ཟངས་དཀར་ཨ་ཏིང་གྲུབ་ཆེན་ངག་དབང་ཚེ་རིང་གི་རྣམ་ཐར།

༈ ཟངས་དཀར་ཨ་ཏིང་གྲུབ་ཆེན་ངག་དབང་ཚེ་རིང་ནི། ཟངས་དཀར་ཨ་ཏིང་ཞེས་པའི་ཡུལ་དུ། ཡབ་ངག་དབང་དཔལ་བཟང་དང༌། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཅིག་པའི་མེ་བྱ་༼༡༦༥༧༽ལོར་འཁྲུངས། ༼འདི་རང་རིག་རས་པའི་དངོས་སློབ་ཡིན་པར་བཤད་པས། རབ་བྱུང་བཅུ་གཉིས་པའི་མེ་བྱ་ཟེར་བ་ནི་ནོར་རོ།༽ མངལ་དུ་ཡོད་སྐབས་ནས་གྲུབ་ཆེན་དཔག་བསམ་ཡེ་ཤེས་ཀྱིས་སེམས་ཅན་ལ་ཕན་ཐོགས་ཡོང་བར་ལུང་བསྟན། ཡུམ་གྱིས་མཚན་ངག་དབང་ཚེ་རིང་དུ་བཏགས། ཆུང་ངུ་ནས་བྱ་བྱེད་ཐམས་ཅད་ཆོས་ཀྱི་ལད་མོ་བྱེད་པ་ཞིག་བྱུང༌། བརྒྱད་པར་ཡུམ་གྲོངས་ནས་མ་ཡར་མོ་ཞིག་ཡོད་པ་དེས་རྒྱུན་དུ་ཧ་ཅང་སྡང་པོ་བྱས་པས། དམ་པའི་ཆོས་དྲན་པའི་སྐུལ་མར་སོང༌། བཅུ་ལ་ཀློག་བྱང་བར་མཁྱེན་ཏེ། བརྒྱད་སྟོང་རྟག་ངུའི་རྣམ་ཐར་མཇལ་སྐབས་དད་པས་མཆི་མ་ཤོར་བ་ཙམ་གྱི་གོ་བ་བཟང་པོ་སྐྱེས། སྒྲུབ་ཆེན་དཔག་བསམ་དགེ་འདུན་ལ་གཙུག་ཕུད་ཕུལ་ནས་མཚན་ངག་དབང་ཆོས་རྒྱལ་དུ་གནང༌། བཅུ་གསུམ་ལ་ཡབ་ཀྱིས་ཁྲིད་ནས་འབར་གདན་དགོན་པར་ཚོགས་སྒྲིགས་སུ་ཞུགས། ཆོ་ག་ཆོས་སྤྱོད་གདངས་དབྱངས་ཕྱག་རྒྱ་གར་འཆམ་སོགས་སློབ་གཉེར་མཐར་ཕྱིན་མཛད། བཅུ་དགུར་ལ་དྭགས་ཧེ་མི་དགོན་དུ་ཕེབས་ནས་བླ་མ་གཟིམས་དཔོན་གྱི་ཞལ་སྔ་ནས། དགེ་ཚུལ་སློང་གི་སྡོམ་པ་དང༌། བཀའ་འགྱུར། བླ་མ་མཆོད་པ། ཚེ་དཔག་ལྷ་མང༌། མགོན་མང༌། གཤིན་རྗེ་ཚེ་བདག་སོགས་ལྗགས་ལུང་མང་པོ་ཞུས། སླར་ཟངས་དཀར་དུ་ཕེབས་རྗེས་བྲག་དཀར་དུ་ཨ་པ་དཔལ་ལྡེའི་མཆོད་གནས་སུ་ལོ་གསུམ་ཙམ་བཞུགས། ཆོས་ཁྲིད་ཆེར་མ་ཐོབ་ཀྱང་རྗེ་མི་ལའི་རྣམ་ཐར་སོགས་མཇལ་བས་ཆོས་ནས་བཤད་པའི་ངེས་འབྱུང་སྐྱོ་ཤས་ཐུགས་འཁུལ་ངེས་སུ་རྒྱུན་པར་འཁྲུངས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཕྱག་འབུམ་གཅིག །ཕ་མའི་དོན་དུ་འབུམ་གཅིག །རང་གི་སྡིག་སྦྱོང་ཆེད་དུ་འབུམ་གཅིག་བཅས་བཙལ། སྐུ་རིམ་ལ་འབད་པས་ཧོར་དམག་ལས་རྒྱལ་བ་སོགས་ཕན་པོ་བྱུང༌། དེ་ནས་དཔལ་བདུན་གྱི་མཆོད་གནས་སུ་ལོ་གསུམ་བཞི་ཙམ་བཞུགས། སྐབས་དེར་གྲུབ་ཐོབ་རང་རིག་རས་ཆེན་འབར་གདན་དུ་ཕེབས་པ་དང་ཐོག་མར་ཞལ་མཇལ་ཏེ། སེམས་ལ་བཅོས་མིན་གྱི་དད་པའི་བ་སྤུ་ལྡང་ཞིང༌། འདི་ནི་སློབ་དཔོན་པདྨའམ་མི་ལ་རས་ཆེན་དངོས་ཡིན་སྙམ་པའི་དགའ་སྤྲོ་བྱུང༌། ལམ་ཟབ་བླ་མའི་རྣལ་འབྱོར། ཤེར་སྙིང་འགྲེལ་བཤད། གཏོར་མའི་དེ་ཉིད་རྒྱས་པ། བཀའ་བརྒྱུད་གོང་མའི་གསུང་འབུམ་མང་པོའི་ལུང་དང་ཕྱག་ཆེན་གྱི་ཁྲིད་རིམ་སོགས་ཚོགས་ཆོས་སུ་གསན་ཞིང༌། ལྐོག་ཏུ་སེམས་རྒྱུགས་ཡང་ཡང་ཕུལ་བས། ཐོག་མར་གནས་ལུགས་ཀྱི་དོན་བརྡ་འཕྲོད་ཅིང་ཧ་གོ་བ་བྱུང༌། བར་དུ་གེགས་དང་གོལ་ས་སྐྱོན་ཡོན་རྣམས་རིག་ནས་བོགས་འདོན་ཤེས་པ་བྱུང༌། མཐའ་མར་ལྟ་སྒོམ་སྤྱོད་འབྲས་བློ་ལ་ཤར་བ་བྱུང་སྟེ། བླ་མའི་ཞལ་ནས། ད་རེས་མི་ཉིས་བརྒྱའི་ནང་ནས་མི་ཕྱེད་དང་གཉིས་ལས་མ་བྱུང༌། ང་དང་སྤྲུལ་སྐུ་ཕྱག་རྡོར་ནོར་བུ་མཇལ་བ་ལྟ་བུ་བྱུང་གསུངས་ནས་ཐུགས་ཤིན་ཏུ་མཉེས། ད་མཆོད་གནས་པ་རང་སེམས་ལ་བརྟན་པ་མ་ཐོབ་བར་དུ་མཐུན་རྐྱེན་གང་འཛོམ་དུ་སྒྲུབ་པ་ལ་འབུངས། དེ་ནས་གཞན་ཕན་ལོ་འདབ་ཀྱི་འབྲས་བུ་དུས་སུ་སྨིན་ནས་ཡོང་ངོ་གསུང༌། སྒྲུབ་ཆེན་དཔག་བསམ་དར་རྒྱས་ལས། ཕྱག་ཆེན་དང༌། ཁྱད་པར་ཆོས་དྲུག་གི་ཁྲིད་གསན་ནས། དགུན་དང་པོ་ཤིན་ཏུ་གྲང་བའི་སྒང་ལ་ལུས་གཅེར་བུར་ཕྱུང་ནས་རས་ཕུད་ཕུལ་བས། དྲོད་རྟགས་སྐྱེས་པའི་དཔེར་ཐོན། གསང་སྤྱོད་རོ་སྙོམས་ཞུས་ཏེ་འབར་གདན་གྱི་དུར་ཁྲོད་དུ་ཞག་བདུན་གསུམ་ཙམ་ལ་བསྒོམས་པས་འདྲེར་འཛིན་གྱི་སྣང་བ་སེམས་སུ་ངོ་འཕྲོད། ཉེར་དྲུག་པ་ཆུ་ཁྱི་ལོར་མོན་གྱིས་དགོན་པ་གཏོར་བས། དགོན་པ་ནས་དགོངས་པ་རང་ཁྲོལ་བྱུང་ནས་བྱ་བཏང་ལ་བྱོན་ཆོག་པ་བྱུང༌། སྐྱིད་ཕུག་ཉི་མ་རྫོང་དང་ཧ་ལོད་སོགས་གནས་ངེས་མེད་དུ་རྡེའུ་བཅུད་ལེན་ལ་བརྟེན་ནས་ཡུན་རིང་ཙམ་བཞུགས། དེ་ནས་གྲོགས་འཕགས་པ་བཅས་ཨ་ཙ་རའི་ཆས་ལྟ་བུར་ལུས་གཅེར་བུ་ལ་ཐལ་ཆེན་བྱུགས། སློང་སྣོད་ཀུ་བ་ཞིག་བསྣམས་ནས་པ་དར། སྤང་དགེ། གར་ཞའི་གནས་སོགས་ངེས་མེད་ཀྱི་རྒྱལ་ཁམས་བསྐོར་དུ་བྱོན། ལམ་དུ་བུད་མེད་ཤི་འདྲེར་གྱུར་པ་ཞིག་གི་གནོད་པས་གྲོང་སྟོང་ལ་ཁད་དུ་སོང་བ་ལ། བུད་མེད་དེ་དམ་ལ་བཏགས་ནས་མི་ཀུན་དད་པ་ཐོབ་ཅིང་ཐུགས་དམ་ཡང་འཕེལ། བཙོན་པ་དང་ཉེན་ཅན་སྣ་དང་ལག་པ་གཅོད་པ་སོགས་ཀྱི་ཚབ་ཏུ་རང་ཉིད་བློས་བཏང་མཛད་ནས་དེ་དག་ལ་ཕན་བཏགས་པའི་སྙིང་རྗེ་ཆེན་པོ་མངའ། ཛ་ལན་དྷ་ར་སོགས་གནས་ཡུལ་མང་པོར་གསང་སྤྱོད་མཛད། དེ་ནས་གར་ཞ་ནས་རྫོང་ཁུལ་ནཱ་རོའི་སྒྲུབ་ཕུག་ཏུ་ཕེབས་ནས་བཞུགས་པའི་མཐར། ཟངས་དཀར་ཡོངས་ལ་བསོད་སྙོམས་མཛད་དེ། ཞེ་བརྒྱད་པ་༼སོ་དྲུག་འཁོད་པ་མ་དག་སྙམ་སྟེ། འཁྲུངས་ལོ་མེ་བྱ་ལ་ཤིང་སྤྲེལ་ལོར་སོ་དྲུག་མི་འགྲིགས་པས་སོ།༽ཉི་སྒྲོལ་ཞེས་ཤིང་སྤྲེལ་༼༡༧༠༤༽ལོར་སྔར་གྱི་སྒྲུབ་ཕུག་ཆུང་ཆུང་དེ་རྒྱ་ཆེ་རུ་བཏང་ནས་གཙུག་ལག་ཁང་དང༌། སྐུ་གསུང་ཐུགས་རྟེན་དང་པར་ཤིང་སོགས་བཞེངས་ནས་རྟེན་དང་བརྟེན་པ་བཅས་རིམ་བཞིན་ལེགས་པར་གྲུབ། བླ་མ་དང་འཕགས་པའི་ལུང་ལ་བརྟེན་ནས་རིགས་ཀྱི་ཕྲིན་ལས་བསྐྲུན་ཅིང༌། སྐལ་ལྡན་གྱི་བུ་སློབ་རྣམས་ལ་དོན་བརྒྱུད་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་ཟབ་ཁྲིད་དབང་ལུང་རྣམས་རྒྱ་ཆེར་སྤེལ་བར་མཛད། དེ་ལྟར་ཟངས་དཀར་དང་གར་ཞའི་ཕྱོགས་སུ་སྒྲུབ་པ་དང་བསྟན་འགྲོའི་དོན་ཆེན་པོ་བྱུང་བས། ཟངས་དཀར་སྐྱབས་མགོན་ཞེས་ཀྱང་བྲི་སྲོལ་སྣང༌། དེ་ནས་དོན་དྲུག་པ་ཤིང་སྟག་༼༡༧༣༤༽ ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་ཞི་བར་གཤེགས་སོ། །རྣམ་ཐར་དང་མགུར་འབུམ་སྐོར་པོད་གཉིས་ཙམ་ད་ལྟར་བཞུགས། སློབ་མ་ནི་གདུང་སྲས་ཀུན་བཟང་རྡོ་རྗེ། མ་ཎི་བ་འཛམ་གླིང་ཆོས་གྲགས། ཀརྨ་ལྷུན་གྲུབ། འབར་གདན་སློབ་དཔོན་སེང་རྡོར་སོགས་མང་དུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་ནི་བླ་མ་རང་གི་སྲས་བཞད་པ་རྡོ་རྗེ་ཡིན་ནོ། །