤོག་དང་ལས་ཐམ་བཅས་ཀྱི་འཇའ་ས་གནང༌། རྒྱ་སིལ་སོགས་དངོས་སྐྱེས་མང་དུ་བསྩལ། གཞུང་སའི་བཀའ་ལྟར་རྒྱལ་བའི་བཀའ་འགྱུར་ཞུ་དག་སོགས་མཛད། དེ་ནས་བཟུང་འཁྲུལ་ཞིག་པཎྚི་ཏ་ཞེས་མཁས་བཙུན་བཟང་པོའི་གྲགས་སྙན་ཕྱོགས་མཐར་ཁྱབ། ཡོངས་འཛིན་རིན་པོ་ཆེའི་བཀའ་བཞིན་སླར་གདན་ས་འཁྲུལ་ཞིག་དགོན་དུ་ཕེབས། དེར་སློབ་ཚོགས་མང་དུ་འདུས་ཤིང༌། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྟན་པ་སྤེལ་བའི་མཛད་ཕྲིན་རླབས་ཆེན་བསྐྱངས་པའི་མཐར། དགུང་གྲངས་ལྔ་བཅུའི་སྟོད་ཙམ་ལ་སྐུ་ཞི་བར་གཤེགས། གདུང་རྟེན་དང་འདྲ་ཞལ་ཡང་གདན་ས་དེ་ཉིད་དུ་བཞེངས་སོ། །ཐོག་མར་རྩེ་གྲོགས་མཉམ་དུ་ཕེབས་པའི་ཁྱེའུ་རིན་ཆེན་གྲགས་ཞེས་པ་དེ་ཉིད་འཁྲུལ་ཞིག་རིན་པོ་ཆེ་ལ་སེང་གདོང་མས། ཁྱེད་ཀྱི་ཉེ་གནས་འདི་བ་རི་ལོ་ཙཱ་བའི་སྤྲུལ་པ་ཡིན། བསྟན་པར་ཕན་ཐོགས་འབྱུང་བར་ལུང་བསྟན་པ་ལྟར། མཁས་བཙུན་བཟང་གསུམ་འཛོམས་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་བྱུང་སྟེ། དེ་ནས་རིམ་བཞིན་སྐུ་ཕྲེང་གཉིས་པ་ཕྲིན་ལས་རིན་ཆེན། གསུམ་པ་ཕྲིན་ལས་བསྟན་འཛིན། བཞི་པ་མི་ཕམ་ཕྲིན་ལས་རྒྱ་མཚོ། ལྔ་པ་ངག་དབང་ཕྲིན་ལས་རྒྱ་མཚོ། དྲུག་པ་དཔལ་ལྡན་འཇིགས་མེད་ཕྲིན་ལས་རྒྱ་མཚོ། བདུན་པ་ཐུབ་བསྟན་ཆོས་ཀྱི་ཉི་མ། བརྒྱད་པ་ཀུན་དགའ་ཉི་མ་སོགས་བྱོན་ནས་འཁྲུལ་ཞིག་སྐྱབས་གནས་ཞེས་སྤྲུལ་བརྒྱུད་ད་ལྟའི་བར་དུ་བཞུགས་སོ། །